གསུམ་པ། འཁོར་བ་སྡུག་བསྔལ་གྱི་ལེའུ།གསུམ་པ་འཁོར་བ་སྡུག་བསྔལ་གྱི་ལེའུ་ལ་བཞི་ལས། སྡུག་བསྔལ་གྱི་རང་བཞིན་སྤྱིར་བཤད་པ། བྱེ་བྲག་རྒྱས་པར་བཤད་པ། འཁོར་བའི་སྡུག་བསྔལ་བསམ་པའི་འཐད་པ། སྐབས་ཀྱི་དགེ་བ་བསྔོ་བའོ། །སྤྱི་དོན་དང་པོ་སྡུག་བསྔལ་གྱི་རང་བཞིན་སྤྱིར་བཤད་པ་ལ་བརྒྱད་ལས། དང་པོ་སྡུག་བསྔལ་མདོར་བསྟན་པ་ནི། དེ་ལྟར་ཚེ་མི་རྟག་པ་ཉིད་དུ་རྟོགས་པའི་རྗེས་ལ། འཁོར་བའི་རང་བཞིན་སྡུག་བསྔལ་བ་ཉིད་དུ་བསྟན་པའི་ཕྱིར་གོང་དུ་སྨོས་པའི་ཚུལ་ཇི་སྐད་བཤད་མ་ཐག་པ། དེ་ལྟར་མི་རྟག་ཁམས་གསུམ་འཁོར་བའི་ཆོས། །རྣམ་པར་འགྱུར་བས་ཤིན་ཏུ་སྡུག་བསྔལ་ཏེ། །སྡུག་བསྔལ་འགྱུར་དང་འདུ་བྱེད་ཉིད་གསུམ་གྱིས། །གྲོང་ཁྱེར་དྲུག་གི་འགྲོ་ཀུན་ཉམ་རེ་ཐག །ཅེས་སྨོས་ཏེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། སྲིད་པ་འདི་ནི་འགྱུར་བ། སྲིད་པ་འདི་ནི་མི་རྟག་པ། སྲིད་པ་འདི་ནི་སྡུག་བསྔལ་བའོ་ཞེས་གསུངས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་རྣམ་པ་འདི་གསུམ་གྱིས་འགྲོ་བ་དྲུག་པོ་འདི་དག་རྩེན་ཞིང་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་(༤༢)ཡིན་ནོ། ། གཉིས་པ་སྡུག་བསྔལ་བའི་དཔེ་བཤད་པ་ནི། འདི་དག་གིས་ཉོན་མོངས་པར་བྱེད་པའི་དཔེ་བཤད་པ། ཇི་ལྟར་མེ་ནང་གཅན་གཟན་མི་རྒོད་ཁྲོད། །རྒྱལ་པོའི་བཙོན་རར་ཆུད་པའི་འགྲོ་བ་ལྟར། །སྡུག་བསྔལ་སྔ་ཕྱི་རྒྱུད་མས་མནར་བཞིན་དུ། །ད་དུང་ཐར་པའི་སྐབས་མེད་སྐྱོ་བ་འཕེལ། །འདི་ལྟར་སེམས་ཅན་པའི་ཚོགས་དག་སྡུག་བསྔལ་སྔ་མ་མ་སངས་བཞིན་དུ་ཕྱི་མས་ནོན་བར་གྱུར་ཅིང་། བཟོད་གླགས་མེད་པ་ནི་ཚད་མེད་མཐའ་ཡས་པ་ཞིག་སྟེ། རིན་ཆེན་ཕྲེང་བ་ལས། ཕྱོགས་རྣམས་ཀུན་དུ་ནམ་མཁའ་དང་། །ས་དང་ཆུ་དང་མེ་དང་རླུང་། །ཇི་ལྟར་མཐའ་ཡས་དེ་བཞིན་དུ། །སེམས་ཅན་སྡུག་བསྔལ་མཐའ་ཡས་འདོད། །ཅེས་པ་དང་། སྡུག་བསྔལ་བ་ལ་དུས་ཐུང་ཡང་། །བཟོད་དཀའ་ཡུན་རིང་སྨོས་ཅི་དགོས། །ཞེས་པ་དང་། ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པས་མེའི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བས་གཅན་གཟན་ཁྲོ་བོ་དང་། མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་བའི་གོ་སྐབས་དཀའ་བས་རྒྱལ་པོའི་ཁྲི་མོན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བས་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པས་དུག་ཧ་ལ་ཧ་ལ་ལྟ་བུའོ་ཞེས་གསུངས་སོ། ། གསུམ་པ་འདོད་པས་བསླུས་པའི་དཔེ་བསྟན་པ་ནི། འདི་ལྟར་སེམས་ཅན་པ་ཐམས་ཅད། བདེ་ཐོབ་སྡུག་བསྔལ་བྲལ་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ལ་མངོན་པར་རྒྱུག །མར་མེའི་འོད་ལ་ཕྱེ་མ་ལེབ་བཞིན་དུ། །འདོད་པའི་ཡུལ་ལ་ཆགས་སྲེད་འཛིན་པས་བསླུས། །དེ་བཞིན་རི་དྭགས་བུང་བ་ཉ་དང་གླང་། །སྒྲ་དང་དྲི་རོ་རེག་གིས་བསླུ་བ་ལྟར། །འདོད་པའི་ཡུལ་ལྔ་དག་གིས་འགྲོ་བ་བསླུས། །ནམ་ཡང་བདེ་མེད་སྡུག་བསྔལ་གྱུར་ལ་ལྟོས། །དེ་ཡང་བླང་དོར་ལ་རྨོངས་པའི་དབང་གིས་འབྲས་བུ་ལ་བཙན་ཐབས་སུ་འཇུག་པར་འདོད་དེ། རྒྱུ་ལ་བླང་དོར་མ་བྱས་པས་བྲལ་བའམ་ཐོབ་པར་ག་ལ་ནུས། འདི་ལྟར་བདེ་བ་ཐོབ་པར་འདོད་ཀྱང་དེའི་རྒྱུ་དགེ་བ་ལ་མ་སྤྱད། སྡུག་བསྔལ་འདོར་བར་འདོད་ཀྱང་དེའི་རྒྱུ་མི་དགེ་བ་ནན་གྱིས་ཞུགས་པས། སྡུག་བསྔལ་གྱི་རྒྱུ་ཀུན་ནས་ཉོན་མོངས་པ་དུག་ལྔའམ་གསུམ་ལ་གཙོ་ཆེར་སྤྱད་པས་ཀུན་འབྱུང་གི་མཚན་ཉིད་ལ་རྒྱུག་ཅིང་སྤྱོད་ལ། དེའི་འབྲས་བུ་སྡུག་བསྔལ་གྱི་མཚན་ཉིད་རྣམ་པ་སྣ་ཚོགས་པ་ཅན་མྱོང་ཡང་ད་དུང་བྲེད་མི་ཤེས་པར་དང་དུ་ལེན་པ་ཆད་པས་བཅད་པའི་རྐུན་པོ་ལག་པ་བྲེགས་པ་ཞིག་གིས་ཡང་བརྐུས་ཏེ་མགོ་གཅོད་པའི་ཆད་པ་ལ་ཞུགས་པ་ལྟ་བུའོ། །སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཇི་ལྟར་འཇོམས་ན། འདོད་པའི་ཡུལ་ལྔ་ལ་ཆགས་ཤིང་ཞེན་(༤༣)པའི་དབང་གིས་ཉོན་མོངས་པ་མཐུ་རྒྱས་ཏེ་སྡུག་བསྔལ་དུ་འཇུག་པ་ནི། ཕྱེ་མ་ལེབ་མར་མེའི་འོད་ཀྱི་གཟུགས་འདོད་ནས་ཕྱིན་པས་ཚིག་པ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། བུང་བ་སྦྲང་རྩིའི་འབྱུང་གནས་མེ་ཏོག་ལ་འཇིབས་པས་འབྱར་བའམ། ཁ་ཟུམ་ནས་ཤི་བ་དང་། ཉ་ཉ་པ་རྣམས་ཀྱིས་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོས་བསླུས་ཏེ་བསད་པ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་པས་ཤི་བ་ལྟ་བུ་སྟེ། དོ་ཧ་མཛོད་ཀྱི་གླུ་ལས། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །ཞེས་པ་དང་། ཀྱེ་ཧོ་རྨོངས་རྣམས་མདའ་སྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདིར་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །ཞེས་སོ། །ཡུལ་ལྔ་པོ་ལས་ཉོན་མོངས་པ་སྐྱེ་ཞིང་དེའི་དབང་གིས་འཁོར་བ་མཐའ་མེད་པར་འཁྱམས་པ་འདི་ནི་དུག་ལས་ཀྱང་འཇིགས་པར་གསུངས་ཏེ། སློབ་སྤྲིང་ལས། ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པས་མི་བཟད་ལྡན། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་ཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །ཡུལ་དང་དུག་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན། །ཉེས་ན་དུག་སླ་མི་བཟད་རང་བཞིན་ཡུལ་རྣམས་མིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟད། །ཡུལ་ནི་ཚེ་རབས་གཞན་དུའང་དུག་ཏུ་འགྱུར་བར་བྱེད། །དུག་ནི་དུག་དང་བསྲེས་ན་རབ་ཏུ་ཞི་བར་འགྱུར། །གསང་སྔགས་མཆོག་དང་དུག་སེལ་སྨན་གྱིས་གསོ་བར་རུང་། །དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་འགྱུར་གྱིས། །དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟར་མ་ཡིན་ནོ། །ཞེས་སོ། ། བཞི་པ་རིགས་དྲུག་ཏུ་བརྒྱུད་མར་མནར་ཚུལ་ནི། སྲིད་པ་འདི་དག་ཕན་ཚུན་འཁོར་ཞིང་སྡུག་བསྔལ་བ། ལྷ་དང་ལྷ་མིན་དམྱལ་བ་ཡི་དྭགས་མི། །བྱོལ་སོང་རིགས་དྲུག་ཟོ་ཆུན་རྒྱུད་མོ་བཞིན། །གཅིག་ནས་གཅིག་བརྒྱུད་སྡུག་བསྔལ་ཕ་མཐའ་ཡས། །ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། ལམ་གསུམ་ཐོག་མཐའ་དབུས་མེད་པར། །འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །ཞེས་སོ། ། ལྔ་པ་དགྲ་ཟུན་མ་ངེས་པའི་ཚུལ་ནི། དེ་ལྟར་འཁོར་བ་ན་འཁོར་དུས་ཀྱི། ཚེ་རབས་བགྲངས་ཚེ་སེམས་ཅན་རེ་རེས་ཀྱང་། །མཛའ་བཤེས་དགྲ་དང་བར་མའི་ཁུར་ཁྱེར་ནས། །བདེ་སྡུག་ཕན་གནོད་སྦྱིན་པ་གྲངས་མཐའ་ཡས། །ཕ་ཉིད་མར་གྱུར་མ་ཉིད་སྲིང་མོ་ཉིད། །དེ་ཉིད་བུར་གྱུར་ངེས་པ་མ་མཆིས་ཤིང་། །མཛའ་བོ་དགྲར་གྱུར་པ་ཡང་ཐུག་པ་མེད། །འདི་ལྟར་ཐོག་མ་མེད་པའི་ཚེ་རབས་སུ་སེམས་ཅན་གང་ཡང་རུང་བ་གཅིག་གིས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཕ་ལ་སོགས་པ་བྱས་ཤིང་། དེ་དག་གིས་ཀྱང་དེའི་ཕ་དང་མ་དང་མཛའ་བཤེས་བྱས་པའི་གྲངས་གཞལ་བར་(༤༤)མི་ནུས་ཏེ། བཤེས་སྤྲིང་ལས། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །དེ་ཡི་ཉེས་པའི་ཤས་ཀྱང་མཁྱེན་པར་མཛོད། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་ཡང་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆིས་པས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་སོ། ། དྲུག་པ་སྐྱེ་བ་གྲངས་མེད་པར་སྡུག་བསྔལ་བའི་ཚུལ་ནི། གཞན་ཡང་། འདི་ལྟར་འཇིག་རྟེན་སྔ་ཕྱིའི་ལས་བསམས་ན། །སྐྱོ་བ་བས་ཀྱང་ཤིན་ཏུ་སྐྱོ་བ་འཕེལ། །རང་ཉིད་གྲོག་སྦུར་གྱུར་པའི་ལུས་རྣམས་ཀུན། །གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱར་ཡོད་ན། །ལྷུན་པོ་རིན་ཆེན་བཞི་བས་ཆེས་མཐོ་ཞིང་། །ངུས་པའི་མཆི་མ་རྒྱ་མཚོ་བཞི་བས་ལྷག །སེམས་དམྱལ་ཡི་དྭགས་གྱུར་ཚེ་འཐུངས་གྱུར་པའི། །ཟངས་ཞུན་རྣག་ཁྲག་མི་གཙང་ཁུ་བ་རྣམས། །ཕྱོགས་མཐའ་གཏུགས་པའི་ཆུ་ཀླུང་ཆར་མི་ཕོད། །དེ་བཞིན་གཞན་རྣམས་དཔག་ཡས་ནམ་མཁའ་འདྲ། །འདོད་ཕྱིར་མགོ་དང་ཡན་ལག་བཅད་པའི་གྲངས། །འཇིག་རྟེན་རྡུལ་ཕྲན་སྙེད་ཀྱིས་ཆར་མི་ཕོད། །ཇི་སྐད་དུ། དྲན་པ་ཉེར་གཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག །དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ན་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་ཀྱང་ཆེས་མཐོ་ཞིང་། ངུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་ལས་ལྷག་གོ། །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་མེད་དཔག་ཏུ་མེད་པ་ཞིག་འཐུངས་པའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པ་དག་གི་ཕྱིར་མགོ་དང་། མིག་དང་། ཡན་ལག་དང་། ཉིང་ལག་བཅད་པའང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན། ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་གྱུར་ཏོ། །ཞེས་པ་དང་། བཤེས་སྤྲིང་དུ། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲངས་པའི་འཁོར་བ་པས། །དེ་བས་ཆེས་མང་སྙེད་ཅིག་བཏུང་འཚལ་ལོ། །རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལྡང་མི་འགྱུར། །ཞེས་སོ། ། བདུན་པ་ཚངས་སོགས་བདེ་འབྲས་ཐོབ་ཀྱང་མཐར་སྡུག་བསྔལ་བའི་ཚུལ་ནི། གཞན་ཡང་འཁོར་བ་ན་སྤྱོད་པ་དེའི་ཚེ། བྱོལ་སོང་གྲུལ་བུམ་གནོད་སྦྱིན་ལྟོ་འཕྱེ་སོགས། །འགྲོ་བའི་ཁམས་གྱུར་བདེ་སྡུག་གྲངས་མེད་མྱོང་། །ཚངས་དང་བརྒྱ་བྱིན་བསམ་གཏན་གཟུགས་(༤༥)མེད་དང་། །ས་གཞི་རིན་ཆེན་བདུན་གྱིས་ལེགས་སྐྱོང་བའི། །མི་དབང་དཔལ་སྡེ་ཕུན་ཚོགས་དེ་ཐོབ་ཀྱང་། །ངན་འགྲོར་ལྟུང་བས་ཆེས་ཆེར་སྡུག་བསྔལ་ལོ། །ཡང་འདི་ལྟར་འཁོར་བ་ན་བརྒྱུད་པ་དེའི་ཚེ་ས་དང་། ཆུ་དང་། རི་དང་། གླིང་དང་། ནམ་མཁའི་ཁམས་ཀྱི་ཡུལ་ཐམས་ཅད་དུའང་མ་ཕྱིན་པ་མེད་ཅིང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། ཚངས་པ་དང་བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བ་ཡང་ལན་གྲངས་མེད་པ་བྱས་ཏེ། དེ་དག་གི་བདེ་བ་དང་སྡུག་བསྔལ་ཡང་མ་མྱོང་བ་མེད་ལ། སླར་ཡང་ངན་སོང་དུ་འཁོར་ཞིང་སྡུག་བསྔལ་བ་འདི་ནི་ཤིན་ཏུ་སྐྱོ་བའི་གནས་ཏེ། སློབ་སྤྲིང་དུ། འགྲོ་བར་ལན་བརྒྱར་མ་སོང་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །གང་གི་གླིང་བར་མ་གནས་ཆུ་བོ་དེ་ཡོད་མིན། །ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོན་ནམ་མཁའི་ཕྱོགས་དེའང་ཡོད་མ་ཡིན། །འོན་ཀྱང་འདོད་ཆགས་དགང་དཀའ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བར་གང་གིས་ཚིམ་གྱུར་འདོད་པ་དེ་དག་མེད། །གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ལ་ཆགས་བྲལ་མེད། །སྐྱེ་བ་ཡོངས་སུ་འཛིན་པའི་འགྲོ་བ་རྒྱ་ཆེན་འདིར། །བདེ་དང་སྡུག་བསྔལ་དག་གིས་ལན་མང་འགྲེ་ལྡོག་པས། །འགྲོ་བར་གཉེན་མ་གྱུར་པའི་སྐྱེ་བོ་དེ་གང་མེད། །ཅེས་སོ། ། བརྒྱད་པ་འགྱུར་བའི་ཆོས་ཉིད་ཀྱིས་སྡུག་བསྔལ་ཚུལ་ནི། དེ་ལྟར་འཁོར་བར་ཁ་བརྒྱུད་པ་ན་སྐྱོ་བར་བྱ་བ་གཞན་ཡང་བསམ་པར་འོས་པ་ནི། ཚེ་འདིར་འབྱོར་པ་མཐའ་ཡས་ཉམས་དགའ་བ། །མཐོན་པོའི་རང་བཞིན་ཅན་རྣམས་ཚེ་འཕོས་ནས། །དབུལ་བས་ཉམ་ཐག་ཡང་བྲན་ཉིད་གྱུར་པ། །རྨི་ལམ་འབྱོར་པ་གཉིད་སད་མེད་པ་བཞིན། །བདེ་སྡུག་མི་རྟག་འགྱུར་བའི་སྡུག་བསྔལ་ནི། །ཤིན་ཏུ་བསམས་ན་ཆེས་ཆེར་སྐྱོ་བ་འཕེལ། །དེ་བས་གྲོང་ཁྱེར་གསུམ་གྱི་སེམས་ཅན་རྣམས། །འཁོར་བའི་བདེ་ལ་ཆགས་མེད་བྱང་ཆུབ་བསྒྲུབས། །ཞེས་འདོམས་པ་སྟེ། འདི་ལྟར་ལྷའི་དབང་པོ་དང་། ཚངས་པ་དང་། གཞན་འཕྲུལ་དབང་བྱེད་དང་། མི་དང་བཅས་པའི་བདེ་བ་ཐོབ་པ་ཡང་། སྔོན་གྱི་ལས་དགེ་བའི་འབྲས་བུ་དེ་ཟད་པ་ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷ་དང་། མི་ཕལ་པ་ནས་འབྲས་བུ་ཆེ་བའི་བར་བསམ་གཏན་གྱི་ལྷ་དང་། གཟུགས་མེད་པའི་ལྷ་ཡང་འཆི་འཕོ་ཞིང་ངན་སོང་ལ་སོགས་པར་སྔོན་གྱི་ལས་ཀྱི་མཐུས་བདེ་སྡུག་དུ་མ་མྱོང་དགོས་ཏེ། མདོ་སྡེ་མངོན་པར་འབྱུང་བ་ལས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སེང་གེའི་སྐྱེས་བུ་འཆི་(༤༦)འཕོ་སྟེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོངས་ཞེས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །དེ་ཀུན་ལས་དགེའི་རྒྱུ་ལས་བྱུང་བས་ན། །དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །དགེ་བ་བསགས་པ་འདིར་ནི་ཟད་གྱུར་ཏེ། །གང་དུ་མི་བདེའི་སྡུག་བསྔལ་མྱོང་གྱུར་ནས། །ངན་སོང་དག་ཏུ་ལྟུང་བར་གྱུར་ཏ་རེ། །ཞེས་སོ། །ཚུལ་འདི་རྒྱ་ཆེར་རོལ་པ་དང་འདུལ་བ་ལུང་ལས་ཀྱང་འབྱུང་ངོ་། །དེའང་རྨི་ལམ་གྱི་ནོར་དང་ཁང་ཁྱིམ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷ་དང་མིའི་དབང་པོ་བྱེད་པ་ཞིག་རྨིས་པ་གཉིད་ལས་སད་པ་ན་མེད་པ་ཇི་ལྟ་བར་འགྱུར་བ་ནི། སྤྱོད་འཇུག་ལས། རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་གྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་པ་ལྟར། ཚེ་རབས་འཕོས་པ་ན་ཡང་འགྱུར་ཏེ། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་ལོན་ནས་སླར། །དམྱལ་བར་འཐག་གཅོད་དབད་པའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟད་བོག་མཉམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་ཚལ་སོན་པ་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་ཐོབ་པར་འགྱུར། །དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡིས། །སྡུག་བསྔལ་རྒྱུན་མི་འཆད་པར་བསྟེན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། །དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་ཏུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །ཞེས་སོ། །དེ་བས་ན་འདོད་པ་དང་། གཟུགས་དང་། གཟུགས་མེད་པའོ། །ཁམས་གསུམ་ནི། སྣང་བ་དང་། ཕྱེད་སྣང་བ་དང་། མི་སྣང་བའི་གྲོང་ཁྱེར་གསུམ་སྟེ། རགས་པ་དང་། དངས་པ་དང་། མི་སྣང་བའི་ཕྱིར་ན། འདི་(༤༧)དག་གི་བདེ་བ་ཅུང་ཟད་ལ་མ་ཆགས་པར་བླ་ན་མེད་པའི་བྱང་ཆུབ་སྒྲུབས་ཤིག་ཅེས་འདོམས་ཏེ། དེའང་དགེ་བ་བསྒྲུབ་པ་ལ་དལ་ཁོམ་མེད་པར་བརྩོན་དགོས་པ་ནི། ཡང་དེ་ཉིད་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་ཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་སོ། ། སྤྱི་དོན་གཉིས་པ་བྱེ་བྲག་རྒྱས་པར་བཤད་པ་ལ། འཁྲུལ་གཞི། འཁྲུལ་ཚུལ། དབྱེ་བ་གསུམ་གྱི། འཁྲུལ་གཞི་ལ་ཡང་གཉིས་ཏེ། དང་པོ་ཁམས་གསུམ་འཁྲུལ་པའི་རྟེན་དུ་བསྟན་པ་ནི། དེའང་སྡུག་བསྔལ་གང་ཅི་ཡོད་པ་དག་གི་རྟེན་གཞི་ནི་ནང་གི་ཁམས་གསུམ་ཡིན་ནོ་ཞེས་བཤད་པ། ལུས་ངག་ཡིད་གསུམ་འདོད་གཟུགས་གཟུགས་མེད་དེ། །སྣང་དང་ཕྱེད་སྣང་མི་སྣང་གྲོང་ཁྱེར་ན། །སྡུག་བསྔལ་འགྱུར་དང་འདུ་བྱེད་གསུམ་གྱིས་གདུངས། །སེམས་དང་ཡིད་དང་རྣམ་ཤེས་མཆེད་པ་ཡིས། །ཡུལ་རྣམས་བདེ་སྡུག་འཁྲུལ་འཁོར་རྒྱུན་མི་འཆད། །དེ་ལ་ལུས་ནི་རགས་པའི་དངོས་པོ་འདུས་པའི་ཕྱིར་སྣང་བའི་གྲོང་ཁྱེར་དང་། ངག་ནི་བྲག་ཅ་ལྟར་མེད་བཞིན་དུ་སྣང་བས་ཕྱེད་སྣང་བའི་གྲོང་ཁྱེར་དང་། ཡིད་ནི་སྒོ་ལྔའི་རྣམ་པར་མེད་པས་ཤིན་ཏུ་དངོས་པོ་མེད་པའི་ཕྱིར་མི་སྣང་བ་གྲོང་ཁྱེར་ཏེ། འདོད་པ་དང་། གཟུགས་དང། གཟུགས་མེད་པ་ཞེས་བཏགས་སོ། །གང་ལས་ན། དགོངས་འདུས་ལས། ལུས་རགས་པ་འདོད་པའི་ཁམས་དང་། ངག་ཕྲ་བ་གཟུགས་ཀྱི་ཁམས་དང་། ཡིད་ཆེས་ཕྲ་བ་གཟུགས་མེད་པའི་ཁམས་ཏེ། གྲོང་ཁྱེར་དེ་གསུམ་ན་ཁྱེའུ་སྣང་བ་དམ་པ་ཞེས་བྱ་བ་གནས་སོ་ཞེས་རང་བྱུང་གི་ཡེ་ཤེས་ལ་བཤད་དོ། །དེ་ལྟར་སྒོ་གསུམ་པོའི་སྟེང་དུ་སྡུག་བསྔལ་གསུམ་གྱིས་གདུང་བ་ཡང་། ཀུན་ནས་རྟོག་པའི་རྐྱེན་གྱིས་ཤར་ཏེ་གཅིག་ནས་གཅིག་ཏུ་འཁྲུལ་ཞིང་མྱོང་བའོ། །ཇི་ལྟར་ཤར་ན་ཚོགས་དྲུག་གི་ཡུལ་ལ་རྣམ་ཤེས་དྲུག་དབང་པོའི་སྒོ་སོ་སོ་ལས་འཐོན་ཏེ། ཡུལ་འཛིན་པས་བདེ་བ་དང་སྡུག་བསྔལ་དང་བར་མ་གསུམ་གང་རུང་ཤེས་པའི་རྒྱུན་ལ་ཞེན་ཏོ། །དེ་ལ་གཟུགས་ལ་སོགས་པའི་རྣམ་པ་སོ་སོར་ཤར་བའི་ཆ་ནི་རྣམ་པར་ཤེས་པའོ། །ཡུལ་དང་པོར་རགས་པ་སྤྱིའི་རྣམ་པར་ལམ་སྟེ་རིག་པ་ནི་སེམས་སོ། །དེའི་ཁྱད་པར་ལ་དཔྱོད་ཅིང་ཆགས་པ་དང་། སྡང་བ་དང་། གཏི་མུག་གསུམ་གང་རུང་དུ་རྒྱུན་མཐུད་པའི་སེམས་བྱུང་ལ་ཡིད་ཅེས་བྱ་བ་སྐབས་འདི་བརྗོད་དེ། བྱང་ཆུབ་སེམས་དཔའི་ས་ལས། དེ་ལ་ཡུལ་སྣང་བ་ནི་རྣམ་པར་ཤེས་པའོ། །དང་པོར་རྟོག་པ་ནི་སེམས་སོ། །ཕྱི་ནས་དེའི་ཁྱད་པར་ལ་དཔྱོད་པ་ནི་སེམས་ལས་བྱུང་བ་སྟེ་ཡིད་དོ། །འདི་གསུམ་ནི་མཚུངས་པར་ལྡན་པ་སྟེ། ཀུན་དུ་འགྲོ་བའི་བདག་ཉིད་དུ་གནས་སོ་ཞེས་སོ། །དེའང་སེམས་ཡོད་པས་ན་སེམས་ལས་བྱུང་བ་ཡང་དེའི་རྗེས་སུ་མཚུངས་ལྡན་ཏེ་གྲོགས་ཀྱི་ཚུལ་དུ་སེམས་ཀྱི་ཀུན་འགྲོར་ཡོད་ལ། སེམས་ལས་བྱུང་བ་ལའང་སེམས་ཀྱིས་ཁྱབ་པར་འབྲེལ་(༤༨)པ་གྲུབ་པས་མཚུངས་པར་ལྡན་ཞིང་གྲོགས་ཅན་གྱི་ཚུལ་དུ་སེམས་བྱུང་གི་ཀུན་འགྲོར་ཡང་གནས་ཏེ། ཡུལ་རིག་པས་འཇལ་བ་ན་དང་པོར་སྤྱིའམ་ངོ་བོ་ལ་དམིགས་པའི་ཆ་ནས་སེམས་ཞེས་པ་དང་། དེ་ནས་ཆ་ཤས་བྱེ་བྲག་འཇལ་བས་སེམས་ལས་བྱུང་བ་ཞེས་ཐ་སྙད་སོ་སོར་བཏགས་ཀྱང་། དོན་ལ་ཡུལ་རིག་ཅིང་དཔྱོད་པ་ཉིད་ཁོ་ན་ལས་གཞན་མེད་དེ། རིན་ཆེན་ཕྲེང་བ་ལས། གང་གི་སེམས་མཐོང་འགྱུར་ཞེ་ན། །ཐ་སྙད་དུ་ནི་བརྗོད་པ་སྟེ། །སེམས་བྱུང་མེད་པར་སེམས་མི་འབྱུང་། །དོན་མེད་ལྷན་ཅིག་མི་འདོད་དོ། །ཞེས་སོ། །དེ་བཞིན་གཤེགས་པའི་ས་དང་། གནས་ལུགས་རྣམ་པར་མི་རྟོག་པའི་ཚེ་ཡུལ་རིག་པས་སྣང་ཡུལ་སོ་སོར་འཇལ་ཡང་སེམས་ཡིད་རྣམ་པར་ཤེས་པ་ཞེས་མི་སྟེ། གཟུང་བ་ཡུལ་ལ་འཛིན་པ་ཤེས་པས་གཉིས་སྣང་དུ་འཛིན་པ་མེད་པའི་ཕྱིར་རོ། །སེམས་ཀྱི་རྡོ་རྗེའི་བསྟོད་པ་ལས། འགྲོ་བས་སེམས་ཡིད་རྣམ་ཤེས་སུ། །གཟུང་འཛིན་གོམས་པས་རྣམ་བརྟགས་པ། །མི་རྟོག་ཡེ་ཤེས་དེ་མེད་ཕྱིར། །དོན་མཐོང་བློ་ནི་ཡེ་ཤེས་མཆོག །ཅེས་པ་དང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་ཡང་བྲལ་ལ་ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་པ་སྟེ། འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ་ཞེས་སོ། །དེའང་གཟུགས་དང་སྒྲ་ལ་སོགས་པའི་རྣམ་པ་ཕྱི་རོལ་ན་ཅི་ཤར་བ་དེ་དང་འདྲ་རུང་བློས་རིག་པས་རྣམ་པར་ཤེས་པ་ཞེས་བྱའོ། །ཡང་ན་ཡུལ་གྱི་རྣམ་པ་དང་འདྲ་བའི་བློས་བསྐྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱའོ། །ཡུལ་ཤེས་དུས་དང་པོར་འདིའོ་ཞེས་རིག་པའི་ཆ་ནས་སེམས་ཞེས་བྱའོ། །དེའི་ཁྱད་པར་ལ་དཔྱོད་པས་རྒྱུན་འབྲེལ་པར་འབྱུང་བའི་ཕྱིར་ཡིད་ཅེས་བྱའོ། །དེའང་ཡུལ་སྣང་ལ་འཇལ་བྱེད་ཀྱི་ཤེས་པ་སྐད་ཅིག་གིས་ཝལ་གྱིས་སྒོ་སོ་སོ་ལ་ཐོན་ནས་དཔྱོད་དུས། བདེ་བར་ཞེན་ན་འདོད་ཆགས་དང་། སྡུག་བསྔལ་དུ་ཞེན་ན་ཞེ་སྡང་དང་། བདེ་སྡུག་གཉིས་ཀ་མ་ཡིན་པར་འདིའོ་ཞེས་ཞེན་ན་གཏི་མུག་སྟེ། དཔེར་ན་སྔོན་འདྲིས་པའི་བཟང་མོ་མཐོང་བ་དང་། བདག་ཕམ་པར་བྱས་པའི་དགྲ་བོ་མཐོང་བ་དང་། རྩིག་པ་དང་། ཆུ་དང་། ལམ་པོ་ཆེ་དང་། ལྗོན་ཤིང་དང་སྐྱེ་བོ་ཕལ་པ་རྣམས་དགའ་གདུང་མེད་པར་མཐོང་དུས་བཞིན་ནོ། །ཇི་སྐད་དུ། འདུལ་བ་ལུང་ལས། སྐྱེ་བོ་མཛའ་བ་མཐོང་ན་ཆགས་པ་དང་། །གནོད་པ་མངོན་པར་བསྒྲུབ་ལ་སྡང་བའི་བློ། །བར་མ་རྣམས་ལ་གཏི་མུག་རྣམ་འཕེལ་བས། ཁྱོད་ཀྱི་དབང་པོའི་སྒོ་རྣམས་བསྡམ་པར་གྱིས། །ཞེས་འབྱུང་བ་བཞིན་ནོ། ། གཉིས་པ་ཚོགས་བརྒྱད་འཁྲུལ་པའི་གཞི་མར་བསྟན་པ་ནི། ད་ནི་དེ་དག་གི་འཆར་གཞི་དང་དབྱེ་བ་རྒྱས་པར་སྟོན་ཏེ། འདི་ལྟར། ཀུན་གཞིའི་རྣམ་ཤེས་ཡིད་དང་སྒོ་ལྔའི་ཤེས། །རིམ་བཞིན་མཆེད་པ་མཆེད་པའི་རིམ་པ་ཡིན། །དེ་ལས་སྲིད་པའི་སྡུག་བསྔལ་རྒྱུ་འབྲས་འབྱུང་། །རྩ་བ་(༤༩)མ་རིག་གཟུང་འཛིན་འཁྲུལ་པ་ཅན། །ཡུལ་དང་དོན་དང་སེམས་སུ་བག་ཆགས་པས། །ང་དང་ང་ཡིར་འཛིན་པས་འཁོར་བ་གྲུབ། །དེ་ལ་ཆ་ཤས་རྣམ་པར་དབྱེ་ན། ཡུལ་སོ་སོ་ལ་འཆར་བའི་ཤེས་པ་དག་གི་རང་དུས་ན། སལ་གྱིས་རྣམ་དབྱེ་མེད་པར་རིག་པ་གང་ཡིན་པའི་སེམས་ལ་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ནས་དེར་འཛིན་པའི་བློ་ཞིབ་ཚགས་དང་ཆེ་ལོང་ལ་སོགས་པས་ཡུལ་གྱི་རྣམ་པར་དཔྱོད་པ་ནི་ཡིད་ཡིན་ཏེ། འཇམ་དཔལ་ཡེ་ཤེས་རྒྱན་གྱི་མདོ་ལས། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །ངར་འཛིན་པ་ནི་ཡིད་ཡིན་ནོ། །ཞེས་སོ། མིག་ལ་བརྟེན་ནས་གཟུགས་མཐོང་བའི་མཐོང་ཆ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པའོ། །དེ་བཞིན་དུ་རྣ་བ་ལ་བརྟེན་ནས་སྒྲ་དང་། སྣ་ལ་བརྟེན་ནས་དྲི་དང་། ལྕེ་ལ་བརྟེན་ནས་རོ་དང་། ལུས་ལ་བརྟེན་ནས་རེག་བྱ་རེག་པའི་ཤེས་པའི་ཆ་ནི་དེ་དག་གི་རྣམ་པར་ཤེས་པ་སྟེ་ལྔའོ། །སྔ་མའི་ཆ་ལས་ཕྱི་མའི་ཤེས་པ་སྐྱེ་བས་སྐྱེ་མཆེད་ཅེས་བྱ་བ་དང་། དེ་དག་གི་ཡུལ་དང་ཤེས་པ་རྐྱེན་རྣམས་ཡོད་པར་དཔག་ཏུ་མེད་པས་ན་མང་ཞིང་རྒྱ་ཆེ་ལ་སོ་སོའི་ཆ་མི་འདོར་བས་ན་ཁམས་ཞེས་བྱའོ། །ཡུལ་ལས་ཡུལ་ཅན་གྱི་བློ་བརྟེན་པ་ལྟར་འཆར་བ་ཉིད་དང་། སྔ་མ་ལས་ཕྱི་མ་འབྲེལ་བར་འབྱུང་བ་དང་། ཆོས་ཅན་དང་ཆོས་ཉིད་དུ་གྱུར་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་དང་། ཡུལ་དང་ཡུལ་ཅན་གྱི་བློ་གཉིས་འདུས་པའི་ཚེ་བདེ་བ་ལ་སོགས་པའི་རྣམ་པར་ཚོར་ཞིང་རིག་པའི་ཆ་ནས་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱའོ། །དེ་དག་ལ་སོགས་པའི་རྣམ་པའི་བྱེ་བྲག་དཔག་ཏུ་མེད་དོ། །མདོར་བསྡུ་ན། ཡུལ། དབང་པོ། ཡིད་ལ་བྱེད་པ་གསུམ་ཚོགས་པ་ལས་སྐྱེས་པའི་དུག་གསུམ་གྱིས་ཀུན་ནས་བསླང་བའི་ལས་ཐམས་ཅད་ནི་མི་དགེ་བའོ། །བཟོད་པ་ལ་སོགས་པ་དུག་གསུམ་དང་བྲལ་བར་སྐྱེས་པ་གང་ཡིན་པ་དེ་ནི་དགེ་བ་ཆེན་པོའོ། །ལམ་ཤེས་རབ་སྙིང་རྗེས་མ་ཟིན་པའི་དགེ་བ་བཅུ་ལྟ་བུ་ནི་དགེ་བ་དམན་པ་སྟེ། གཏི་མུག་གི་ས་པས་བསྡུས་པའི་ཕྱིར་འཁོར་བའི་བདེ་འབྲས་བསྐྱེད་ནས་ཟད་པར་འགྱུར་བས་བསོད་ནམས་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །ལམ་གྱིས་ཟིན་ཕན་ཆད་བྱང་ཆུབ་ཀྱི་རྒྱུ་བྱེད་པས་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱའོ། །དུག་གསུམ་གྱིས་ཀུན་ནས་བསླངས་པའི་མི་དགེ་བས་ནི་ངན་འགྲོ་དང་སྡུག་བསྔལ་ཅི་ཡོད་པ་དེ་དག་གི་རྒྱུ་བྱེད་ལ། བསོད་ནམས་ཆ་མཐུན་གྱི་དགེ་བས་ནི་མངོན་པར་མཐོ་བ་ལྷ་དང་མིའི་བདེ་བའི་དཔལ་འཛིན་ཅིང་། ཐར་པ་ཆ་མཐུན་གྱི་དགེ་བས་ནི་གནས་སྐབས་མངོན་པར་མཐོ་བ་དང་། མཐར་ཐུག་ངེས་པར་ལེགས་པ་གཉིས་ཀའི་རྒྱུ་བྱེད་དོ། །ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དག །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་(༥༠)བསྐྱེད་ལས་དེ་དགེ་བ་ཡིན། །མི་དགེ་ལས་ནི་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་དུ་བདེ་བ་དག །ཅེས་སོ། །དེའང་ཕྱི་རོལ་ལྟར་སྣང་བའི་དངོས་པོ་རྨི་ལམ་དང་འདྲ་བ་རྣམས་ལ་གཞན་ནོ་ཞེས་གཟུང་བས་ཡུལ་དུ་བག་ཆགས་ཏེ་དག་མ་དག་རྣམ་པ་སྣ་ཚོགས་པར་སྣང་ཞིང་འཁྲུལ་པའི་གནས་སུ་གྱུར། ལུས་འབྱུང་བ་ལས་བསྐྱེད་པ་ཡང་ནང་གི་དེ་ཁོ་ན་ཉིད་མ་ཤེས་པའི་རྐྱེན་གྱིས་དོན་དུ་བག་ཆགས་ཏེ། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དང་། དེས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་གྱི་ཆ་འཛིན་པས་འཁྲུལ་པའི་རྟེན་དུ་གྱུར། རང་བྱུང་གི་ཡེ་ཤེས་འོད་གསལ་བ་ལ་ངོ་བོ་སྟོང་། རང་བཞིན་གསལ། གདངས་སྣ་ཚོགས་སུ་འཆར་སྒོ་མ་འགགས་པ་ལ་གཟུང་འཛིན་རང་མཚན་དུ་ཞེན་པས་རིག་པ་སེམས་སུ་བག་ཆགས་ཏེ་དུག་ལྔ་དུག་གསུམ་དུ་འཆར་ཞིང་། འཁྲུལ་པའི་རྩ་བ་ང་དང་བདག་ཏུ་འཛིན་པ་ཅན་དུ་གྱུར་པས་འཁོར་བ་འཁྲུལ་པའི་སྣང་བ་གཟུགས་བརྙན་ནམ་རྨི་ལམ་ཁུང་ངམ་སྐྲ་ཤད་འཛག་པ་ལྟར་མེད་ལ་སྣང་བ་བདེན་བདེན་འདྲ་བ་འདི་བྱུང་བ་ཡིན་ནོ། །དེའང་འཛིན་བྱེད་ང་དང་། གཟུང་ཡུལ་ང་ཡིར་འཛིན་པ་སྟེ་ཁང་ཁྱིམ་ལ་བདག་ཏུ་འཛིན་པའི་བློ་བཞིན་ནོ། ། འཁྲུལ་ཚུལ་ལ་གཉིས་ཀྱི། དང་པོ་རང་ངོ་ཤེས་མ་ཤེས་ཀྱིས་འཁྲུལ་གྲོལ་དུ་བསྟན་པ་ནི། ད་ནི་འཁྲུལ་གཞི་དང་འཁྲུལ་ཚུལ་རྒྱས་པར་སྟོན་ཏེ། འདི་ལྟར། སེམས་ཉིད་འགྱུར་མེད་ཡོངས་གྲུབ་ཆོས་སྐུ་ཡང་། །མ་རིག་འཛིན་པས་ཀུན་བརྟགས་གོམས་པ་ཡིས། །མ་དག་གཞན་དབང་ལྟར་སྣང་འཁྲུལ་པ་ཅན། །ཡུལ་དོན་བདག་གཞན་གཉིས་སྣང་གཉིས་སུ་གཟུང་། །དེ་ལས་སྡུག་བསྔལ་དཔག་མེད་ལྷུན་གྱིས་གྲུབ། །ནམ་ཞིག་འགྱུར་མེད་སེམས་ཉིད་དོན་རྟོགས་ནས། །ཕྱིན་ཅི་མ་ལོག་ཡོངས་གྲུབ་ལམ་བསྒོམས་པས། །དག་པ་གཞན་དབང་ཞིང་དུ་ལེགས་སོན་ཏེ། །སྲིད་པའི་གྲོང་ལས་ངལ་གསོ་བྱེད་པར་འགྱུར། །དེ་ལ་རྣལ་འབྱོར་སྤྱོད་པའི་གཞུང་ལས་གྲུབ་པའི་མཐའ་ཆེན་པོ་གསུམ་གསུངས་ཏེ། ཀུན་དུ་བརྟགས་པ་དང་། གཞན་གྱི་དབང་དང་། ཡོངས་སུ་གྲུབ་པའོ། །ཀུན་བརྟགས་པ་དེ་ཡང་གཉིས་ཏེ། མཚན་ཉིད་ཆད་པ་དང་། རྣམ་གྲངས་པའོ། །དེ་ལ་མཚན་ཉིད་ཆད་པ་ནི་གང་གི་ངོར་ཡང་མེད་ལ་རྟོག་པས་བཏགས་པ་སྟེ། རི་བོང་གི་རྭ་དང་། བདག་ཅེས་བྱ་བ་ལྟ་བུའོ། །དེར་ཡང་མ་ཟད་དེ་གྲུབ་པའི་མཐའ་ངན་པ་དང་། གང་དང་གང་གི་མིང་དང་དོན་ཞེས་བློས་བཀོད་པ་ཐམས་ཅད་དོ། །དེ་ཡང་ཇི་ལྟར་ཞེ་ན། འགའ་ཞིག་སེང་གེ་ཞེས་བཏགས་པའི་མིང་དེ་ཉིད་ལུས་ཀྱི་གནས་ཀུན་དུ་བཙལ་ཡང་མི་རྙེད་པ་དང་། དོན་གྱི་རྣམ་པ་འདི་ཞེས་བཀོད་ཀྱང་བློས་རློམ་པ་ཙམ་ལས་རང་མཚན་བརྗོད་པ་ངག་དང་དྲན་པ་སེམས་ཀྱི་དངོས་ཡུལ་དུ་(༥༡)མེད་དུ་མེའི་སྒྲ་དོན་བཞིན་ནོ། །རྣམ་གྲངས་པའི་ཀུན་བརྟགས་ནི། རེ་ཞིག་འཁྲུལ་ངོ་ན་སྣོད་བཅུད་བདེ་སྡུག་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རྣམ་པ་སྣ་ཚོགས་སུ་ཤར་བ་འདི་རྣམས་སོ། །དེ་ཡང་དོན་དུ་མ་གྲུབ་ལ་སེམས་ཀྱི་འཁྲུལ་ངོར་སྣང་བ་རྨི་ལམ་དང་འདྲ་བའི་ཕྱིར་རྣམ་གྲངས་པའི་ཀུན་བརྟགས་ཞེས་བྱའོ། །དེ་ཐམས་ཅད་ཀྱང་གཤིས་ལ་མེད་བཞིན་དུ་འཁྲུལ་ངོར་སྣང་ཞིང་སྒྲོ་བཏགས་པས་ཀུན་བརྟགས་ཞེས་བྱ་སྟེ། རྣལ་འབྱོར་སྤྱོད་པའི་ས་ལས། ཀུན་དུ་བརྟགས་པ་རྣམས་དེ་ནི། །མེད་བཞིན་འཁྲུལ་པའི་བློས་བསྐྱེད་དོ། །ཞེས་སོ། །གཞན་གྱི་དབང་ལའང་གཉིས་ཏེ། མ་དག་པ་དང་། དག་པ་གཞན་གྱི་དབང་ངོ་། །དེ་ལ་མ་དག་པ་གཞན་གྱི་དབང་ནི། བག་ཆགས་བརྟས་པ་ལས་སྐྱེས་པའི་ས་རྡོ་རི་བྲག་ལ་སོགས་པ་སྣོད་བཅུད་ཀྱི་རྣམ་པ་མ་དག་པ་ལྟར་དབང་པོའི་སྒོ་སོ་སོ་ལ་ཤར་བའི་སྣང་བ་འཁྲུལ་པ་བ་རྣམས་སོ། །དག་པ་གཞན་དབང་ནི། དག་པའི་ཞིང་དང་སངས་རྒྱས་ཀྱི་གཟིགས་པ་དག་པའི་ཡུལ་ལ་སྣང་བའི་ཞིང་ཁམས་དང་། རིན་པོ་ཆེ་སྣ་བདུན་དང་། དྭངས་པ་འོད་ཀྱི་གཞལ་ཡས་ཁང་དུ་ཤར་བའི་སྣང་བ་རྣམས་སོ། །དེ་ལ་འདིར་ཁ་ཅིག་དག་རྣལ་འབྱོར་སྤྱོད་པའི་གཞུང་ལས་གཞན་དབང་མི་འཐད་དེ་ཐམས་ཅད་རང་གི་སྣང་བ་ཁོ་ནར་འདུས་པའི་ཕྱིར་ཞེས་རྩོད་པའང་རིགས་པར་མ་མཐོང་སྟེ་འདི་ལྟར། རང་གི་ཤེས་པ་ལས་བག་ཆགས་པའི་ཆ་ནས་རང་དུ་འཇོག་པའང་མ་ཡིནཏེ། མེ་ལོང་གི་གཟུགས་བརྙན་བཞིན་གྱི་རྣམ་པའི་རྐྱེན་གྱིས་ཆགས་ནའང་བཞིན་མ་ཡིན་པ་བཞིན་ནོ། །ཐམས་ཅད་རང་གི་སྣང་བ་ཁོ་ནར་འདུས་ཞེས་པའང་དཔྱད་དགོས་ཏེ། སེམས་ལ་སྣང་བ་ཙམ་དུ་འདུས་སམ། སྣང་བ་སེམས་ཡིན་པར་འདུས་གྲང་། དང་པོ་ལྟར་ན་སྣང་བ་ཙམ་གྱི་དུས་ན་འདུས་པ་དང་མ་འདུས་པའི་དཔྱད་ར་མེད་པས་འདུས་ཞེས་པའང་ཚིག་ཙམ་དུ་བས་ཏེ་དོན་གྱི་རྣམ་པ་ཕྱིར་ལུས་པའི་ཕྱིར་རོ། ། གཉིས་པ་ལྟར་ན་འདི་ལ་འཐད་པ་ཅི་ཡོད། སེམས་ལས་བྱུང་བའི་ཕྱིར་སེམས་ཡིན་ནོ་ཞེ་ན། བུད་མེད་ལས་བྱུང་བའི་བུ་ཡང་བུད་མེད་དུ་འགྱུར་ཏེ་བུད་མེད་མ་ཡིན་པ་དང་། ལུས་ལས་བྱུང་བའི་མི་གཙང་བ་ཡང་ལུས་སུ་ཐལ་བ་ལས་མ་ཡིན་པར་མངོན་སུམ་ན་གསལ་བའི་ཕྱིར་རོ། །ཡང་སེམས་ལ་སྣང་བས་སེམས་ཡིན་ནོ་ཞེ་ནའང་། གཟུགས་ཀྱང་མིག་ཤེས་སུ་ཐལ་ཏེ་མིག་ཤེས་ལ་སྣང་བའི་ཕྱིར་དང་། སེམས་ཅན་ཕྱིན་ཅི་ལོག་ལ་སྔོན་དུ་སངས་རྒྱས་སྣང་བ་ཡང་སེམས་ཅན་དེའི་སེམས་སུ་ཐལ་ལོ། །འདོད་ན་ནི་སེམས་ཅན་ཕྱིན་ཅི་ལོག་གི་བློ་ཅན་སངས་རྒྱས་པར་ཐལ་བའི་སྐྱོན་དང་། སངས་རྒྱས་ལ་སེམས་ཅན་སྣང་བས་ཡང་ན་སེམས་ཅན་གྱི་ཁམས་རིལ་སངས་རྒྱས་སུ་འགྱུར་ལ། ཡང་ན་སངས་རྒྱས་དྲི་མ་མཐའ་དག་དང་བྲལ་བ་དེ་ཡང་སེམས་ཅན་དུ་ཐལ་བའི་ཉེས་པ་འདི་ནི་ནམ་ཡང་སྤོང་བ་མ་ཡིན་ནོ། །སེམས་མེད་ན་མི་འབྱུང་བའི་ཕྱིར་(༥༢)སེམས་སུ་འདོད་དོ་ཞེ་ནའང་། དངོས་རྒྱུ་དང་དངོས་འབྲས་ཀྱང་གཅིག་ཏུ་འགྱུར་ཏེ་མེད་ན་མི་འབྱུང་བའི་ཕྱིར་དང་། དགྲ་དང་བདག་གི་ཁོང་ཁྲོའང་གཅིག་ཏུ་འགྱུར་ཏེ། དགྲ་མེད་ན་དེས་བསྐྱེད་པའི་ཁྲོ་བ་མི་འབྱུང་བའི་ཕྱིར་རོ། །ཡང་སེམས་ཀྱིས་བྱས་པའི་ཕྱིར་སེམས་ཡིན་ནོ་ཞེས་པའང་མི་རིགས་ཏེ། རི་མོའི་རྣམ་པའང་རི་མོ་མཁན་དུ་འགྱུར་ཏེ་རི་མོ་མཁན་གྱིས་བྱས་པའི་ཕྱིར་རོ། །དེ་བས་ན་ཕྱི་རོལ་གྱི་ས་རྡོ་རི་བྲག་སེམས་སུ་འདོད་པར་ག་ལ་འཐད། སེམས་ཀྱི་བག་ཆགས་ལས་སྐྱེས་པའི་འཁྲུལ་སྣང་ཡིན་དུ་ཆུག །གལ་ཏེ་དེ་ལྟར་མ་ཡིན་ན་སྐྱེ་བོ་བརྒྱས་བུམ་པ་གཅིག་ལ་བལྟས་དུས་རིལ་གྱིས་མཐོང་བའི་བུམ་པ་དེ་དེ་རྣམས་ཀྱི་ཤེས་པར་འགྱུར་བས་འགྲོ་བ་ཀུན་ཤེས་པ་གཅིག་པར་འགྱུར་རོ། །འདོད་ན་གཅིག་སངས་རྒྱས་པ་ན་ཀུན་སངས་རྒྱས་པ་དང་། གཅིག་ངན་སོང་དུ་སོང་དུས་ཀུན་འགྲོ་བར་རིགས་སོ། །དེ་དག་གི་ལྟར་ན་འཇིག་རྟེན་ན་ཡང་ཁྱོད་དམ་ང་ལྟ་བུའི་སེམས་ཅན་གཅིག་ལས་མེད་པར་ཐལ་ཏེ་རིལ་ཇི་ལྟར་སྣང་བ་ཀུན་རང་གི་སེམས་ལས་གཞན་མ་ཡིན་པའི་ཕྱིར་རོ། །ཡང་ན་ཤཱཀྱ་ཐུབ་པ་ལྟ་བུའི་སངས་རྒྱས་གཅིག་ལས་གཞན་མི་འཐད་དེ། དེས་གཟིགས་པའི་ཡུལ་ཐམས་ཅད་དེའི་ཤེས་པ་ཡིན་པའི་ཕྱིར་རོ། །འདོད་ན་ནི་ཁོ་བོ་ཅག་འདུག་པས་གསལ་བ་ཡིན་ནོ། །དེ་ལྟ་བུའི་གཞུང་འཛིན་པ་ནི་དེང་སང་ཤིན་ཏུ་མང་བར་སྣང་སྟེ། ཐེག་པ་ཆེན་པོའི་དོན་ལ་རབ་ཏུ་རྨོངས་པར་ཟད་དོ། །ལུས་ཆེ་པདྨའི་དྲ་བས་གཡོགས། །མེ་ཏོག་རྣ་རྒྱན་དང་ལྡན་ཞིང་། །གསེར་གྱི་གདོང་རྒྱན་ལྷག་གེ་བ། །གླང་ཆེན་བསྒྱིངས་པ་ཁོ་ནར་ཟད། །ཅེས་བྱ་བ་ཡིན་ནོ། །འདི་ལྟར་སྣང་བ་དག་གང་ཡིན་ཞེ་ན། སེམས་ཙམ་རྣམ་བརྫུན་དྲི་མེད་པས་ཁས་བླངས་པ་ལྟར་རིགས་སུ་ཆུག་ཀྱང་། དེའི་གཞུང་ལས། འདི་ལྟར་རང་རང་ལ་སྣང་བ་དག་རང་རང་གི་སེམས་ཡིན་ཡང་། སྣང་ཡུལ་སེམས་མ་ཡིན་ཏེ། རྣལ་འབྱོར་སྤྱོད་པའི་ས་མང་པོ་པ་ལས། ཇི་ལྟར་སྣང་བ་སེམས་སྙེད་དེ། །སྣང་བའི་ཡུལ་ཉིད་དེ་ལྟ་མིན། །ཐོག་མ་མེད་དུས་བག་ཆགས་ཅན། །འཁྲུལ་པས་སྐྲ་ཤད་འཛིངས་པ་བཞིན། །ཞེས་པ་ལྟར་ཡིན་ཏེ། སྣང་བ་དང་སྣང་ཡུལ་མ་ཕྱེད་པ་ཡིན་ནོ། །དེའང་སྣང་ཡུལ་རི་ལས། རིའོ་སྙམ་དུ་གཞན་ལྟར་བློས་ཝལ་གྱིས་འཛིན་པ་སེམས་ཀྱི་སྣང་བ་མིག་གི་དབང་པོ་ལ་བརྟེན་ནས་སྐྱེའོ། །དེ་ཡང་རང་གིས་གང་དུ་ཕྱིན་པའི་ཡུལ་དུ་རང་གི་སེམས་ཀྱིས་འཛིན་པའི་ཆ་ནི་རང་གི་སྣང་བ་སྟེ། དེ་ནས་གཞན་དུ་ཕྱིན་དུས་སྣང་ཡུལ་རྗེས་སུ་མི་འབྲང་ཡང་། སྔར་མིག་ཤེས་དབང་པོའི་མངོན་སུམ་ལ་སྣང་བའི་བག་ཆགས་འཛིན་བྱེད། དོན་སྤྱི་ཡིད་ཀྱི་ཡུལ་མེད་པ་གསལ་སྣང་ཡིད་ཀྱི་དབང་པོ་ལ་སལ་གྱིས་སྣང་ངོ་། །དེས་ན་ཡིད་ཀྱིས་གཞལ་བའི་སྣང་བ་དང་། དེ་འཛིན་པ་དང་། གཞན་རྣམས་ཀྱི་སྣང་བ་དང་། དེ་འཛིན་པ་ཐམས་ཅད་སེམས་ཡིན་ཡང་། ཡིད་ཀྱིའང་གང་དམིགས་སྐྱེ་(༥༣)ཡུལ་ནི་སྣང་ཡུལ་འཇོག་བྱེད་དེ་དང་། སྒོ་ལྔའི་ཡུལ་ཐམས་ཅད་ཐོག་མ་མེད་པའི་བག་ཆགས་ཀྱིས་མེད་བཞིན་དུ་སྣང་བ་སྐྲ་ཤད་འཛིངས་པ་འབབ་པ་ལྟ་བུའོ། །དེ་ལྟ་ན་གཉིས་སུ་འགྱུར་ཏེ། སྣང་ཡུལ་དང་སྣང་བ་ཐ་དད་དུ་གྲུབ་པའི་ཕྱིར་ཞེ་ན། ཁྱེད་རང་ལའང་གཉིས་སུ་འགྱུར་ཏེ་སྣང་བའི་སེམས་ཕྱི་ན་ཡོད་པ་དང་། འཛིན་བྱེད་ཀྱི་སེམས་ནང་ན་འདོད་པའི་ཕྱིར་རོ། །དེ་གཉིས་ཀའང་སེམས་སུ་གཅིག་པས་གཉིས་ཞེས་བརྗོད་ཀྱང་རིགས་མཐུན་དུ་གཅིག་གོ་ཞེ་ན། འདིར་ཡང་བག་ཆགས་འཁྲུལ་པའི་རྐྱེན་གྱིས་སྣང་ཡུལ་དང་། དེ་འཛིན་པའི་ངེས་པའི་སྣང་བ་གཉིས་མེད་བཞིན་སྣང་བ་བག་ཆགས་འཁྲུལ་པ་པའི་རྣམ་པར་ཐ་སྙད་དུ་ཐ་མི་དད་ལ། དེ་གཉིས་དོན་ལ་མེད་པས་གཉིས་སུ་མེད་པའི་རང་བཞིན་དུ་གྲུབ་པ་ཡིན་ནོ། །ཁོ་བོ་ཅག་དབུ་མ་པ་ནི། དཔྱད་ན་སྣང་ཡུལགྱི་དངོས་པོ་སེམས་མ་ཡིན་པར་མ་ཟད། སྣང་བའང་སེམས་སུ་མི་འདོད་དེ། ནང་གི་སེམས་ཕྱིར་མེད་ལ་ཕྱིའི་སྣང་བ་དབང་པོ་སོ་སོ་ལ་ཤར་བ་བློས་ནང་དུ་དཔྱད་པའི་ཕྱིར་རོ། །གལ་ཏེ་སྣང་བ་ཕྱིར་ལུས་ན་སྐྱེས་བུ་རྣམ་ཤེས་གཉིས་པ་དུས་གཅིག་ལ་སྲིད་པའམ། རང་ཉིད་བེམས་པོར་འགྱུར་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་དོ། །དེས་ན་སྣང་མི་སྣང་དུ་འཛིན་པ་ནི་སེམས་ཡིན་ཡང་སྣང་བ་སེམས་སུ་མི་འགྲུབ་སྟེ། རྔ་སྒྲ་ཡིན་མིན་ཉན་ཤེས་ཀྱིས་གཟུང་ཡང་། ཉན་ཤེས་རྔ་སྒྲར་མི་འགྲུབ་པ་བཞིན་ནོ། །མདོར་ན་རང་གི་སེམས་ཕྱིར་འཕྲོ་བ་འདྲ་ཡང་ཕྱིར་མ་སོང་བ་དང་ཕྱིའི་རྣམ་པ་ནང་དུ་སྣང་བའི་ཕྱིར། ཕྱིའི་སྣང་བ་ནང་གི་སེམས་གཏན་ནས་མ་ཡིན་ནོ། །གང་ཡིན་ན་མེད་ལ་སྣང་བའི་རྒྱུ་མཚན་དེའི་ཕྱིར་དཀར་དམར་སྣ་ཚོགས་སུ་ཤར་བ་འདི་དག་བད་ཀན་མིག་ནད་ཅན་ལ་སྐྲ་ཤད་འཛག་པར་སྣང་བ་ལྟར། ཕྱི་ནང་བར་གསུམ་གང་ནའང་མེད་ལ་སྣང་བས་རང་བཞིན་མེད་པའམ། ངོ་བོ་ཉིད་ཀྱིས་སྟོང་པ་ཞེས་བྱའོ། །སེམས་སུ་གྲུབ་པ་དང་སེམས་ལས་གཞན་དུ་གྲུབ་པ་གཉིས་ཀ་རང་བདེན་ཞེན་ལས་མ་གྲོལ་བས་ཁྱད་མེད་པ་ཁོ་ནའོ། །ཕྱི་རོལ་ཡུལ་གྱི་དངོས་པོ་ཤེས་པ་མ་ཡིན་པ་ཁས་ལེན་པས་ཉན་ཐོས་བྱེ་བྲག་པ་དང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། བྱེ་བྲག་པས་ཡུལ་བེམས་པོ་རང་མཚན་དུ་གྲུབ་པར་ཁས་བླངས་ཀྱི། ཁོ་བོ་ཅག་ནི་བག་ཆགས་འཁྲུལ་སྣང་རྨི་ལམ་ལྟ་བུ་མེད་བཞིན་སེམས་ལ་སྣང་བར་བརྗོད་པ་ཡིན་ནོ། །ཚུལ་འདི་དབུ་མ་པ་དག་གིས་ཀྱང་དགག་ཏུ་མེད་ཅིང་འཐད་པ་དང་བཅས་པའོ། །ཅི་དབུ་མ་ཐལ་འགྱུར་པས་གང་ཁས་བླངས་པ་འགོག་མོད་ཅེ་ན། འདི་ལྟར་སྣང་ཙམ་དགག་པ་མ་ཡིན་གྱི། བདེན་པར་ཞེན་པ་ཡོད་ན་འགོག་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། འདི་ལྟར་སྣང་ཉིད་དགག་མིན་གྱི། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་གསུངས་ལ། སེམས་ཙམ་རྣམ་བདེན་པས་རྣམ་པ་སེམས་སུ་ཁས་བླངས་པ་དང་། རྣམ་བདེན་བརྫུན་གཉིས་ཀས་དོན་དམ་པར་རང་(༥༤)རིག་གྲུབ་པར་འདོད་པ་བཀག་གི། བག་ཆགས་འཁྲུལ་པའི་སྣང་བ་མེད་བཞིན་ཤར་བ་དང་། གྲུབ་པའི་རྣམ་གཞག་དོན་ལ་འཇུག་པ་རྣམས་ག་ལ་འགོག་སྟེ། ཀུན་རྫོབ་ཀྱི་རྣམ་གཞག་བྱེད་དུས་གཅིག་པའི་ཕྱིར་རོ། །དེ་ལྟར་ཕྱི་གཞན་དབང་དང་། སེམས་རིག་པ་སྔ་མ་ལས་ཕྱི་མ་སྐྱེ་བ་ལྟར་སྣང་བའང་དོན་གཞན་སྔ་མ་ལ་ལྟོས་པས་གཞན་དབང་ཞེས་ནང་ལ་སྦྱོར་བ་དེའང་དཔྱད་དགོས་ཏེ། སྔ་ཕྱི་ལྟར་སྣང་བས་འདོགས་ན་མིང་དུ་ཟད་དོན་ལ་རང་ཡིན་པས་མཐུན་ལ། གཞན་དུ་ཐ་དད་པར་འདོད་ན་རིག་པ་ཡིན་པས་གཞན་མཚན་ཉིད་པར་མ་གྲུབ་པས་ཁས་བླངས་པ་འགལ་བ་ནི་ལེགས་པ་མ་ཡིན་ནོ། །ཇི་སྐད་དུ། སྔ་མ་ལས། འདི་ལྟར་སྣ་ཚོགས་སྣང་བ་འདི། །གཞན་དུ་རྣམ་པ་འདྲ་བའི་ཕྱིར། །གཟུང་འཛིན་མ་དག་གཞན་གྱི་དབང་། །དག་པའང་གཞན་གྱི་དབང་ཞེས་པ། །དབང་དུ་འགྱུར་པ་དག་མིན་ཡང་། །གཞན་ལྟར་སྣང་བ་དེ་བཤད་དོ། །ཞེས་སོ། །ཡོངས་སུ་གྲུབ་པ་ལའང་། འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པའོ། །དེ་ལ་འགྱུར་བ་མེད་པའི་ཡོངས་གྲུབ་ནི། འཁྲུལ་མ་འཁྲུལ་གང་གི་ཚེའང་རང་བཞིན་གྱིས་དག་པའི་ཆོས་ཉིད་རང་ཆས་སུ་ལྡན་པའི་སྟོང་པ་སྟེ། སྔོན་དང་ཕྱིས་ལ་ཁྱད་པར་མེད་པར་གནས་པ་འགྱུར་བ་མེད་པའི་ཡོངས་སུ་གྲུབ་ཅེས་བྱ་བ་གཤིས་ཀྱི་གནས་ལུགས་སོ། །འདིའི་དབང་དུ་བྱས་ཏེ་སྟོང་པའང་རྣམ་པ་གསུམ་དུ་བཞག་གོ། །རང་གིས་སྟོང་པ་དང་། གཞན་གྱིས་སྟོང་པ་དང་། གཉིས་ཀས་སྟོང་པའོ། །རང་གིས་སྟོང་པ་ནི་མེད་བཞིན་སྣང་བ་ཆུའི་ཟླ་བ་ལྟ་བུ་རང་གི་མཚན་ཉིད་སྤངས་པ་དང་། རང་གཞན་དུ་དབྱེ་བའི་ཆ་ཤས་མེད་ཀྱང་ལྷུན་གྱིས་གྲུབ་པའི་ཆོས་མི་འདོར་བས་བཏགས་པར་རང་གི་ངོ་བོས་སྟོང་པ་གཉིས་སོ། །གཞན་གྱིས་སྟོང་པའང་། མི་ལྡན་པ་གཞན་གྱིས་སྟོང་པ་དང་རྣམ་གྲངས་གཞན་གྱིས་སྟོང་པའོ། །གཉིས་ཀས་སྟོང་པ་ལའང་། གཉིས་བཅས་རྣམ་གྲངས་པས་སྟོང་པ་དང་སྒྲ་དོན་རང་མཚན་པས་སྟོང་པའོ། །དེ་ལ་སེམས་ཀྱི་ཆོས་ཉིད་འོད་གསལ་བ་སྙིང་པོའི་ཁམས་ཀྱི་རང་བཞིན་འདི་ནི་སྐྱོན་གྱི་དངོས་པོ་མཐའ་དག་གིས་སྟོང་ལ། ཡོན་ཏན་གྱི་མཚན་ཉིད་ལྡན་པ། ངོ་བོ་ཉིད་ཀྱི་དག་པའི་ཆ་ནས་སྐྱོན་ཡོན་གྲུབ་བསལ་ལས་འདས་པའོ། །འཁྲུལ་སྣང་དྲི་མའི་ཆོས་དཀར་དམར་སྣ་ཚོགས་སུ་ཤར་བ་དང་། ཀུན་དུ་རྟོག་པའམ་རྣམ་ཤེས་ཚོགས་བརྒྱད་པོ་འདི་དག་ནི་གཤིས་ལ་མེད་པས་རང་གི་ངོ་བོས་ཀྱང་སྟོང་ལ། ཀ་བ་དང་བུམ་པ་ལྟར་རྣམ་གྲངས་པས་ཀྱང་སྟོང་ཞིང་སྐྱོན་གྱི་ཆ་དང་ལྡན་པའོ། །ངོ་བོ་ཉིད་ཀྱི་དག་པའི་ཆ་ནས་སྐྱོན་ཡོན་གྲུབ་བསལ་ལས་འདས་པའོ། །ལམ་རྣམས་ཀྱང་རང་གི་ངོ་བོས་སྟོང་པ་དང་། ཡོན་ཏན་དང་སྐྱོན་གྱི་ཆ་འགའ་ཞིག་ལྡན་པ་དང་། ངོ་བོ་ཉིད་ཀྱི་དག་པའི་ཆ་ནས་སྐྱོན་ཡོན་ལས་འདས་པའོ། །དག་པ་མཐར་ཐུག་པའི་ཚེ་ཉེས་པའི་སྐྱོན་བག་ཆགས་དང་བཅས་པ་མཐའ་དག་གིས་སྟོང་པ་(༥༥)དང་། ཁམས་ཀྱི་ཡོན་ཏན་ཅི་ཡོད་པ་མཐར་ཐུག་པ་མངོན་དུ་གྱུར་པས་མི་སྟོང་པ་དང་། ངོ་བོ་ཉིད་ཀྱིས་དག་པའི་ཆ་ནས་སྐྱོན་ཡོན་གྲུབ་བསལ་ལས་འདས་པའོ། །མདོར་བསྡུ་ན། རང་གིས་སྟོང་པ་ནི་ཆོས་གང་དང་གང་ཡིན་པ་དེའི་རང་བཞིན་བདེན་པ་མེད་པའོ། །དབྱེ་ན་གཉིས་ལས། མཚན་ཉིད་རང་གི་ངོ་བོས་སྟོང་པ་ནི་གང་དུའང་མཚན་ཉིད་ཆད་པ་རི་བོང་གི་རྭ་དང་། འཁྲུལ་ངོར་སྣང་ལ་གཤིས་སམ་དོན་ལ་མེད་པ་ཆུ་ཟླ་ལྟ་བུའི་སྟོང་པའོ། །བརྟགས་པས་རང་གི་ངོ་བོས་སྟོང་པ་ནི་མིང་ཚིག་ཡི་གེར་བཏགས་པ་རྣམས་ཏེ་བློས་བཀོད་པ་ཙམ་ལས་ཡུལ་དེའི་རང་མཚན་པ་མེད་པ་བུ་ཆུང་ལ་སེང་གེར་བཏགས་པའི་མིང་གི་སྒྲ་སེང་གེ། དོན་གཡུ་རལ་དང་བཅས་པ་སྟེ་མིང་གི་སྒྲ་དོན་བུ་ཆུང་གི་ལུས་གང་ནའང་མེད་མོད། གོ་བྱེད་ཀྱི་མིང་ལས་གོ་བྱའི་དོན་མཚོན་ནུས་པས་སྟོང་ཡང་དོན་བྱེད་ནུས་པ་ལ་བཏགས་པ་ཐམས་ཅད་དོ། །གཞན་གྱིས་སྟོང་པ་ནི་ཆོས་དེ་ལ་ཆོས་གཞན་མེད་པའི་ཆ་ནས་བཏགས་པའོ། །དབྱེ་ན་གཉིས་ལས། མི་ལྡན་པ་གཞན་གྱིས་སྟོང་པ་ནི། ཉི་མ་ལ་མུན་པ་མི་ལྡན་པའམ། ཀ་བ་དང་། སྣམ་བུ་ལ་སོགས་པ་ཉི་མ་ལ་མེད་པའི་ཆོས་ཀྱི་དོན་རང་མཚན་པ་གཞན་ཐམས་ཅད་དོ། །རྣམ་གྲངས་གཞན་གྱིས་སྟོང་པ་ནི་ཉི་མ་དང་། འོད་བྱེད་པ་དང་། རྟ་བདུན་ཞེས་པ་རྣམ་གྲངས་སྤྱིར་བཏགས། ཁམས་དང་དཔེ་བསྡུའི་བྱེ་བྲག་ཇི་ལྟར་བརྗོད་པ་ཐམས་ཅད་ཀྱིས་ཉི་མའི་དོན་རང་མཚན་ལ་མ་རེག་པས་ན་སྟོང་པའོ། །གཉིས་ཀས་སྟོང་པ་ནི་ཆོས་གང་ལ་གཉིས་སུ་མེད་པའོ། །དབྱེ་ན་གཉིས་ལས། རྣམ་གྲངས་བཏགས་པ་བ་དང་། དོན་རང་མཚན་པའོ། །བཏགས་པ་པ་ནི་འཁོར་བར་འཁྲུལ་པ་ཞེས་བཏགས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཐམས་ཅད་ཀྱི་ཁམས་གསུམ་རང་མཚན་པས་སྟོང་སྟེ་མིང་དུ་ཐ་སྙད་པའི་བློས་བཀོད་པའི་ཕྱིར་རོ། །རང་མཚན་པས་སྟོང་པའང་། རང་མཚན་མེད་པས་གཉིས་བཅས་མེད་པ་མོ་གཤམ་བུའམ་སྨིག་རྒྱུའི་ཆུ་ལྟ་བུ་དང་། རང་བཞིན་བདེན་པར་མེད་ཀྱང་སྣང་བ་མ་འགགས་པར་གསལ་བ་དག་པ་གཞན་དབང་ལྟ་བུའི་སྟོང་པའོ། །དེ་ལྟར་ངོ་བོ་གསུམ་དབྱེ་ན་དྲུག་གིས་སྟོང་པ་དེ་དག་ཀྱང་བརྗོད་བྱས་སྟོང་པ་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་དང་། རྗོད་བྱེད་རྣམ་གྲངས་པས་སྟོང་པ་བློ་ལས་འདས་པའི་ཚུལ་གཉིས་སུ་འདུ་བས་ན་ཆོས་ཐམས་ཅད་ཀྱིས་སྟོང་པ་ཡང་ཚུལ་དེ་ལྟར་རྟོགས་པར་བྱའོ། །སྟོང་ཆད་མེད་པར་སྨྲ་བ་དེ་དག་གིས་ནི་སྟོང་པའི་ཚུལ་མི་ཤེས་པས་ཕྱི་རོལ་པའི་རྒྱང་འཕེན་པ་དག་དང་ཆོས་མཐུན་ལ། འདི་ནི་སྟོང་འདི་ནི་མི་སྟོང་ཞེས་པའི་སྟོང་པ་ནི་ཉེ་ཚེ་བའི་སྟོང་པ་སྟེ་རྟག་པར་ལྟ་བ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་དང་ཆོས་མཐུན་པས་རྟག་ཆད་ཀྱི་མཐར་ལྷུང་བ་ཡིན་པས་བསྟེན་པར་མི་བྱ་བ་ཁོ་ནའོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ཐར་པ་དམ་པའི་(༥༦)ལམ་སྟེ་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་ནས་སྣང་བའི་ཆ་མ་དོར་བས་ཀུན་རྫོབ་ཏུ་བསོད་ནམས་ཀྱི་ཚོགས་གསོག་ཅིང་། སྟོང་པའི་རང་བཞིན་ལ་བསམ་ཏེ་དོན་དམ་པར་ཡེ་ཤེས་ཀྱི་ཚོགས་གཅིག་དང་དུ་མ་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུ་ལ་ནན་ཏན་བྱེད་དོ། །ཡང་སྔ་མ་ལས། ཕྱིན་ཅི་མ་ལོག་ཅེས་བཤད་པ། །ལམ་གྱི་བདེན་པས་ཡང་དག་བསྡུས། །ཞེས་སོ། མདོར་བསྡུ་ན། སེམས་ཉིད་འོད་གསལ་བ་འགྱུར་བ་མེད་པའི་དེ་ཁོ་ན་ཉིད་ཁོང་དུ་ཆུད་ཅིང་། ཆོས་ཐམས་ཅད་ཀུན་བརྟགས་པ་ཙམ་དུ་སྟོང་པར་རྟོགས་ནས། ལམ་བསྒོམས་ན་མ་དག་པའི་འཁྲུལ་སྣང་ཀུན་བརྟགས་པའི་བློ་དང་བཅས་པ་གནས་གྱུར་པའམ་དག་ནས། གདོད་མའི་ངང་དུ་ཕྱིན་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཞིང་ཁམས་དག་པ་ལ་མངའ་དབང་རྫོགས་པར་འགྱུར་བ་ནི་བསྟན་པ་དམ་པའི་ཆོས་རྣམས་གཅིག་ཏུ་དྲིལ་བ་ཡིན་ནོ། ། གཉིས་པ་ངར་འཛིན་གྱིས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བའི་ཚུལ་ནི། ད་ནི་དེ་ལྟར་གཟུང་བ་དང་འཛིན་པས་འཁོར་བ་རྨི་ལམ་ལྟ་བུ་འདིར་འཁྱམས་དུས་སྡུག་བསྔལ་བའི་ཆུ་བོར་བྱིང་བའི་རྣམ་པ་རྣམས་བཤད་པ་ནི། ཨེ་མ་བརྟག་དཀའ་འཁོར་བའི་ཕ་མཐའ་ལས། །སྲིད་ལམ་དུབ་པ་དག་གི་སྡུག་བསྔལ་ནི། །གང་དུ་སྐྱེས་ཀྱང་བདེ་བ་འགའ་མེད་དེ། །མི་དགེས་བསྐྱེད་པའི་འབྲས་བུ་མི་བཟད་པ། །རང་སྣང་ལོག་པས་རྨི་ལམ་ནང་བཞིན་དུ། །འགྲོ་དྲུག་སོ་སོར་མྱོང་བའི་རང་བཞིན་ནི། །མེད་སྣང་འཁྲུལ་པས་སྡུག་བསྔལ་དཔག་ཏུ་མེད། །རེ་ཞིག་མདོར་བསྡུས་ལུང་བཞིན་བཤད་ཀྱིས་ཉོན། །ཞེས་པ་སྟེ། ལུང་རྣམ་འབྱེད་ལས། མི་གཙང་འདམ་ན་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་པའི་ཚུལ་གྱིས། འདོད་པ་ནས་གཟུགས་སུ་འཕོ་བའི་སྲིད་པ། གཟུགས་དང་གཟུགས་མེད་པ་ནས་འདོད་པར་འཕོ་བའི་སྲིད་པ། གཟུགས་མེད་ནས་གཟུགས་སུ་འཕོ་བའི་སྲིད་པ་དེ་གསུམ་དང་། འགྲོ་བ་གང་དུ་སྲིད་པ་དེ་དག་ནས་སྐྱེས་པའི་རིགས་དྲུག་པོ་ན་སྡུག་བསྔལ་འབའ་ཞིག་ལས་བདེ་བའི་སྐབས་མེད་དོ་ཞེས། རེ་ཞིག་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ལུང་ནས་འབྱུང་བ་བཞིན་བཤད་པར་བྱ་བས་རྟོགས་ལྡན་རྣམས་ཀྱི་སྲིད་པ་ལ་དགའ་བའི་སེམས་བོར་ལ་ཐར་པའི་ཆོས་སྒྲུབས་ཤིག་ཅེས་བསྐུལ་ཏེ། དེ་ལྟར་མ་འབད་ན་སྤྱིར་ཡང་འཁོར་བར་འཁྱམས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་འཁོར་བའི་འཁོར་ལོ་རྟག་ཏུ་འགྱུར་བ་ཡི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་དུ་འཁྱམ་པར་འགྱུར། །ཞེས་སོ། ། དབྱེ་བ་དངོས་ལ། དམྱལ་(༥༧)བ། ཡི་དྭགས། དུད་འགྲོ། མི། ལྷ་མིན། ལྷའི་སྡུག་བསྔལ། དེ་དག་ལས་བཟློག་པར་གདམས་པ་དང་བདུན་ལས། དམྱལ་བ་ལ་ཚ་དམྱལ་དང་གྲང་དམྱལ་གཉིས་ཏེ། ཚ་དམྱལ་ལ་བཅུ་གཉིས་ཀྱི། དང་པོ་ཡང་སོས་ནི། ད་ནི་རྒྱས་པར་དབྱེ་བ་ལས། རེ་ཞིག་ཡང་སོས་པ་དག་གི་སྡུག་བསྔལ་བཤད་པ། ཡང་སོས་ལྕགས་ཀྱི་མདག་མེ་འབར་བའི་སྟེང་། །ཕན་ཚུན་འདུས་ནས་མཚོན་གྱིས་སྲོག་དང་འབྲལ། །ཡང་སོས་སྒྲ་ཡིས་སྔར་བཞིན་སྡུག་བསྔལ་བ། །ལས་ཟད་བར་དུ་དེ་ལྟར་མྱོང་འཚལ་ལོ་། །དེའང་ལྕགས་ཀྱི་མདག་མེ་འབར་བའི་སྟེང་དུ་དམྱལ་བ་པ་རྣམས་ལས་ཀྱིས་འདུས་ཏེ། དབྱུག་པ་དང་། དགྲ་སྟ་དང་། མདའ་བོ་ཆེ་དང་། འཁོར་ལོ་ལ་སོགས་པ་འདེབས་རེས་བྱེད་པ་ནི། དགྲ་བོ་མི་ཤ་བོ་མཐོང་བ་ལ་རྒོལ་བ་ལྟ་བུས་ཐམས་ཅད་ཤི་བ་དང་། ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་བྱུང་མ་ཐག་སྔར་བཞིན་སོས་ནས་མཚོན་གྱིས་གསོད་པའི་སྡུག་བསྔལ་ལ་ཉིན་མཚན་དུ་ལན་གྲངས་མེད་པ་མྱོང་དགོས་ཏེ། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བཟོད་ཆར་ཡང་མི་ཕོད་དོ། །ཞེས་སོ། ། དེའི་ཚེ་ཚད་ནི། ཚེའི་ཚད་ནི་ལས་མ་ཟད་ཀྱི་བར་ཏེ། རེ་ཞིག་ཐུན་མོང་གི་མདོ་སྡེ་ལས་འབྱུང་བ་བཞིན། ཚེ་ཚད་མི་ཡི་ལོ་གྲངས་ལྔ་བཅུ་ལ། །རྒྱལ་ཆེན་རིགས་བཞིའི་ལྷ་ཡི་ཉིན་ཞག་གཅིག །དེ་གཉིས་སུམ་ཅུ་ཟླ་བ་བཅུ་གཉིས་ལོ། །ལྔ་བརྒྱས་ཡང་སོས་ཞག་གཅིག་གོང་འཕེལ་བས། །རང་ལོ་ལྔ་བརྒྱར་སྡུག་བསྔལ་བརྣག་དགོས་སོ། །དེ་ཉིད་རབ་ཏུ་དབྱེ་བའི་གྲངས་བཤད་པ། །མི་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་དང་། །སྟོང་ཕྲག་གཉིས་སུ་ངེས་པར་མདོ་ལས་གསུངས། །དེའང་ཐེག་པ་ཆེན་པོ་ཐུན་མོང་བའི་མདོ་དང་རྒྱུད་དང་བསྟན་བཅོས་རྣམས་སུ་རང་རང་གི་ལས་སྲབ་མཐུག་གིས་ཚེ་འཕོ་བ་ཙམ་ལས། གནས་རིས་དེར་ལྟུང་བ་རྣམས་ཚེ་ཚད་གཅིག་ཏུ་ངེས་པར་མ་གསུངས་ཏེ། གཉེན་པོ་དྲག་པོ་རྒྱུད་ལ་སྐྱེས་པ་ལ་སོགས་པ་གློ་བུར་དུའང་འཕོ་བ་དང་། རྡོ་རྗེ་སློབ་དཔོན་ལ་བརྙས་པ་ལ་སོགས་པ་བསྐལ་ཆེན་དུ་མར་གནས་དགོས་པར་བཤད་པས། ལས་ཀྱི་སྒྲིབ་པས་ཕྱེ་བ་ཡིན་ཏེ། བཤེས་སྤྲིང་ལས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་པ་ལྟར་ཡིན་ནོ། །སྐབས་འདིར་ཐེག་པ་ཐུན་མོང་དུ་གྲགས་པའི་དབང་དུ་བྱས་ཏེ། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པ་དང་། དྲན་པ་ཉེར་གཞག་དང་། ལས་རྣམ་འབྱེད་དུ་གསུངས་པ་ལྟར་བགྲངས་ན། མི་རྣམས་ཀྱི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཉིན་ཞག་གཅིག་གོ། །དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། །(༥༨)དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ནི། ཡང་སོས་པའི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱར་སྡུག་བསྔལ་ཏེ། མི་རྣམས་ཀྱི་ལོར་བརྩིས་ན། དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་ཡང་སོས་པ་དག་གིས་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་འབུམ་དང་། ཡང་དྲུག་ཁྲི་དང་། སྟོང་ཕྲག་གཉིས་ཀྱི་བར་དུ་ཐུབ་སྟེ། ཞེས་སོ། ། གཉིས་པ་ཐིག་ནག་ནི། དེའི་འོག་ན་གནས་པའི་དམྱལ་བ། ཐིག་ནག་འབར་བའི་སོག་ལེས་གཤགས་བཞིན་འབྱར། །འབྱར་བཞིན་གཤོག་པས་ཤིན་ཏུ་སྡུག་བསྔལ་བ། །མི་ཡི་ལོ་བརྒྱར་རྩ་གསུམ་ཞག་གཅིག་སྟེ། །དེ་ཡི་ལོ་སྟོང་ཐིག་ནག་ཞག་གཅིག་ལ། །རང་ལོ་སྟོང་ཐུབ་མི་ལོ་བྱེ་བ་ཕྲག །ས་ཡ་ཉིས་འབུམ་དགུ་ཁྲི་དྲུག་སྟོང་རྩ། །བཅུ་གཉིས་བར་དུ་ཐུབ་པར་སྟོན་པས་གསུངས། །ཇི་སྐད་དུ་བཤེས་སྤྲིང་ལས། ཁ་གཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤགས། །ཞེས་སོ། །ཚེ་ནི་མིའི་ལོ་བརྒྱ་ལ་སུམ་ཅུ་རྩ་གསུམ་པའི་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐིག་ནག་གི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་སྟོང་ཐུབ་སྟེ། དེ་ཉིད་མིའི་ལོར་བརྩིས་ན། དྲན་པ་ཉེར་གཞག་ལས། ཐིག་ནག་པ་དག་གིས་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་ས་ཡ་ཉིས་འབུམ་དང་། ཡང་དགུ་ཁྲི་དྲུག་སྟོང་རྩ་བཅུ་གཉིས་སུ་ཐུབ་སྟེ་ཞེས་སོ། ། གསུམ་པ་བསྡུས་འཇོམས་ནི། དེའི་འོག་ན། བསྡུས་འཇོམས་བྲག་རི་རྟ་དང་རྔ་མོ་དང་། །སྟག་དང་སེང་གེ་ལ་སོགས་འདྲ་བའི་བར། །རྡུལ་ཕྲན་བཞིན་འཇོམས་གྱེས་པས་སྔར་བཞིན་འཚོ། །ལྕགས་ཀྱི་ལྗོངས་སུ་ཐོ་བས་རྡུལ་བཞིན་འཐག །རབ་ཏུ་བཙིར་བས་ཁྲག་གི་རྒྱུན་འབབ་པ། །མི་ལོ་ཉིས་བརྒྱ་འཐབ་བྲལ་ཞག་གཅིག་སྟེ། །མཚེ་མའི་ཉིས་སྟོང་བསྡུས་འཇོམས་ཉིན་ཞག་གཅིག །རང་ལོ་སྟོང་ཕྲག་གཉིས་སུ་སྡུག་བསྔལ་ལོ། །དེ་ཡང་མི་ལོ་བྱེ་བ་ཕྲག་སུམ་འབུམ། །དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་ཐུབ་པར་གསུངས། །ཇི་སྐད་དུ། སློབ་སྤྲིང་ལས། རི་དང་མཉམ་ལུག་རུ་རིང་འཇིགས་སུ་རུང་པ་གཉིས། །འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་རློག་ཅིང་འཇོམས། །ཅུང་ཟད་བསིལ་བའི་རླུང་ཞིག་ལངས་པས་རྟས་ནས་དེ། །དེ་བཞིན་ཕྱིར་ཡང་ལན་བརྒྱར་ཀུན་ནས་ཕྱེ་མར་རློག །ཅེས་པ་དང་། བཤེས་སྤྲིང་དུ། ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་འཐག་པར་བགྱིད། །ཅེས་སོ། །དེའང་འཐབ་རྩོད་དང་བྲལ་བས་འཐབ་བྲལ་དང་། བུ་དང་བུ་མོ་གཉིས་པང་ནས་ལྷན་ཅིག་སྐྱེ་བས་མཚེ་མ་ཞེས་བྱ་བའི་ལྷ་ཡོད་དེ། མི་ལོ་ཉིས་བརྒྱ་ལ་དེའི་ཞག་གཅིག་ཏུ་བྱས་པའི་རང་ལོ་ཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ཉིས་སྟོང་ཐུབ་སྟེ། མི་ལོས་དབྱེ་ན། དྲན་པ་ཉེར་གཞག་ལས། བསྡུས་འཇོམས་པ་དག་གིས་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་(༥༩)སུམ་འབུམ་དང་། ཡང་དྲུག་ཁྲི་བརྒྱད་སྟོང་རྩ་གཅིག་གི་བར་དུ་ཐུབ་སྟེ་ཞེས་སོ། ། བཞི་པ་ངུ་འབོད་ནི། དེའི་འོག་ན་ཡང་། ངུ་འབོད་འབར་བའི་མེས་འཚིག་འོ་དོད་འབོད། །ལྕགས་ཞུན་བསྐོལ་བར་འཚེད་པས་སྡུག་བསྔལ་བ། །མི་ལོ་བཞི་བརྒྱ་དགའ་ལྡན་ཉིན་ཞག་གཅིག །དེ་ཡི་བཞི་སྟོང་ངུ་འབོད་ཞག་གཅིག་སྟེ། །རང་ལོ་བཞི་སྟོང་བར་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། །བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་སྟོང་དང་། །བྱེ་བ་བདུན་ཕྲག་བར་དུ་ཐུབ་པ་འོ། །ཇི་སྐད་དུ། བཤེས་སྤྲིང་ལས། ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེག་ཁ་ཡང་བགྲད། །ཁ་ཅིག་ལྕགས་ཞུན་བསྐོལ་བའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་པེ་བཞིན་དུ་འཚེད། །ཅེས་པ་དང་། སློབ་སྤྲིང་དུ། ཁ་ཅིག་འབྲུ་མར་བསྐོལ་བའི་ཟངས་ཆེན་ནང་དུ་ལྷུང་། །གཞན་དག་བྱེ་མ་བསྲེགས་པ་མེ་སྟག་འཕྲོ་བ་ཡི། །ས་གཞི་རྐང་པ་བཞག་པའི་གནས་མ་ཐོད་པར་ལྟུང་། །ཞེས་སོ། །དེའང་མི་ལོ་བཞི་བརྒྱ་ལ་དགའ་ལྡན་པའི་ཞག་གཅིག་ཏུ་བརྩིས་པའི་བཞི་སྟོང་ལ་ངུ་འབོད་ཀྱི་ཞག་གཅིག་ཏུ་བརྩིས་ནས་རང་ལོ་བཞི་སྟོང་ཐུབ་སྟེ་མིའི་ལོས་བགྲངས་ན། དྲན་ཉེར་ལས། ངུ་འབོད་པ་དག་གིས་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་ས་ཡ་གཉིས་དང་། བྱེ་བ་ཕྲག་དགུ་འབུམ་བཞི་ཁྲི་དང་། ཡང་སྟོང་དང་བྱེ་བ་ཕྲག་བདུན་དུ་ཐུབ་སྟེ་ཞེས་སོ། ། ལྔ་པ་ངུ་འབོད་ཆེན་པོ་ནི། ཡང་དེའི་འོག་ན། འབོད་སྒྲོགས་ཆེན་པོ་ལྕགས་ཁྱིམ་འབར་བ་རུ། །འབར་བའི་མེས་བསྲེག་གཤིན་རྗེས་འཚོག་པར་བགྱིད། །མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག་སྟེ། །དེ་ལོ་བརྒྱད་སྟོང་ངུ་འབོད་ཆེའི་ཞག་གཅིག །རང་ལོ་བརྒྱད་སྟོང་ཉིད་དུ་སྡུག་བསྔལ་བ། །མི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། །བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉིས་སྟོང་། །དྲུག་ཅུ་རྩ་དྲུག་བར་དུ་ཐུབ་པ་ཡིན། །ཇི་སྐད་དུ། སློབ་སྤྲིང་ལས། དམྱལ་མེ་དུ་བ་ཚེ་དཀུ་འཐུལ་བ་མནམ་པས་གནམ་མདོག་འགྱུར། །མེ་ལྕེའི་ལམ་མང་རྣམ་པར་འཕྲོས་པས་ཕྱོགས་ཀྱི་དཀྱིལ་འཁོར་ཁེབས། །རུས་གོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྡུད་པས་སྐྱི་གཡའ་བ། །གླང་ཆེན་པགས་གྱོན་སྡིགས་ཐབས་ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །ལ་ལར་མེ་སྟག་ཆེར་འཕྲོ་འཁྲུག་པའི་འུར་སྒྲ་ཏོག་ཡར་ལ། །ཞག་གིས་བབ་ན་སྐད་འགའ་བདོ་བའི་རྩེ་ཞིལ་ཆིལ་ཆིལ་འབར། །བྲང་གི་རུས་པའི་ཁོང་དུ་ཐལ་ནས་ལྷག་ལྷག་སྒྲ་གྲགས་པ། །བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱད་དུ་མེད་པའི་ནང་དུ་ལྷུང་། །ཞེས་སོ། །མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག་ཏུ་བརྩིས་པའི་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་ཏུ་བགྲངས་པའི་རང་ལོ་བརྒྱད་སྟོང་སྟེ་མིའི་ལོར་བརྩིས་ན། དྲན་ཉེར་ལས། འབོད་སྒྲོགས་ཆེན་པོས་ནི་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་ས་ཡ་གསུམ་དང་། ཡང་བྱེ་བ་ཕྲག་ལྔ་(༦༠)འབུམ་ལྔ་ཁྲི་ཉིས་སྟོང་དང་དྲུག་ཅུ་རྩ་དྲུག་གི་བར་དུ་ཐུབ་སྟེ་ཞེས་སོ། ། དྲུག་པ་ཚ་བ་ནི། དེའི་འོག་ན། ཚ་བ་ལྕགས་ཁང་ནང་ཞུགས་མདུང་ཐུང་གིས། །ཀླད་པ་འགེམས་ཤིང་ཐོ་བས་རབ་ཏུ་བརྡུང་། །འབར་བའི་མེ་ལྕེས་ཕྱི་ནང་ཀུན་དུ་བསྲེག །མིའི་ལོ་སྟོང་དང་དྲུག་བརྒྱ་གཞན་འཕྲུལ་ཞག །དེ་ཡི་ལོ་ཁྲི་དྲུག་སྟོང་ཚ་བའི་ཞག །རང་ལོ་ཁྲི་དང་དྲུག་སྟོང་བར་ཐུབ་པ། །མི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། །བཞི་འབུམ་དང་ནི་བྱེ་བ་ཁྲག་ཁྲིག་ཕྲག །དྲུག་སྟོང་ལྔ་བརྒྱ་སུམ་ཅུ་སྙེད་མཆིས་སོ། །ཡང་། སློབ་སྤྲིང་ལས། གཤིན་རྗེའི་ལག་ན་ཐོགས་པ་དུས་ཀྱི་ཞགས་པ་ལྟའི། །སྦྲུལ་གདུག་མགོ་འཕང་བསྟོད་པས་དམ་གཞག་གཞུངས་ནས་ནི། །གསོན་པོར་ཁྭ་དང་བྱ་དཀར་ཀཱངྐ་བྱ་རྒོད་ཀྱིས། །དེར་གནས་མིག་དང་ཀླད་པ་ཚམ་ཚོམ་མེད་པར་འབྲུ། །ཞེས་སོ། །མི་ལོ་སྟོང་ཕྲག་དྲུག་བརྒྱ་ལ་གཞན་འཕྲུལ་དབང་བྱེད་ཀྱི་ཞག་གཅིག་ཏུ་བརྩིས་པའི་ཁྲི་དྲུག་སྟོང་ཚ་བའི་ཞག་གཅིག་ཏུ་བྱས་ཏེ་རང་ལོ་ཁྲི་དྲུག་སྟོང་སྟེ་མིའི་ལོར་བརྩིས་ན། དྲན་ཉེར་ལས། ཚ་བས་ནི་མི་རྣམས་ཀྱི་ལོ་བྱེ་བ་ཕྲག་ས་ཡ་བརྒྱད་དང་། ཡང་བཞི་འབུམ་དང་། བྱེ་བ་ཁྲག་ཁྲིག་ཕྲག་དྲུག་སྟོང་ལྔ་བརྒྱ་དང་སུམ་ཅུའི་བར་ཐུབ་སྟེ་ཞེས་སོ། ། བདུན་པ་རབ་ཏུ་ཚ་བ་ནི། དེའི་འོག་ན་ཡང་། རབ་ཏུ་ཚ་བ་ལྕགས་ཁྱིམ་ཉིས་རིམ་ནང་། །འབར་བའི་མེ་དང་མདུང་རྩེ་གསུམ་པས་བསྣུན། །སྤྱི་བོ་ཕྲག་པ་གཉིས་ཕྱུང་ལེབ་མས་དཀྲིས། །ཟངས་ཆེན་ཁོལ་མར་འཚེད་པས་སྡུག་བསྔལ་བ། །ཚེ་ཚད་བར་གྱི་བསྐལ་པ་ཕྱེད་ཐུབ་སྟེ། །མི་ལོའི་གྲངས་ཀྱིས་གཞལ་བའི་ཡུལ་ལས་འདས། །འཇིག་རྟེན་ཆགས་གནས་འཇིག་སྟོངས་བསྐལ་ཆུང་བཞི། །བར་བསྐལ་གཅིག་སྟེ་བརྒྱད་ཅུ་བསྐལ་ཆེན་ནོ། །དེ་ཡང་། མདོ་ལས། གནོད་པའི་ཚོགས་རབ་འབར་བས་རབ་ཚ་བ། །མདུང་རྩེ་གསུམ་དང་རྡོ་རྗེས་ལུས་བསྣུན་ཞིང་། །ཟངས་ཆེན་འབར་བར་འཚེད་ཅིང་ལེབ་མས་དཀྲིས། །ཕྱི་ནང་འབར་བའི་མེས་འཚིག་བསྟི་བ་ཙམ། །ཞེས་སོ། །ཚེ་ཚད་ནི་ལོས་གཞལ་བར་མི་ནུས་པས། དེའང་བསྐལ་པ་ཆགས་འཇིག་སྟོངས་གནས་བཞིའི་རིམ་པ་ལ་བར་བསྐལ་དུ་བརྩིས་པའི་ཕྱེད་ཐུབ་པ་ནི། དྲན་ཉེར་ལས། རབ་ཏུ་ཚ་བ་དག་གིས་བར་གྱི་བསྐལ་པ་ཕྱེད་ཀྱི་ཚད་དུ་སྡུག་བསྔལ་གྱི་ཚོར་པ་དེས་བརྣག་དགོས་ཏེ་ཞེས་སོ། ། བརྒྱད་པ་མནར་མེད་ནི། དེའི་འོག་ན། མནར་མེད་ལྕགས་ཁང་མེ་ལྕེ་འབར་བའི་ནང་། །སེམས་དམྱལ་ཀུ་ཅོ་སྨྲེ་སྔགས་འདོན་པ་ལས། །མེ་དང་སེམས་ཅན་སོ་སོར་མཐོང་བ་མེད། །མར་མེ་འབར་བ་སྙིང་པོ་ལ་ཞེན་བཞིན། །སྲོག་གི་ཟུངས་ཙམ་མེ་ནང་དབུས་གནས་པ། །བར་བསྐལ་གནས་པའི་ཡུན་གཅིག་བརྣག་དགོས་ཏེ། །དེ་ལས་ཆེ་བའི་སྡུག་བསྔལ་གཞན་མེད་པས། །མནར་མེད་བསྟིར་མེད་ཅེས་སུ་བཤད་པ་ཡིན། །ཇི་སྐད་དུ། (༦༡)སློབ་སྤྲིང་ལས། གློ་ནས་རྩ་སྐམ་སྙིང་ལ་སྦར་བ་ལྟ་བུར་མེ་ཚོགས་འབར། །མགྲིན་དང་ཁ་ནས་མེ་ལྕེ་འབར་བ་དུད་བཅས་བསྟུད་མར་འབྱུང་། །ཁོང་ལྟོ་གས་པ་ནས་ལུག་ནང་ཁྲོལ་ནར་བས་ཀུན་བྲེད་ཅིང་། །བརྡ་མི་འཕྲོད་པའི་སྐད་ཆེན་འདོན་པ་ཙམ་ཞིག་བྱེད་པར་ཟད། །སྡུག་བསྔལ་ཆེ་ལས་ཐར་པར་འདོད་པ་དེ་དག་ཡང་ནས་ཡང་། །སྒོ་བྱེའི་གསེབ་གཞན་མཐོང་ནས་ཐག་རིང་ཅི་ཞིག་བལྟ་སྟེ་འབྱེར། །གང་ཚེ་ལས་ཀྱི་སྒོ་འཕར་དམ་པོས་དེ་ཡང་བཅད་གྱུར་པ། །དེ་ཚེ་ཡི་མུག་བཟོད་གླགས་སྡུག་བསྔལ་གཞན་ཡང་འབྱུང་བར་འགྱུར། །མདའ་ཆེན་རྣོ་ཚོགས་འབར་བ་ཆར་བཞིན་འབབ་པའི་རྗེས་ལ་ཡང་། །དམྱལ་བའི་སྲུང་མས་དབྱུག་པས་བཏབ་ཅིང་མཆི་མ་འཛག་བཞིན་དུ། །ལྕགས་ཞུན་ཁུ་བ་མེ་སྟག་འབར་བའི་ཕྲེང་བ་འཁྲིགས་པ་ལྡུད། །ཁ་སྣ་རྣ་བའི་བུ་ག་དག་ནས་དུད་འཐུལ་གྱེན་དུ་འཕྱུར། །མིག་དང་ཀླད་སྤྲིས་རྡོལ་གྱི་བར་དུ་ཀུན་བྲེད་ཅིང་། །ཀླད་པའི་རྒྱ་ལ་འབར་བའི་མེ་ལྕེ་སྨུག་ནག་ཚོགས། །མེ་དེ་ཁྲོས་པ་ལྟ་བུ་དེ་ཡི་ལུས་ཕུང་ལ། །བུད་ཤིང་སྐམ་པོ་བཅེར་ལ་སྤར་བ་བཞིན་དུ་མཆེད། །ཅེས་པ་དང་། བཤེས་སྤྲིང་དུ། དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །ཅེས་སོ། །ལས་རྣམ་དབྱེ་ལས། མནར་མེད་པའི་སྒོ་ན་ལྕགས་ཀྱི་རི་དཔག་ཚད་སྟོང་དྲུག་ཁྲི་པ་ཞིག་ཡོད་དེ། དེ་ཉིད་སེམས་ཅན་དམྱལ་བ་པ་དག་གིས་དོར་བས་ཟད་པ་ན་དེ་དག་གི་ཚེ་འཕོ་བར་ཡིན་ཏེ་དཔག་ཏུ་མེད་དོ་ཞེས་གསུངས་པ་ནི་ལས་ཤིན་ཏུ་མཐུག་པོ་ཆོས་སྤངས་པ་དང་། དམ་ཚིག་ཉམས་པ་ལ་སོགས་པ་ཡིན་པར་མངོན་ནོ། །དྲན་ཉེར་ལས། མནར་མེད་པ་དེ་དག་བར་གྱི་བསྐལ་པ་དེ་འདས་ནས་ཚེ་འཕོ་བར་འགྱུར་ཏེ། རྒྱ་ལ་མི་ཞིག་ཏུ་སྐྱེས་ཀྱང་དབང་པོ་མ་ཚང་བ་དང་ཞེས་པ་ལ་སོགས་པ་གསུངས་སོ། ། དགུ་པ་དེ་དག་གི་དོན་བསྡུ་བ་ནི། ད་ནི་དོན་བསྡུ་བ། གོང་དུ་སྨོས་པའི་དམྱལ་བ་དེ་དག་ཀྱང་། །རིམ་བཞིན་མེ་ལྕེ་བདུན་འགྱུར་གྱིས་ཚ་ལ། །འོག་མར་སྔ་མའི་སྡུག་བསྔལ་ལྷག་དང་བཅས། །ཇི་སྲིད་ལས་མ་ཟད་པར་སྡུག་བསྔལ་མྱོང་། །དེའང་བཤད་མ་ཐག་པའི་དམྱལ་བ་རྣམས་ནི་མེ་ལྕེ་བདུན་འགྱུར་གྱིས་ཚར་འགྲོ་བ་སྟེ། རྣམ་འབྱེད་ལས། ཐ་མལ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་པ་ལྟར་གནས་ལ། གོང་མ་གོང་མའི་སྡུག་བསྔལ་རྣམས་ཡོད་བཞིན་དུ་ཕྱི་མ་རྣམས་མཛེ་ཐོག་ཏུ་ཕོལ་བྱུང་བ་ལྟར་བརྩེགས་མར་ལྡན་ཞིང་། ཚོར་བ་བདུན་འགྱུར་གྱིས་རགས་པ་ལྟར། སྡུག་བསྔལ་ཡང་བདུན་འགྱུར་གྱིས་ཆེ་བ་ཡིན་ཏེ་ལས་མ་ཟད་ཀྱི་བར་དུ་མྱོང་དགོས་སོ། ། བཅུ་པ་ཉི་ཚེ་བ་ལ་གཉིས་ཀྱི། ཉི་ཚེ་བ་དངོས་བཤད་པ་ནི། དེ་དག་གི་ཁོངས་སུ་འདུ་བའི་དམྱལ་བ། ཉི་ཚེ་རི་དང་ལྗོན་ཤིང་ནམ་མཁའ་དང་། །བྲག་བར་(༦༢)མེ་ཆུ་ངེས་མེད་གནས་རྣམས་སུ། །ཉུང་ངུར་གནས་དང་འདུས་དང་གཅིག་པུར་གནས། །དེར་ནི་སྡུག་བསྔལ་གང་རུང་རེ་རེས་གདུང་། །དེ་ཕྱིར་ཉི་ཚེ་བ་ཞེས་བཤད་པ་ཡིན། །འདི་ལྟར་རི་དང་། བྲག་དང་། ཆུ་དང་། མེ་དང་། ནམ་མཁའ་ལ་སོགས་པ་ངེས་པ་མེད་པའི་གནས་སུ་ཉི་ཚེ་བའི་སེམས་ཅན་གཏུན་ལྟ་བུ་དང་། ཐག་པ་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། མགལ་དུམ་ལྟ་བུ་དང་། སྡོང་དུམ་ལྟ་བུ་དང་། སེམས་ཅན་ཐ་དད་པའི་གཟུགས་ལྟ་བུ་དུ་མ་འདུས་སམ། གཅིག་པུར་གནས་ཀྱང་རུང་སྟེ། ཚ་བ་དང་། གྲང་བ་དང་། བཀྲེས་པ་དང་། སྐོམ་པ་དང་། གཤགས་པ་དང་། གཏུབ་པ་དང་། འཚེད་པ་ལ་སོགས་པའི་སྡུག་བསྔལ་གང་རུང་རེ་རེ་ནི་བཟོད་གླགས་མེད་པས་ཉིན་མཚན་ཕྱེད་མའམ། ཡུད་ཙམ་མམ། རྟག་པར་ལས་ཀྱི་ལེན་པོ་ཐ་དད་པའི་དབང་གིས་གདུང་བས་ན་ཉི་ཚེ་བ་ཞེས་བྱ་སྟེ། འདུལ་བ་ལུང་ལས། དེ་ནས་མཽངྒལ་གྱི་བུས་རྒྱ་མཚོའི་མཐར་ཕྱིན་པ་ལས། ཉི་ཚེ་བའི་སེམས་ཅན་དམྱལ་བ་གཏུན་ལྟ་བུ་དང་། ཕྱགས་མ་ལྟ་བུ་དང་། ལྗོན་ཤིང་ལྟ་བུ་རབ་ཏུ་མང་པོ་སྡུག་བསྔལ་གྱིས་གདུངས་པ་མཐོང་སྟེ་སྨྲས་པ། སྲིད་པ་ན་ནི་བདེ་བ་མེད། །ཉི་ཚེ་བ་བཞིན་འགྲོ་བ་ཀུན། །སོ་སོའི་སྡུག་བསྔལ་རྣམས་ཀྱིས་གདུང་། །འབར་བའི་ཁྲོད་ན་གནས་པ་འདྲ། །ཞེས་པ་བཞིན་ནོ། ། གཞན་གྱི་འཁྲུལ་པ་དགག་པ་ལ། ཚུལ་གཞན་གྱི་ལོག་པར་རྟོག་པ་དགག་པ་ནི། གཞན་དག་ཚེ་དང་ཁ་ཅིག་འདུས་པ་ཉུང་། །དེ་ཡིས་ཉི་ཚེར་འདོད་པ་འཁྲུལ་པ་སྟེ། །བྲག་བར་སྡིགས་གཟུགས་ཚེ་ཡང་རིང་ཡོད་ལ། །ཉི་ཚེར་གདུགས་ཚོད་འདུས་པའི་ཉན་ཐོས་གཟུགས། །ལྔ་བརྒྱ་ཕན་ཚུན་མཚོན་གྱིས་འདེབས་པར་གསུངས། །ཁ་ཅིག་ནི་ཚེ་ཉི་མ་རེ་ལས་མེད་པས་ཉི་ཚེ་བའོ་ཞེས་པའང་མི་འཐད་དེ། ལྕགས་ཀྱི་ཁྱིམ་ན་སྐྱེས་པའི་རབས་ལས། ད་དུང་ལོ་ནི་མང་པོ་ཞིག །ཕྱིར་ཡང་དམྱལ་བ་འདིར་གནས་སོ། །ཞེས་པས་གནོད་ལ། ཁ་ཅིག་གཅིག་པུར་གྲོགས་མེད་པར་གེར་བའི་ཕྱིར་ཉི་ཚེ་བའོ་ཞེས་པའང་མ་ཡིན་ཏེ། གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིས་ཕྱིན་པ་ན། གཙུག་ལག་ཁང་དྲྭ་བ་ཅན་ཅིག་ན་གཎྜཱི་བརྡུངས་པ་ལས། ཉན་ཐོས་ཀྱི་གཟུགས་ལྔ་བརྒྱ་འདུག་མ་ཐག་ཏུ་གཅིག་གིས་གཅིག་ལ་བརྩད་ནས་མཚོན་ཆ་དག་གིས་ཁ་དག་པར་བྱས་སོ། །དེ་ནས་གདུགས་ཚོད་ཐོབ་པའི་ཡུན་ཙམ་ན་ཕྱིར་ཡང་འོང་བ་མཐོང་བར་ལུང་ལས་གསུངས་པས་གནོད་དོ། ། བཅུ་གཅིག་པ་ཉེ་འཁོར་བ་བཤད་པ་ལ་གཉིས་ཀྱི། དང་པོ་མདོར་བསྟན་པ་ནི། ད་ནི་མནར་མེད་པའི་དམྱལ་བའི་འཁོར་ལྷག་པོ་བཅུ་དྲུག་གི་འགྲོ་བ་བཤད་པ། ཉེ་འཁོར་མནར་མེད་ཁང་པའི་ཕྱི་རོལ་བཞིར། །མེ་མར་མུར་དང་རོལ་མྱགས་མཚོན་ཆའི་ཐང་། །ཆུ་བོ་རབ་མེད་བཞི་བཞི་བཅུ་དྲུག་གོ། ། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་གི། དང་པོ་ནི། དེ་ཡང་ཕྱོགས་གང་དུ་ཕྱིན་ཡང་འཁོར་བ་ལས། རེ་ཞིག་མེ་མར་མུར་གྱི་འོབས་ནི། མནར་(༦༣)མེད་སྒོ་བྱེ་སྙམ་ལས་ཕྱིར་འཐོན་པས། །འོབས་བཟང་གྲིབ་མ་མཐོང་ནས་ཕྱིན་མ་ཐག །མདག་མེ་འབར་བ་པུས་མོ་ནུབ་བརྒལ་བས། །ཤ་ཀུན་ཚིག་ནས་རུས་པ་ཀུནྡའི་མདོག །ཡང་སོས་སྔར་བཞིན་ཤིན་ཏུ་སྡུག་བསྔལ་ལོ། །སྔར་མནར་མེད་ཀྱི་ལྕགས་ཁང་དུ་ཚ་བའི་སྡུག་བསྔལ་ཉེན་ཆེས་པས། ལས་ཕལ་བསྲབས་པ་དང་། སྒོ་བྱེ་བ་སྙམ་བྱེད་ནས་བྲོས་པས་ཕྱིར་འཐོན་པ་ན་འོབས་བཟང་པོ་གྲིབ་མ་ཅན་འདྲ་བར་མཐོང་ཞིང་ལྕགས་ཀྱི་ཁྱི་དག་གིས་དེད་པ་ལས། སྡུག་བསྔལ་བར། སློབ་སྤྲིང་དུ། རལ་པའི་ཚོམས་མང་སྤུངས་པས་བསྒྱིངས་པའི་ཁྱི་དག་གིས། །མཆེ་བ་གཟེང་རིང་རྡོ་རྗེའི་རྩེ་མོས་ལུས་འབྲད་ཅིང་། །ཆུ་བོ་རབ་མེད་ཐལ་སྐྱོ་མེ་ལྕེས་གང་བའི་ངོགས། །རྡོ་བ་ཟུར་རྡོམ་རྩེ་རྣོན་མི་བཟད་ཅན་དུ་བདའ། །ཞེས་སོ། །དེར་བྱིང་བས་ཤ་རུས་ཚིག་ཅིང་ཡང་སོས་པར་གྱུར་ཏོ། ། གཉིས་པ་ནི། དེ་ལས་ཐར་པ་སྙམ་བྱས་ནས་ཕྱིན་པ་ན། ཡང་ནི་བསིལ་བའི་འདམ་མཐོང་ཞུགས་མ་ཐག །རོ་མྱགས་རུལ་དྲི་ང་བའི་འདམ་བྱིང་ནས། །ལྕགས་ཟངས་གསེར་གྱི་མཆུ་ཅན་སྲིན་བུས་འབིགས། །སློབ་སྤྲིང་ལས། ཁ་ཅིག་འབུ་སྦྲང་ཕྲ་མོ་ལྕིག་ལྕིག་འདུག་པ་ཡི། །ཚོགས་ཀྱིས་ལུས་རྨུགས་བམ་ཞིང་རྣམ་པར་འདྲུལ། །ལས་ཀྱི་རང་བཞིན་རྙི་ལ་འཚོ་བ་ཐོགས་པ་རྣམས། །བསྐྱོད་པ་ཙམ་ཡང་བྱ་བར་མི་ནུས་བཞིན་དུ་གསོན། །ཞེས་སོ། ། གསུམ་པ་ནི། དེ་ནས། སླར་ཡང་ཐང་ཉམས་དགའ་མཐོང་ཕྱིན་མ་ཐག །སྤུ་གྲི་འབར་བས་དུམ་བུར་གཏུབས་ཤིང་འཚོ། །ཡང་། དེ་ཉིད་ལས། སྤུ་གྲི་རྣོ་གཏམས་ལྕུག་ཚལ་ལོ་མ་རལ་གྲི་ཡི། །ནང་དུ་ཐང་ཆད་བརྒྱུགས་ན་ལུས་རྨས་སྐྱབས་མེད་པ། །རྩེ་གསུམ་མདུང་ཐུང་མདའ་དང་རལ་གྲི་རྣོས་གང་བའི། །ཁྲོན་པ་གཤིན་རྗེའི་ཁ་བས་ཐུ་བའི་ནང་དུ་ལྟུང་། །ཞེས་སོ། ། བཞི་པ་ནི། དེ་ནས་སླར་ཡང་། ནགས་འདབ་ཡིད་འོང་གང་དུ་ཕྱིན་པ་ལས། །རལ་གྲིའི་ནགས་ཚལ་ལས་རླུང་འཁྲུག་པས་བཅོམ། །ཇི་ལྟར་ན། དེ་ཉིད་ལས། ཉི་ཚན་གྱིས་གདུངས་བཟོད་དཀའ་བརླག་པས་སྐྱོ་བའི་ལུས། །ལྗོན་ཤིང་ལོ་མ་སྔོ་སྟུག་མཐོང་ནས་སོང་བ་དང་། །དེ་ཡི་ལོ་མ་མཚོན་བརྒྱ་ལྷུང་བས་ལུས་དབང་ཅིང་། །དེ་ན་ཡུན་རིང་ངུད་མོ་ལས་བཤེས་བརླག་པར་གནས། །ཞེས་སོ། ། ལྔ་པ་ནི། ཡང་། དེ་འདས་རི་བོར་རབ་ཏུ་ཉམས་དགའི་རྩེར། །སྔོན་གྱི་ཡུལ་འབོད་མཐོང་སྟེ་ཕྱིན་པ་ལས། །ལྕགས་ཀྱི་ཐུར་མ་རྣོན་པོས་ཤ་ཁྲག་གཟགས། །སྟེང་དུ་སོན་ཚེ་བྱ་རྒོད་ཀླད་པ་འགེམས། །སླར་ཡང་རི་ཡི་དྲུང་ནས་འབོད་པ་སྙམ། །འཐུར་དུ་བབས་པས་ཐུར་མས་གྱེན་དུ་གཟགས། །ཐང་མཚམས་སྐྱེས་པ་བུད་མེད་མཆེ་རྣོན་ཅན། །འབར་བས་འཁྱུད་དེ་ཤིན་ཏུ་སྡུག་བསྔལ་ཞིང་། །ཁྱི་དང་ཅེ་སྤྱང་མང་པོས་ཟ་བར་བགྱིད། །དེའང་རི་རབ་ཏུ་དགའ་བ་སྙམ་པའི་དྲུང་དུ་ཕྱིན་པ་ན་སྔོན་སྐྱེས་པ་དང་བུད་མེད་རང་རང་གིས་འཁྲིག་(༦༤)པའི་ཆོས་བསྟེན་པའི་ཡུལ་དེ་དང་། ཉེ་དུ་དང་འབྲེལ་བ་མཐོང་ནས་འབོད་པ་སྙམ་པ་ལས་འཛེགས་པ་ན། ལྕགས་ཀྱི་ཐུར་མས་འཐུར་དུ་ཤ་ཁྲག་གཟགས་ཤིང་། དེ་བཞིན་དུ་འཐུར་ལ་བབས་པས་གྱེན་དུ་གཟགས་ནས་སྡུག་བསྔལ་བ་ཉིད་ཀྱང་། དེ་ཉིད་ལས། ཤལ་མ་ལི་མཐོ་མི་བཟད་དེ་ལ་མྱུར་འཛེགས་ན། །ཚེར་མའི་ཚོགས་ཁ་འཐུར་དུ་བལྟས་པ་ཐལ་འབྱིན་ཞིང་། །ཟུག་རྔུ་ཚབས་པོ་ཆེ་དག་ཁོང་རླག་ནུབ་པར་འགྱུར། །ཞེས་དང་། ཡང་། འཐུར་དུ་བབས་ན་ལྕགས་ཚེར་གྱེན་དུ་ཁ་བལྟས་པ། །རྩུབ་ལ་རྣོ་བ་མང་པོས་ལུས་ཕུག་དྲན་པ་ཉམས། །དེ་ན་ཁ་ཅིག་མདུང་རྩེ་གསུམ་པ་འབར་བ་དང་། །ཟུག་རྔུ་རྣོན་པོས་ལུས་དབང་འཐུར་དུ་འབེབས་མི་ནུས། །དེ་ཚེ་མཚོན་ཆ་བརྡར་བའི་མཆུ་ཅན་ཁྭ་རྣམས་ཀྱིས། །ཀུན་དུ་དྲངས་པས་རྒྱུ་ལྟོ་བྲང་བྲེང་ནར་ཞིང་འཐོར། །ཁ་ཅིག་རི་བོའི་གཡང་ས་ཡ་ངར་གཡང་དུ་ལྟུང་། །ཞེས་པ་དང་། བུད་མེད་ཀུན་ནས་མེ་ལྕེ་བརྒྱ་ཕྲག་འཐོན་པའི་མེ། །མེ་སྟག་འཕྲེང་བ་འཁྲིགས་པའི་རྒྱན་གྱིས་བཞུགས་གྱུར་ཅིང་། །སོག་ལེ་ལྟ་བུ་རྩུབ་པའི་ལུས་ཀྱིས་ཐོན་མེད་པར། །ཤིན་ཏུ་སྡུག་པའི་ཚུལ་དུ་བཅུམ་ནས་འཁྱུད་པར་བྱེད། །ཅེས་སོ། ། དྲུག་པ་ནི། དེ་ནས། ཡང་ནི་བསིལ་བའི་ཆུ་ཀླུང་འབབ་མཐོང་ནས། །དགའ་བས་སོང་སྟེ་རབ་ཏུ་འབོག་མ་ཐག །ཐལ་ཚན་རྐེད་ནུབ་ཤ་རུས་ཚིག་གྱུར་ཅིང་། །འགྲམ་གཉིས་གཤིན་རྗེའི་སྐྱེས་བུས་བསྲུང་བར་མཐོང་། །དེར་ནི་ལོ་སྟོང་མང་པོར་སྡུག་བསྔལ་ལོ། །ཇི་སྐད་དུ། དྲན་ཉེར་ལས། དེ་དེ་ལྟར་སོང་བ་ལས། ཆུ་ཀླུང་གི་འདུ་ཤེས་སྐྱེས་ཏེ། རྒལ་མ་ཐག་ཏུ་རྐེད་པ་ལ་ཐུག་གི་ཤ་རྣམས་ཀྱང་ཚིག །རུས་པ་རྣམས་ཀྱང་བྱེ་ཞིང་བྲལ་བ་ལས་སླར་སོས་ཤིང་འགྲམ་དག་ན་སྔོན་རྣམ་པར་རྩེན་པའི་གཤིན་རྗེའི་སྐྱེས་བུས་བསྲུང་བར་སྣང་ངོ་ཞེས་སོ། ། བཅུ་གཉིས་པ་སྡུག་བསྔལ་དེ་ལས་བཟློག་པར་གདམས་པ་ནི། ཇི་སྐད་བསྟན་པ། ཚ་བའི་སྡུག་བསྔལ་ཆེན་པོས་གདུང་བ། དེ་ལྟའི་དམྱལ་ལ་སུ་ཞིག་འཇིགས་མི་བྱེད། །སྲིད་ན་དེ་འདྲའི་སྡུག་བསྔལ་དཔག་ཏུ་མེད། །རང་བཞིན་ཤེས་ནས་འདའ་བའི་ཐབས་འཚལ་ལོ། །ཞེས་གདམས་སོ། ། གྲང་བའི་དམྱལ་བ་ལ་གསུམ་གྱི། དང་པོ་གྲང་དམྱལ་བརྒྱད་བཤད་པ་ནི། ད་ནི་གྲང་བའི་སྡུག་བསྔལ་བཤད་པ། གྲང་བས་ཉམ་ཐག་པ་ཡང་རྣམ་པ་བརྒྱད། །གངས་སོགས་ཤིན་ཏུ་གྲང་བའི་གནས་དག་ཏུ། །མུན་ནག་བུ་ཡུག་འཚུབས་པས་སྦྲེབས་པའི་ལུས། །ཆུ་བུར་ཅན་དང་ཆུ་བུར་རྡོལ་བ་ཅན། །གྲང་བས་སོ་འཐམས་སྨྲེ་སྔགས་ཨ་ཆུ་ཟེར། །ཀྱི་ཧུད་ཨུཏྤལ་ལྟར་གས་པདྨ་དང་། །པདྨ་ཆེ་ལྟར་གས་པའི་རྨ་ནང་དུ། །སྲོག་ཆགས་མཆུ་རྣོན་འབར་བས་ཟ་བ་ནི། །ཇི་སྲིད་ལས་མཐའ་གཏུགས་ཚེ་གཡོ་བར་འགྱུར། །གངས་དང་ཁ་བའི་སྦུབས་གྲང་ཞིང་མུན་ནག་དང་རླུང་ནག་གྲང་མོ་འཚུབས་པས་ཉེན་ནས། ལུས་ཆུ་བུར་དུ་རུམ་པ་དང་། ཆུ་བུར་རྡོལ་ནས་རྨར་སོང་བ་དང་། ཨ་ཆུ་ཙམ་ལས་སྨྲ་མི་ཕོད་(༦༥)པ་དང་། ཀྱི་ཧུད་ཅེས་སྨྲ་བ་དང་། སོ་འཐམས་ཏེ་སྐད་མི་ཐོན་པ་དང་། རྨ་དེ་དག་ཨུཏྤལ་ལྟར་རྩ་བ་ཕྲ་ལ་འདབ་མ་ཆེ་བར་ཡོད་པ་ཕྱི་ནང་ལོག་པ་དང་། པདྨ་ལྟར་བཞི་ཚལ་དུ་གས་པ་དང་། པདྨ་ཆེན་པོ་ལྟར་བརྒྱད་ཚལ་དུ་གས་ཤིང་། ཆུ་རྒྱུས་ཕྲ་མོས་འབྲེལ་བའི་རྨ་ནང་དུ་སྲོག་ཆགས་ཞུགས་ནས་ཟ་བ་སྟེ། གྲང་བའི་སྡུག་བསྔལ་དཔག་ཏུ་མེད་པ་ནི། སློབ་སྤྲིང་ལས། ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིང་བ་ཡིས། །ལུས་སྦྲེབས་འདར་ཤིང་བསྐུར་ནས་ཀུམ་ཀུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །རལ་གྲིས་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །དཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་གཡེངས་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཅིང་། །ལུས་དང་སེམས་ཀྱི་བར་དག་བློང་བློང་པོར་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་སོ། ། གཉིས་པ་ཚེ་ཚད་བཤད་པ་ནི། དེ་ལྟར་སྡུག་བསྔལ་བ་བརྒྱད་པོའི། ཚེ་ཡི་ཚད་ནི་ཀོ་ས་ལ་ཡི་ཁལ། །བཅུ་ཚན་ཉི་ཤུ་ཤོང་བའི་ཏིལ་རྫོང་ནས། །ལོ་བརྒྱར་ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་ཚེ་ལྷག་མ་ཉི་ཤུར་འགྱུར། །དེའང་། དྲན་ཉེར་ལས། འདི་ལྟ་སྟེ་གྲོང་ཁྱེར་ཀོ་ས་ལའི་བྲེས་གྲངས་སུ་བཅལ་བའི་ཏིལ་གྱི་ཚོགས་བཅུ་ཚད་ཉི་ཤུ་ཤོང་བའི་རྫོང་པ་ཞིག་ཏིལ་གྱིས་བར་མཚམས་མེད་པར་ཡོངས་སུ་གང་སྟེ། ཆུ་བུར་ཅན་གྱི་དམྱལ་བ་ལས་ལོ་བརྒྱ་བརྒྱ་ན་ཏིལ་ཉག་མ་རེ་རེ་ཕྱིར་ཕྱུང་བས་ཟད་པར་གྱུར་པ་དེའི་ཚེ། ཆུ་བུར་ཅན་གྱི་སེམས་ཅན་དམྱལ་བ་པ་དེ་དག་ཚེ་འཕོ་བར་རིག་པར་བྱ་སྟེ། གཞན་དག་ནི་དེ་ལས་ཀྱང་ཆེས་ལྷག་པ་ཉི་ཤུས་བསྒྲེས་པར་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ་ཞེས་སོ། །དེ་དང་མཐུན་པར། མཛོད་ལས་ཀྱང་། ཏིལ་རྫོང་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུང་བས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་དོ། །གཞན་གྱི་ཚེ་ནི་ཉི་ཤུར་འགྱུར། །ཞེས་སོ། ། གསུམ་པ་དེ་ལས་ཐར་པའི་ཐབས་ལ་བརྩོན་པར་གདམས་པ་ནི། དེ་ལྟར་ཚ་བ་དང་གྲང་བའི་སྡུག་བསྔལ་ཚད་མེད་པ་ལ་བསམས་ཏེ། སེམས་ལྡན་དག་གིས་སེམས་དམྱལ་འཇིག་རྟེན་ལས། །རབ་ཏུ་རྒྱལ་ཕྱིར་བརྩོན་པའི་སྟོབས་སྐྱེད་ཅིང་། །ཅེས་འདོམས་ཏེ། བཤེས་སྤྲིང་ལས། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གི། །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་པའི་ཚུལ་གྱིས་སོ། ། ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ལ་གསུམ་གྱི། དང་པོ་དབྱིངས་ན་གནས་པ་ནི། ད་ནི་ཡི་དྭགས་ཀྱི་སྡུག་བསྔལ་བསྟན་པ། ཡི་དྭགས་དབྱིངས་མཁར་རྒྱུ་བས་དབྱིངས་(༦༦)གནས་པ། །ལུས་ཆེ་རྐང་ལག་ཕྲ་ཞིང་ལྟོ་བ་ཡང་། །མགྲིན་པ་ཕྲ་ཞིང་ཁབ་ཀྱི་མིག་ཙམ་ཁ། །ཟས་སྐོམ་མི་རྙེད་བཀྲེས་སྐོམ་འབར་བས་གདུངས། །སྨན་ཤིང་མེ་ཏོག་ལ་སོགས་མཐོང་བས་བསྐམས། །ཕྱི་རོལ་ཡིད་དུ་མི་འོང་ངན་སྐྱུགས་ཟ། །ཟས་སྐོམ་མཐོང་ཡང་བསྲུང་བར་སྣང་བ་དང་། །ནང་གི་སྒྲིབ་པས་ལྟོ་བར་མེ་འབར་ཞིང་། །ཁ་ནས་མེ་ལྕེ་དུད་པར་བཅས་པ་འཐུལ། །སྤྱི་མཐུན་སྒྲིབ་པས་དབུལ་ཕོངས་འཇིགས་སྔངས་འཚེ། །ཉམ་ངའི་གནས་སུ་མགོན་མེད་སྡུག་བསྔལ་ཉེན། །དེའང་དབྱིངས་ན་གནས་པ་ལས། ཕྱིའི་སྒྲིབ་པ་ཅན་ནི་ཕྱི་རོལ་ཡིད་དུ་མི་འོང་བས་གང་འདོད་པ་མི་ཐོབ་ཅིང་། ལུས་ངན་ལ་ངན་སྐྱུགས་ཟ་ཞིང་ཟས་སྐོམ་མཐོང་ནའང་བསྲུང་བར་སྣང་བའམ། དྲུང་དུ་ཕྱིན་མ་ཐག་བསྐམས་པ་ལ་སོགས་པས་སྡུག་བསྔལ་བ་དང་། ནང་གི་སྒྲིབ་པ་ཅན་ནི་དེའི་སྟེང་དུའང་ལྟོ་ནས་མེ་འབར་ཞིང་དུ་བ་འཐུལ་བ་དང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི་དེ་དག་གི་སྟེང་དུའང་སྤྱིར་ཁྱབ་པར་ཡོད་པའི་སྡུག་བསྔལ་དབུལ་བ་དང་། ཕོངས་པ་དང་། བཀྲེས་པ་དང་། སྐོམ་པ་དང་། གཟུགས་མི་སྡུག་པ་དང་། དབང་པོ་མ་ཚང་བ་དང་། རྟག་ཏུ་གཞན་གྱིས་འཚེ་བས་འཇིགས་པ་དང་། སྐྱབས་དང་མགོན་མེད་པའོ། །དེ་སྐད་དུ། སློབ་སྤྲིང་ལས། མི་བཟད་སྐོམ་པས་རྒྱང་ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང་། །སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་སུངས་འདྲེས་པ་དང་། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །དུས་རླབས་རླུང་ལངས་ཆུ་མཐོར་རི་རྩ་བསིལ་གྱུར་ཅིང་། །ཙནྡན་ལྗོན་པ་སྔོ་འཁྲུངས་མ་ལ་ཡར་སོང་ན། །དེ་ཡང་འདི་ལ་ནགས་སྲེག་མེ་ལྕེ་རྣོས་འཁྲིགས་ཤིང་། །མགལ་དུམ་འགྱེལ་བ་མང་པོས་རད་རོད་ཅན་དུ་འགྱུར། །ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི། །དབུ་བ་བཙེར་བ་ལྷག་གེར་འདུག་པར་སོང་ན་ཡང་། །དེ་ཡང་འདི་ལ་བྱེ་ཚན་ཁུག་རྣ་དམར་རྩུབ་པའི། །རླུང་དམར་འཇེབས་པར་འཚུབ་པའི་མྱ་ངམ་ཉིད་དུ་འགྱུར། །འདི་ནི་དེར་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང་། །སྤྲིན་ལས་ལྕགས་མདའི་ཆར་པ་དུད་འཐུལ་མདག་མེར་བཅས། །ཚ་ཚ་རྡོ་རྗེའི་ཕ་བོང་རྣམ་འཕྲོ་གསེར་མདོག་ལྟའི། །གློག་འཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ། །ཅེས་སོ། ། གཉིས་པ་མཁའ་ལ་རྒྱུ་བ་ནི། ཕྲན་ཚེགས་པ་ནི། མཁའ་ལ་རྒྱུ་བའི་ཡི་དགས་འདྲེ་རྣམས་དང་། །གནོད་སྤྱིན་སྲིན་པོ་བཙན་དང་རྒྱལ་པོ་སོགས། །ལས་ཀྱི་རྫུ་འཕྲུལ་ཐོགས་མེད་ཀུན་དུ་རྒྱུ། །གནོད་པ་སྣ་ཚོགས་མངོན་པར་བསྒྲུབ་པ་སྟེ། །ནད་གཏོང་མདངས་འཕྲོག་ཚེ་ལ་བར་དུ་གཅོད། །ཚེ་ཚད་མི་ཡི་ཟླ་བར་ཉིན་ཞག་གཅིག །རང་ལོ་ལྔ་བརྒྱ་མི་ལོ་ཁྲི་ལྔ་སྟོང་། །གཤིན་རྗེའི་འཇིག་རྟེན་དག་ཏུ་སྡུག་བསྔལ་ལོ། །འདི་དག་ཀྱང་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་ཕྱིར་(༦༧)སྡུག་བསྔལ་དཔག་ཏུ་མེད་དེ། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམ་ང་བ་དང་། བཀྲེས་སྐོམ་དང་། གང་དུ་སྙིང་ཉེ་ནས་ཕྱིན་པ་དེ་དག་ཏུའང་སྔོན་འཆི་ཀའི་གནད་གཅོད་ཀྱི་ནད་དེ་ཕ་རོལ་ལ་འགོ་བ་དང་། རང་ཡང་གཏན་དུ་དེས་གདུང་བས་ནད་པ་དེ་ལ་སྲོག་དང་། ཚེ་དང་མདངས་འཕྲོག་པས་ཕ་རོལ་འབའ་ཞིག་ལ་གནོད་པ་མངོན་པར་བསྒྲུབ་ཅིང་། འཕྲལ་དུ་མི་བདེ་བ་སྐྱེ་བ་དང་། རྫུ་འཕྲུལ་གྱིས་སོང་ཡང་ལམ་འཕྲང་དུ་བསྲུང་བར་སྣང་བ་དང་། རང་མཚན་གྱི་ལུས་སྒོ་ལྟ་བུ་དང་། སག་ལྟ་བུ་དང་། མགལ་དུམ་ལྟ་བུ་དང་། ཁྱི་དང་བྱ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་ཡོད་ལ། ཁ་ཅིག་ལ་སྔོན་གྱི་དགེ་བ་ཕྲ་མོས་ལོངས་སྤྱོད་ཡོད་ཀྱང་། སྡུག་བསྔལ་གཞན་མང་པོས་གདུང་ཞིང་ཕལ་ཆེར་ནི་དུས་ཚིགས་ལོག་པ་དང་། གཞན་ལ་བདེ་བའང་དེ་ལ་སྡུག་བསྔལ་བ་ལ་སོགས་པ་མཐའ་ཡས་ཏེ། དེ་ཉིད་ལས། ཚ་བས་ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷག་པས་ཉམ་ཐག་པ་ལ་མེ་ཡང་གྲང་ཕྱེད་དེ། །ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཆེན་ཉམ་ཐག་རྒྱ་མཚོ་ཆེན་པོའི་ཆུ་འཐུངས་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མི་འགྱུར་བར། །ཁ་ཡི་དུགས་ཀྱིས་ཆུ་ཡི་ཐིགས་པའང་བསྐམས་པར་འགྱུར། །ཞེས་པ་དང་། བཤེས་སྤྲིང་ལས། ཡི་དགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་བཟོད་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཏོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་བྱེ་མ་འཚལ། །དམངས་རིས་འགས་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དྭགས་རྣམས་ལ་སོ་གའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་དེ་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམས་པར་འགྱུར། །བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་སོ། །དེ་ཡང་མི་རྣམས་ཀྱི་ཟླ་བ་གཅིག་ལ་ཡི་དྭགས་ཀྱི་ཉིན་ཞག་གཅིག་ཏུ་བརྩིས་པའི་རང་ལོ་ལྔ་བརྒྱ་ནི་མི་ལོ་ཁྲི་ལྔ་སྟོང་དུ་གསུངས་སོ། ། གསུམ་པ་སྲིད་པར་མ་ཆགས་པར་ཆོས་ལ་བསྐུལ་བ་ནི། སྡུག་བསྔལ་(༦༨)དཔག་ཏུ་མེད་པའི་ཚུལ། དེ་ལྟའི་རང་བཞིན་སྐྱོ་བའི་ཚུལ་མཐོང་ནས། །དོན་མཐུན་སྐྱེ་བོས་ཐར་པ་བསྒྲུབ་པའི་ཕྱིར། །སྲིད་པར་དགའ་བའི་བློ་གྲོས་རྒྱང་བསྲིངས་ཏེ། །ངེས་པར་ཞི་བ་དམ་པའི་ཆོས་བསྒྲུབ་བོ། །ཞེས་ལེགས་པར་གདམས་པ་ཡིན་ནོ། ། དུད་འགྲོ་བཤད་པ་ལ་གཉིས་ཀྱི། དང་པོ་སྡུག་བསྔལ་བའི་ཚུལ་ནི། ད་ནི་དུད་འགྲོ་རྣམས་ལའང་བདེ་བ་མེད་པར་བསྟན་པ། དུད་འགྲོ་དབྱིངས་གནས་ཆུ་གཏེར་བཞི་ཡི་ཁྱོན། །གཅིག་གིས་གཅིག་ཟ་སྡུག་བསྔལ་དཔག་ཏུ་མེད། །གླིང་བར་མུན་ནག་རྒྱ་མཚོར་གནས་པ་ཡང་། །ཚ་གྲང་བཀྲེས་སྐོམ་གཅིག་ཟའི་འཚེ་བས་འཇིགས། །ཁ་འཐོར་མི་ཡུལ་བྱ་དང་རི་དྭགས་སོགས། །རྔོན་པས་གཙེ་ཞིང་རང་རང་གནོད་པས་ཉེན། །རྟ་གླང་རྔ་མོ་ར་དང་བོང་བུ་སོགས། །བཀོལ་སྤྱད་རྡེག་འཚོག་སྡུག་བསྔལ་མཐའ་ཡས་ཤིང་། །ཤ་དང་པགས་པ་རུས་པའི་ཕྱིར་འཆི་བས། །རང་བཞིན་སྡུག་བསྔལ་ཕ་མཐའ་མི་མངོན་ཞིང་། །ཀླུ་རྣམས་ཉིན་མཚན་ཕྱེད་མའི་བདེ་སྡུག་དང་། །སྔ་དྲོ་ཕྱི་དྲོ་འགྱུར་བའི་བདེ་སྡུག་དང་། །ཁ་ཅིག་གནས་སུ་བྱེ་ཚན་ཆར་འབབ་ལ། །ལ་ལ་གཅིག་པུར་གྲོགས་བྲལ་ཕོངས་པས་ཉེན། །ཕལ་ཆེར་རྨོངས་དང་མཁའ་ལྡིང་འཇིགས་ལ་སོགས། །སྡུག་བསྔལ་རྣམ་པ་སྣ་ཚོགས་དུ་མ་ལྡན། །ཚེ་ཡང་མ་ངེས་ཁ་ཅིག་ཉིན་རེ་ལ། །འཇོག་པོ་ལ་སོགས་བསྐལ་པར་གནས་པའང་གསུངས། །དེ་ལ་དབྱིངས་ན་གནས་པའི་དུད་འགྲོ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་གླིང་བཞིའི་བར་གྱི་ཐང་ན་གནས་པའི་ནང་ན་ཉ་དང་དུང་དང་ཆུ་སྲིན་ལ་སོགས་པ་གོ་མཚམས་མེད་པར་གང་བ་ཆང་དར་མའི་སྦང་མ་ཙམ་ཞིག་ལྕིག་ལྕིག་ཡོད་དོ། །ཆེ་བས་ཆུང་བ་ཟ་ཞིང་། ཆུང་བས་ཀྱང་ཆེ་བ་ཟ་བ་ལ་སོགས་པ་དང་། གླིང་འདིའི་ལྕགས་རི་ཕར་འདས་གཞན་གྱི་ཚུར་འདས་པ་ཞིབ་མ་བསྒྲིགས་པའི་ཕྱི་མཐའ་ལྟ་བུའི་བར་ནི་གླིང་བར་གྱི་མུན་པ་སྟེ། ཉི་ཟླའི་སྣང་བ་མེད་པའི་ཕྱིར་རོ། །དེའི་ཆུ་ནང་ནའང་གཅིག་གིས་གཅིག་ཟ་བ་དང་། བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དོ། །ཁ་འཐོར་བ་ནི་མིའི་ཡུལ་ན་ཡོད་པའི་རི་དང་། ཐང་དང་། ཆུ་དང་། བྲག་དང་། ནམ་མཁའ་ལ་སོགས་པ་ན་གནས་པའི་སྲོག་ཆགས་འབུ་སྦྲང་དང་། བྱ་དང་རི་དྭགས་ལ་སོགས་པ་སྟེ། འདི་དག་རང་རང་གི་སྡུག་བསྔལ་ཚ་གྲང་བཀྲེས་སྐོམ་གཅིག་གིས་གཅིག་ཟ་བ་ལ་སོགས་པ་ནད་དང་འཚེ་བ་དཔག་ཏུ་མེད་ཅིང་། ཁྱད་པར་དུ་རྔོན་པ་དང་། ཉ་བ་དང་། བྱ་གཤོར་བ་དག་གིས་འཚེ་བ་དང་། ཁ་ཅིག་ཤ་དང་། པགས་པ་དང་། རུས་པའི་ཕྱིར་འཆི་བ་དང་། བཀོལ་བ་དང་། སྤྱད་པའི་མཐར་གསོད་པ་དང་། བརྡེག་པ་དང་། ཁྲག་གཟགས་པ་ལ་སོགས་པ་མཐའ་ཡས་པའི་སྡུག་བསྔལ་དང་། ཀླུའི་ཡུལ་ནའང་། ཉིན་མཚན་ནམ་སྔ་དྲོ་ཕྱི་དྲོ་གང་རུང་བདེ་ཡང་། གང་རུང་དུ་ཚ་གྲང་དང་བཀྲེས་སྐོམ་ལ་སོགས་པ་སོ་སོའི་སྡུག་བསྔལ་མང་པོས་རྩེན་པ་དང་། ཁ་(༦༩)ཅིག་གི་གནས་སུ་བྱེ་ཚན་གྱི་ཆར་འབབ་པ་དང་། ཁ་ཅིག་ཐམས་ཅད་ཀྱིས་སྤངས་ཏེ་ཁྱུར་མི་ཚུད་པས་གཅིག་པུ་གྲོགས་མེད་པ་དང་། སྤྱི་མཐུན་དུ་རྨོངས་པ་དང་། ནམ་མཁའ་ལྡིང་གི་འཇིགས་པ་དང་། རིག་སྔགས་ཀྱི་འཇིགས་པ་དང་། འཚེ་བའི་རྣམ་པ་དཔག་ཏུ་མེད་དོ། །ཚེ་ཡང་མ་ངེས་ཏེ་ཁ་ཅིག་ཡུད་ཙམ་དང་། ཉིན་གཅིག་ལ་སོགས་པ་དང་། ཀླུའི་རྒྱལ་པོ་འཇོག་པོ་ལ་སོགས་པ་ནི་བར་གྱི་བསྐལ་པ་ཐུབ་པའང་ཡོད་དེ། མཛོད་ལས། འཇོག་པོ་བསྐལ་པའོ་ཞེས་དང་། རྒྱ་མཚོས་ཞུས་པའི་མདོ་ལས། ཁོ་བོ་ནི་རྒྱ་མཚོའི་གནས་འདིར་བར་གྱི་བསྐལ་པ་གཅིག་གནས་པ་ལགས་ན་ཞེས་སོ། །ཇི་སྐད་དུ། བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་ལ་སོགས་བཏབ་སྟེ་བཀོལ། །ཞེས་སོ། ། གཉིས་པ་ཆོས་ལ་བརྩོན་པར་གདམས་པ་ནི། ཚུལ་འདི་དག་བསམས་ནས་བྱོལ་སོང་འཇིག་རྟེན་ལས། །ཐར་འདོད་རྣམས་ཀྱིས་ཕན་བདེ་བསྒྲུབ་པའི་ཕྱིར། །མངོན་མཐོ་ངེས་ལེགས་ལམ་བཟང་སྲོལ་བཏོད་ལ། །ཉིན་མཚན་བརྩོན་པས་དགེ་ལ་གཞོལ་བར་མཛོད། །ཅེས་འདོམས་ཏེ། གང་གི་ཕྱིར་དགེ་བ་ལ་སོགས་པ་ལེགས་པའི་ཆོས་ལས་བྱོལ་ནས་སོང་བ་དུད་འགྲོའི་ནང་ནས་ཐར་བར་འདོད་པ་དག་གིས་གནས་སྐབས་ལྷ་དང་མིའི་ལམ་པོ་ཆེ་བསོད་ནམས་ཀྱི་ཆ་དང་མཐུན་པའི་དགེ་བ་བཅུ་དང་། བསམ་གཏན་བཞི་དང་། གཟུགས་མེད་པ་བཞི་ལ་བརྩོན་ཞིང་། མཐར་ཐུག་ཐར་པ་དམ་པའི་ལམ་པོ་ཆེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སྟོང་པ་དང་སྙིང་རྗེའི་སྙིང་པོ་ཅན་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ས་དང་ལམ་བསྒོམ་པ་ལ་བརྩོན་པར་གདམས་པ་ཡིན་ནོ། ། མིའི་སྡུག་བསྔལ་བཤད་པ་ལ་བཅུ་ལས། དང་པོ་སྡུག་བསྔལ་བརྒྱད་ཀྱིས་གདུང་ཚུལ་ནི། ད་ནི་མཐོ་རིས་ཐོབ་པར་གྱུར་པའི། མི་རྣམས་ལ་ཡང་བདེ་བའི་སྐབས་མེད་དེ། །མྱ་ངན་ཡིད་མི་བདེ་དང་འཁྲུག་ལ་སོགས། །གཅིག་མ་སངས་པར་གཅིག་གིས་སྡུག་བསྔལ་དང་། །ཟས་སོགས་དུག་འདྲེས་ཟོས་པས་འགྱུར་བ་དང་། །ཟས་གོས་སྤྱོད་ལམ་ཉེས་པས་ནད་སོགས་སུ། །ཕྱི་མའི་སྡུག་བསྔལ་འདུ་བྱེད་མཚོན་པ་སྟེ། །སྡུག་བསྔལ་ཉིད་གསུམ་དག་དང་དེ་བཞིན་དུ། །སྐྱེ་རྒ་ན་འཆི་མི་སྡུག་འཕྲད་པ་དང་། །སྡུག་བྲལ་འདོད་པས་ཕོངས་དང་ཉེ་བར་ལེན། །རྣམ་པ་བརྒྱད་ཀྱིས་སྡུག་བསྔལ་ཚད་མེད་དེ། །ཇི་ལྟ་བུ་ཞེ་ན། སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ཏེ། རྩ་བའི་སྡུག་བསྔལ་ཆེན་པོ་ཉིད་གསུམ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། དགྲ་མི་སྡུག་པ་དང་འཕྲད་པ་དང་། གཉེན་(༧༠)ཡིད་དུ་སྡུག་པ་དང་བྲལ་བ་དང་། འདོད་པ་ཐོག་ཏུ་མ་འབབས་པས་ཕོངས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔས་སྡུག་བསྔལ་གཏན་དུ་འཛིན་པས་རྣམ་པ་བརྒྱད་ནི་འཁོར་གྱི་ཚུལ་དུ་སྡུག་བསྔལ་བའོ། །དེ་ལ་དང་པོ་སྡུག་བསྔལ་གྱི་སྡུག་བསྔལ་ནི་བརྩེགས་མར་བྱུང་བ་སྟེ་ཕ་ཤི་བའི་ཐོག་ཏུ་མ་ཡང་ཤི་བ་ལྟ་བུའོ། །འགྱུར་བའི་སྡུག་བསྔལ་ནི་ད་ལྟ་བདེ་བ་ལྟར་ཡོད་འཕྲོ་ལ་སྡུག་བསྔལ་བ་སྟེ། བག་མ་བླངས་པའི་སར་ཁང་པ་རྡིབ་པ་དང་། དུག་དང་འདྲེས་པའི་ཟས་ཟོས་པ་ལྟ་བུའོ། །འདུ་བྱེད་ཀྱི་སྡུག་བསྔལ་ནི་དུག་ཟོས་པ་དང་། ཟས་གོས་དང་སྤྱོད་ལམ་ཉེས་པས་ཕྱིས་ནད་འདུ་བྱེད་པའམ། དབང་པོ་ཆེ་ལ་གནོད་པ་བསྐྱལ་བས་ཕྱིས་གནོད་ལན་འདུ་བྱེད་པ་ལྟ་བུ་སྟེ། འདུལ་བ་ལུང་ལས། འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །སྡུག་བསྔལ་སྡུག་བསྔལ་འདུ་བྱེད་དང་། །འགྱུར་བ་ཉིད་གསུམ་བརྒྱད་རྣམས་ཀྱིས། །མི་རྣམས་ཤིན་ཏུ་སྡུག་བསྔལ་ལོ། །ཞེས་སོ། ། གཉིས་པ་སྐྱེ་བའི་དུཿཁ་ནི། སྐྱེ་བའི་སྡུག་བསྔལ་ནི། སྔོན་རོལ་པའི་ཤས་ཆེ་བ་ཡིན་ཏེ། འདི་ལྟར་བར་དོ་ན་འཁྱམ་པའི་དྲི་ཟ་ཉེ་བར་འཇུག་པ་མའི་མངལ་གནས་འཛིན་པ་ན། མ་རིག་རྣམ་ཤེས་རླུང་སེམས་ཐིག་ལེར་འདུས། །མེར་ནུར་ལྟར་མཁྲང་གོར་ཉ་རུས་སྦལ་འདྲ། །རིམ་བཞིན་བདུན་ཕྲག་བདུན་དུ་ཆགས་པའི་ལུས། །མ་ཡིས་ངལ་དུབ་བཀྲེས་སྐོམ་ཚ་གྲང་སོགས། །ཅུང་ཟད་ཙམ་ལའང་སྡུག་བསྔལ་དཔག་ཏུ་མེད། །མུན་ནག་དོག་ཅིང་ཉམ་ང་དྲི་མི་ཞིམ། །འཁུམས་པའི་སྡུག་བསྔལ་མི་བཟད་བརྣག་དགོས་སོ། །བདུན་ཕྲག་བདུན་ནས་ཉི་ཤུ་རྩ་དྲུག་བར། །དབང་པོ་ཡན་ལག་བ་སྤུ་ལ་སོགས་འགྲུབ། །བདུན་ཕྲག་སུམ་ཅུ་རྩ་དྲུག་བར་སྙེད་དུ། །ལུས་ཟུངས་བརྟས་དང་ཆེར་བསྐྱེད་གཡོ་བར་བྱེད། །དེ་ནས་རུས་པའི་འཁྲུལ་འཁོར་བཅིང་བའི་བར། །ལས་ཀྱི་རླུང་གིས་མགོ་མཇུག་ལྡོག་པར་བཙའ། །འཆི་བས་ཉེན་པའི་སྡུག་བསྔལ་བསྡུས་འཇོམས་འདྲ། །བཙས་ནས་རེག་པས་པགས་པ་བཤུས་པ་བཞིན། །ཁྲུས་བྱས་ཤ་བུར་སྤུ་གྲིས་རེག་དང་མཚུངས། །ཕ་དང་མའི་འདུ་འཕྲོད་ལས་ཐིག་ལེ་དཀར་དམར་འདྲེས་པའི་སྦུབས་སུ་རྣམ་ཤེས་ཞུགས་ཏེ། ཞག་བདུན་ཕྲག་དང་པོར་མེར་མེར་གྱུ་གྱུ་པ་དངུལ་ཆུའི་རྣམ་པ་ལྟ་བུའོ། །གཉིས་པར་ནུར་ནུར་པོ་ངར་སྣབས་ཀྱི་རྣམ་པ་ལྟ་བུའོ། །གསུམ་པར་ལྟར་ལྟར་པོ་མཐེབ་མཛུབ་ཀྱི་རྣམ་པ་ལྟ་བུའོ། །བཞི་པར་མཁྲང་གྱུར་སྒོ་ངའི་རྣམ་པ་ལྟ་བུའོ། །ལྔ་པར་གོར་གོར་པོ་པདྨའི་འདབ་མ་ལྟ་བུའོ། །དྲུག་པར་ཁྱབ་འཇུག་ཉའི་རྣམ་པ་ལྟ་བུའོ། །བདུན་པར་རུས་སྦལ་གྱི་རྣམ་པ་ལྟ་བུ་སྟེ། དཔེར་ན་མགོ་དང་རྐང་ལག་ཅུང་ཟད་དོད་པས་སྦལ་པའི་རྣམ་པ་ལྟ་བུའོ། །དེ་ནས་བདུན་ཕྲག་ཉི་ཤུ་རྩ་དྲུག་གི་བར་དུ་ལུས་ཀྱི་ཡན་ལག་དང་། སོར་མོ་དང་། མིག་ལ་སོགས་པའི་དབང་པོ་རྟེན་དང་བཅས་པ་དང་། བ་སྤུ་དང་། སྐྲ་དང་། ནང་གི་དོན་སྙིང་དང་། རྩ་དང་། (༧༡)རླུང་དང་། ཁམས་དངས་མ་དང་། ཁྲག་དང་། ཆུ་སེར་དང་། ཕོ་མོའི་དབང་པོ་ལ་སོགས་པའི་བར་དུ་སྐྱེ་མཆེད་གསལ་བར་འགྲུབ་ཅིང་། དེ་ནས་བདུན་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་ལུས་ཟུངས་བརྟས་པར་བྱེད་དེ། མས་ཟས་ཟོས་པའི་དྭངས་མ་དང་། སྐོམ་གྱི་དྭངས་མས་བུའི་བཟའ་བཏུང་གི་བྱ་བ་བྱེད་དེ། སྐབས་སུ་གཡོ་བ་དང་འཕར་བས་མ་ཡང་ལུས་མི་བདེའོ། །དེའི་བར་རྣམས་སུ་ནི་བུ་ལ་མུན་ནག་གི་ནང་ན་གནས་པ་དང་། དོག་ཅིང་སྐྱུག་བྲོ་བའི་སྣང་བ་དང་། འཁུམས་པས་སྡུག་བསྔལ་བ་དང་། མ་འགྲང་བ་དང་ངོམས་དྲགས་ན་རི་དང་རྒྱ་མཚོས་མནན་པ་སྙམ་པ་དང་། ངལ་དུབ་དང་བསྒུལ་བསྐྱོད་དྲག་ཏུ་བྱས་ན་གཡང་ལ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་འབྱུང་ངོ་། །དེའང་ཁྱེའུ་རྣམས་ནི་མའི་གློ་གཡས་ནས་ཁ་ནང་དུ་བལྟས་ཏེ་ལག་པའི་ཐལ་མོ་གཉིས་ཀྱིས་གདོང་བཀབ་ནས་གནས་ལ། བུ་མོ་ནི་གཡོན་ནས་ཕྱིར་བལྟ་བས་གནས་སོ། །དེ་ནས་ལས་ཀྱི་རླུང་གིས་མགོ་མཇུག་ལྡོག་སྟེ་རུས་པའི་འཁྲུལ་འཁོར་གྱི་བར་དུ་བཙིར་ནས་བཙའ་བ་ནི་བསྡུས་འཇོམས་ཀྱི་དམྱལ་བའི་སྡུག་བསྔལ་ཙམ་མོ། །དེ་ནས་རེག་མ་ཐག་པགས་པ་བཤུས་པ་ལྟ་བུ་དང་། ཁྲུས་བྱས་དུས་ཤ་བུར་སྤུ་གྲིས་གཅོད་པ་ལྟ་བུའི་སྡུག་བསྔལ་དཔག་ཏུ་མེད་དེ། རྒྱས་པར་ནི་དགའ་བོ་མངལ་འཇུག་གི་མདོར་བལྟ་བར་བྱའོ། །ཚུལ་དེ་དག་སློབ་སྤྲིང་དུ་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་བརྩེར་བས་(༧༡)འགགས། །རབ་ཏུ་དོག་པའི་མུན་ནག་ཐིབས་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་རྣག་དགོས་སོ། །དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཇི་ཞིག་ལྟ་སྟེ་བཙས། །འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམས་མོད། །མི་གཙང་དེ་ནང་གནས་བཅས་འགྲོ་བའི་ལུས་དེ་ནི། །མངལ་གནས་རློན་པས་དཀྲིས་ཤིང་དྲི་ང་མི་བཟད་ལྡན། །གཟིར་བས་གནོད་པ་བདོ་སྟེ་རྨ་སྨིན་ཞིག་པ་ལྟར། །སྐྱུག་ལ་ཐུག་པ་བཞིན་དུ་སྔོན་གྱི་དྲན་པས་སྤོང་། །ཞེས་སོ། ། གསུམ་པ་རྒས་པའི་སྡུག་བསྔལ་ནི། དེ་ནས་རིམ་གྱིས། རྒས་པའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། །ལང་ཚོ་ཉམས་པས་ཀུན་གྱི་ཡིད་མི་འོང་། །སྟོད་སྨད་མི་ཐེག་མཁར་བ་ལ་བརྟེན་ཅིང་། །ལུས་ཀྱི་དྲོད་ཉམས་ཟས་ཀྱང་འཇུ་བར་དཀའ། །མཐུ་སྟོབས་ཉམས་པས་འགྲོ་འདུག་བསྒུལ་བསྐྱོད་དཀའ། །འདོད་སར་མི་ཕྱིན་ལྷུ་ཚིགས་རྣམ་པར་འགྱུར། །དབང་པོ་ཉམས་པས་མིག་འགྲིབས་གཟུགས་མི་མཐོང་། །སྒྲ་སྐད་མི་ཐོས་དྲི་རོ་རེག་མི་ཚོར། །དྲན་པ་མི་གསལ་གཏི་མུག་གཉིད་དུ་བྱིང་། །ཡུལ་གྱི་ལོངས་སྤྱོད་ཉམས་པས་ཡོན་ཏན་ཆུང་། །ཟས་སོགས་ཞིམ་པོའང་དེ་ལས་ལོག་པར་སྣང་། །ཚེ་ཉམས་འཆི་བས་འཇིགས་དང་འདུ་ཤེས་འཁྲུག །(༧༢)བྱིས་བཞིན་བཟོད་སྟོབས་ཆུང་ལ་བསྲན་མི་བཟོད། །སྣུམ་ཟད་མར་མེ་ཇི་བཞིན་མྱུར་དུ་འགྲོ། །ཞེས་པ་སྟེ། ལང་ཚོའང་ཡོལ་བས་ལུས་ཀྱི་སྟོབས་ཉམས་ཏེ་ལྷུ་ཚིགས་འགྱུར་ཞིང་། ཟས་མི་འཇུ་བ་དང་། དབང་པོ་འགྲིབས་པས་མིག་མི་གསལ། རྣ་བ་འོན། ལྕེ་ལྡིབ། དྲན་པ་མི་གསལ། སྔར་དགའ་བའི་ཡུལ་དང་ཟས་ལ་སོགས་པའང་སྔར་ལྟར་ཡིད་དུ་མི་འོང་། ལྕེའི་དབང་པོ་འགྲིབས་པས་གཞོན་དུས་ལྟ་བུའི་བཟའ་བཏུང་གི་རོ་མི་འབྱིན། ཤི་དོགས་ནས་འཚེར་ཞིང་། བྱིས་པ་ལྟར་བཟོད་སྲན་ཆུང་བ་ལ་སོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། སློབ་སྤྲིང་ལས། དེ་ནས་དེ་ནི་འཆི་བདག་རྒ་བའི་ལག །གཞིལ་བའི་བཅོས་ཐབས་མེད་པས་བཟུང་ནས་ནི། །སྐྲ་དཀར་བདོ་བ་སོ་ཡི་ཚོགས་དག་གིས། །དགོད་པ་བཞིན་དུ་སྤྱི་ནས་འཛིན་པར་བྱེད། །དེ་ནས་དེ་ཡི་ལྷུ་ཚིགས་རྣམ་འབྱེ་ཞིང་། །བློ་ཡང་བསླད་འགྱུར་འགྲོ་བ་ཉམས་པར་འགྱུར། །ལུས་ཀྱང་དེངས་ལ་ཤིག་ཤིག་པོར་འགྱུར་ལ། །ངེས་པར་སྡིག་པ་འཕེལ་བ་ཁོ་ནར་འགྱུར། །དབང་པོ་རྣམས་ཀྱང་རིམ་གྱིས་ཞུམ་ནས་ནི། །ཡུལ་ལ་ཆགས་ཀྱང་ནུས་པ་ཉམས་པར་འགྱུར། །གནས་སྐབས་གང་དུ་འདི་འགྲོ་འགྱུར་བ་དེ། །གལ་ཏེ་དམྱལ་ན་ཡོད་ན་དེ་ཉིད་འཇིགས། །ཞེས་སོ། ། བཞི་པ་ན་བའི་སྡུག་བསྔལ་ནི། གཞན་ཡང་། ན་བའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བ། །ལུས་ཀྱི་རང་བཞིན་འགྱུར་དང་ཡིད་མི་བདེ། །ཡུལ་གྱི་ལོངས་སྤྱོད་ཡིད་དུ་མི་འོང་ཞིང་། །སྲོག་དང་བྲལ་བར་དོགས་པས་མྱ་ངན་སྐྱེ། །སྡུག་བསྔལ་མི་བཟོད་སྨྲེ་སྔགས་འབྱིན་པར་བྱེད། །ནད་ཀྱི་ཚོར་བས་ཉེན་པ་དེ་ཡི་ཚེ། །དེ་ཉིད་ཀྱི་སེམས་འཁྲུགས་པས་གང་ལའང་དགའ་བ་མི་སྐྱེ། འདུ་ཤེས་འཁྲུག་ཅིང་ཚིག་པ་ཟ། ཤི་བར་དོགས་པ་དང་། རེས་འགའ་ཤི་ནའང་རུང་སྙམ་སྟེ་ལྕེབ་སྙིང་འདོད་པའམ། ལྕེབ་པ་ལ་ཐུག་པས་ཉེན་པའི་ཚོར་བ་ནི་དམྱལ་བ་ལ་འགྲན་པ་ལྟ་བུ་སྟེ། ལས་བརྒྱ་པའི་སྟོད་འགྲེལ་དུ། ན་བས་གདུངས་པའི་ལུས་ཅན་ནི། །དམྱལ་བའི་ཚོར་བ་དེ་འདྲ་སྟེ། །དེ་སྙེད་ཕྱི་ཕྱིར་ལྡང་གྱུར་པ། །སྲེད་ཅན་སྲིད་པའི་ཟུག་རྔུ་འདྲ། །ཞེས་སོ། ། ལྔ་པ་འཆི་བའི་སྡུག་བསྔལ་ནི། ཚེ་ཟད་པའམ། མ་ཟད་ཀྱང་རུང་སྟེ་བར་མ་དོར། འཆི་བའི་སྡུག་བསྔལ་ཤིན་ཏུ་ཆེན་པོ་ཡང་། །ཟས་གོས་གཏམ་དང་མལ་གྱི་ཐ་མར་ཉལ། །སྲོག་ལུས་འཁོར་གཡོག་གཉེན་འདུན་ལོངས་སྤྱོད་འདོར། །གཅིག་པུ་ས་ཚུགས་མེད་པར་འགྲོ་བས་འཇིགས། །དེའང་ཐ་མའི་མལ་དུ་ཉལ། གནས་དང་། གཏམ་དང་། ཟས་དང་། གོས་དང་། ཚེ་འདིའི་སྣང་བ་ཐམས་ཅད་ཀྱི་ཐ་མར་ཐུག །འཁོར་འདབ་དང་ལོངས་སྤྱོད་འདོར། ཇི་ཙམ་ཡོད་ཀྱང་འཁྱེར་དབང་མེད་པར་གཅིག་པུར་རྒྱུས་མེད་པར་འགྲོ་ཞིང་ཇི་ལྟར་བྱ་སྙམ་ནས་སྙིང་མི་དགའ་བཞིན་དུ་གནད་གཅོད་ཀྱི་ཚོར་བ་དྲག་པོས་སྲོག་བཅད་དེ། རང་སྣང་བར་དོར་འཁྱམ་(༧༣)ཞིང་། མགོན་སྐྱབས་མེད་ལ། ཕུང་པོ་ཁྱོགས་ལ་བཏེག་སྟེ་དུར་ཁྲོད་དུ་བསྐྱལ་ཏེ་ཅེ་སྤྱང་ལ་སོགས་པས་ཟ་ཞིང་། ཉེ་དུའི་ཚོགས་རྣམས་མྱ་ངན་བྱེད་པའི་སྡུག་བསྔལ་དཔག་ཏུ་མེད་དེ། སློབ་སྤྲིང་ལས། བདག་གིས་ཅི་སྟེ་འདི་ལྟར་འཆི་བདག་འདི། །མགོ་བོར་རྡོག་པས་གནོན་པ་འཕྲིགས་མ་གྱུར། །མྱ་ངན་རྡོ་རྗེ་དེ་ལྟ་དེ་ལྟ་བུར། །སེམས་ལ་གནོད་པ་རྣམས་ཀྱིས་དེ་གཙེས་ནས། །ཉེ་དུའི་སྐྱེ་བོ་ངུད་མོའི་མཆི་རྒྱུན་ཅན། །སྡུག་བསྔལ་སྙིང་དང་རྡོ་རྗེ་ལྟ་བུར་བལྟས། །གནད་ཀྱི་གཤིས་སུ་འཇེབས་པར་གཟིར་ནས་ནི། །ཤིན་ཏུ་མི་བཟད་མུན་རུམ་འཇུག་པ་ལྟར། །འབད་པ་ལྷུར་བླངས་བསྲུང་བ་བྱ་བའི་ལུས། །ཡིད་འོང་འདྲིས་པ་རྣམ་པར་འདོར་བར་འགྱུར། །གཤིན་རྗེའི་ཞགས་པས་དམ་དུ་བཅིངས་པ་དེ། །ཅོ་ཏོ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་། །དེ་ཡིས་གློངས་པ་ཉེ་དུའི་སྐྱེ་བོ་ཡིས། །རང་གི་ངུ་སྒྲས་ལྡིར་བ་བཞིན་མི་ཐོས། །བགྲོད་དཀའི་ཆུ་དང་ཕ་བང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོས་འཛིངས་པས་ཉམ་ངའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་རྐེ་ནས་བཏགས་ཏེ་གཤིན་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་འཁྲིད་པར་འགྱུར། །ཞེས་སོ། ། དྲུག་པ་དགྲ་དང་ཕྲད་པའི་སྡུག་བསྔལ་ནི། འདི་ལྟར། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ་ཡང་། །ཡིད་དུ་མི་འོང་གནོད་འཚེའི་འཇིགས་པས་ཉེན། །འདི་ལྟར་དགྲ་སྡང་བ་དང་འཕྲད་པ་ན་དེས་ལུས་དང་སྲོག་དང་ལོངས་སྤྱོད་མ་རུངས་པར་བྱེད་པ་ཡིན་ལ། བདུན་པ་གཉེན་དང་བྲལ་བའི་སྡུག་བསྔལ་ནི། བྱམས་ཤིང་སྡུག་པའི་ཡུལ་དང་བྲལ་བ་ཡང་། །མྱ་ངན་སྨྲེ་སྔགས་ཡིད་མི་བདེ་བའི་གཞི། །ཡོན་ཏན་རྗེས་དྲན་འདོད་པས་གདུང་བར་བྱེད། །ཇི་ལྟར་ཞེ་ན། གཉེན་དང་མཛའ་བཤེས་བྱམས་པ་དང་བྲལ་བ་ན་དེའི་ཡོན་ཏན་དྲན་ལ། སེམས་གདུང་བས་སྡུག་བསྔལ་བ་ཡིན་ཞིང་། བརྒྱད་པ་དབུལ་ཕོངས་ཀྱི་སྡུག་བསྔལ་ནི། འདོད་པ་རྣམས་ཀྱིས་ཕོངས་པའི་སྡུག་བསྔལ་ནི། །དོན་མ་གྲུབ་པས་སེམས་ཀྱི་ཟུག་རྔུ་ལྡང་། །དབུལ་བས་ཉམ་ཐག་བཀྲེས་སྐོམ་ཡི་དྭགས་འདྲ། །ཇི་ལྟར་སྨོན་པའི་དོན་མ་འགྲུབ་ན་ཡང་། །སེམས་མི་བདེ་བ་ཉིད་དང་། ཡོ་བྱད་ཀྱིས་ཕོངས་སམ། འདོད་པ་གང་གིས་ཕོངས་ཀྱང་ཡིད་མི་བདེ་བས་ཟུག་རྔུ་ལྡང་ལ། དགུ་པ་ཟག་བཅས་ཀྱི་སྡུག་བསྔལ་ནི། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཏེ། །ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་ཡང་། །ཟག་བཅས་ཉིད་ཕྱིར་སྡུག་བསྔལ་ཀུན་གྱི་གནས། །རྟེན་དང་སྣོད་དང་འབྱུང་ཁུངས་ལགས་པར་གསུངས། །ཡུམ་བར་མ་ལས། རབ་འབྱོར། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཟག་པ་དང་བཅས་པའི་ཕྱིར་སྡུག་བསྔལ་ཐམས་ཅད་ཀྱི་གནས་སོ། །སྡུག་བསྔལ་ཐམས་ཅད་ཀྱི་རྟེན་ནོ། །སྡུག་བསྔལ་ཐམས་ཅད་ཀྱི་སྣོད་དོ། །སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་སོ་ཞེས་སོ། །དེའང་གཟུགས་ནི་སྡུག་བསྔལ་གྱི་གནོད་པ་མངོན་པར་བསྒྲུབ་པའི་(༧༤)ཕྱིར་གནས་སོ། །ཚོར་བ་ནི་དང་དུ་ལེན་པར་བྱེད་པས་སྣོད་དོ། །འདུ་ཤེས་ནི་རྟོག་པ་གཡོ་བར་བྱེད་པས་དང་པོའི་སྒོར་གྱུར་པའི་ཕྱིར་རྟེན་ནོ། །འདུ་བྱེད་དང་རྣམ་པར་ཤེས་པས་ནི་བྱེད་པ་པོ་དང་རིག་པར་བྱེད་པས་ན་འབྱུང་ཁུངས་སོ། །དེ་དག་ཀྱང་བརྒྱད་སྟོང་འགྲེལ་ཆེན་དུ་དེ་སྐད་བཤད་པའོ། ། བཅུ་པ་དེ་ལས་ཐར་པའི་ཐབས་ལ་འབད་པར་གདམས་པ་ནི། ད་ནི་སྐྱོ་བས་བཟློག་པར་གདམས་པ། དེ་ལྟར་མི་ཡི་འཇིག་རྟེན་མཐའ་དག་ནའང་། །སྡུག་བསྔལ་རྒྱུ་འབྲས་ཉིད་ཕྱིར་བདེ་བ་མེད། །དེ་ལས་ཐར་ཕྱིན་ལེགས་པའི་ཆོས་བསམས་ཏེ། །འཁོར་བའི་གནས་ལས་ཐར་པའི་ཐབས་འཚལ་ལོ། །དེའང་ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ལ་སྤྱོད་པས་ཕྱིས་སྡུག་བསྔལ། ལ་ལ་ནི་སྔ་མའི་འབྲས་བུ་ལ་སྤྱོད་པས་ད་ལྟ་སྡུག་བསྔལ་བའི་ཕྱིར་དེ་ལས་ཐར་དགོས་སོ། ། ལྷ་མིན་གྱི་སྡུག་བསྔལ་བཤད་པ་ལ་གཉིས་ཏེ། དང་པོ་བདེ་བ་མེད་པའི་ཚུལ་ནི། གཞན་ཡང་འདི་ལྟར། ལྷ་མིན་རྣམས་ལའང་བདེ་བའི་སྐབས་མེད་དེ། །དོན་མེད་འཐབ་རྩོད་འཁྲུག་ཅིང་ཞེ་སྡང་ལ། །ལྷ་ཡི་དཔལ་ལ་མི་བཟོད་ཕྲག་དོག་ལྡན། །གཡུལ་ངོར་སྡུག་བསྔལ་བརྒྱ་ཕྲག་བསྟེན་འཚལ་ལོ། །རང་གི་སྡེའང་འཐབ་ཅིང་རྩོད་ལ། སུམ་ཅུ་རྩ་གསུམ་པའི་སྐྱིད་པ་དང་འབྱོར་པ་མཐོང་ནས་ཁོང་ཁྲོ་བ་དང་ཕྲག་དོག་གི་མེས་གདུངས་ལ། རེས་འགའ་ལྷ་རྣམས་དང་འཐབ་པའི་གཡུལ་ངོར་མགོ་དང་ཡན་ལག་བཅད་ཅིང་། རྡོ་རྗེ་དང་། མདའ་དང་། འཁོར་ལོ་ལ་སོགས་པས་སྣད་དེ་ཁ་ཅིག་འཆི་བའམ། འཆི་བ་ལ་ཐུག་པའི་སྔངས་སྐྲག་དང་སྡུག་བསྔལ་ཡོད་དེ། བཤེས་སྤྲིང་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་སོ། །བདེན་པ་མི་མཐོང་བར་བཤད་པ་དེ་ནི་ཉན་རང་གི་མཐོང་ལམ་ལྟ་བུ་ཡིན་གྱི་ཐེག་པ་ཆེན་པོའི་མ་ཡིན་ཏེ། དཀོན་མཆོག་བརྩེགས་པ་ལས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་བགྲང་བ་ལས་འདས་པ་དག་གིས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པོ་ཞེས་སོ། །དེའི་ཕྱིར་ཐེག་པའི་ཚུལ་རྟོགས་པར་བྱའོ། ། གཉིས་པ་ཆོས་ལ་བརྩོན་པར་གདམས་པ་ནི། ལྷ་མ་ཡིན་པ་དག་ཀྱང་སྡུག་བསྔལ་བ། །དེ་བས་དགེ་ལེགས་ཞི་བའི་འགྲོ་བ་དག །མྱུར་བ་ཉིད་དུ་ཐར་པའི་ཆོས་མཛོད་ཅིག །ཅེས་གདམས་སོ། ། ལྷའི་སྡུག་བསྔལ་བཤད་པ་ལ་བཞི་སྟེ། དང་པོ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ནི། འདི་ལྟར་མཐོ་རིས་ཀྱི་ཡུལ། འདོད་ལྷའི་གནས་ནའང་སྡུག་བསྔལ་ཚད་མེད་དེ། །བག་མེད་འདོད་པས་མྱོས་དང་འཆི་འཕོ་ལྟུང་། །མེ་ཏོག་རྙིངས་དང་སྟན་ལ་ཉམས་མི་དགའ། །གྲོགས་ཀྱིས་སྤོང་དང་ཕྱི་མའི་གནས་ལ་འཇིགས། །ཚོར་བ་མི་བཟད་ལྷ་ཡི་ཞག་བདུན་འབྱུང་། །འདི་ལྟར་རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་(༧༥)དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་བར་གྱི་ལྷ་དེ་དག་བདེ་བ་ལྟར་སྣང་ཡང་། བདེ་བ་དེ་ཉིད་འགྱུར་བའི་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་ལ། འཆི་བའི་ཚེ་ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་ཉམས་མི་དགའ་བ་དང་། མེ་ཏོག་གི་ཐོད་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་། སྔོན་མེད་པའི་རྔུལ་འབྱུང་བ་སྟེ། དེའི་ཚེ་ལྷ་ཟླ་བོས་སྤོང་ཞིང་གཅིག་པུར་འདུ་ཤེས་འཁྲུག །གང་དུ་སྐྱེ་བའི་གནས་ལྷའི་མིག་གིས་མཐོང་བས་སྔངས་ཏེ་བརྒྱལ་བ་ན། རྒྱང་རིང་མོ་ནས་ལྷ་དེའི་ཕ་མའམ་མཛའ་བཤེས་དག་གིས་མིང་ནས་བོས་ཏེ། ཛམྦུའི་གླིང་དུ་མི་རྣམས་ཀྱི་ནང་དུ་སྐྱེ་བར་ཤོག་ཅིག །དེར་ཡང་དགེ་བ་བཅུ་སྤྱད་ནས་ཕྱིར་ཡང་ལྷའི་གནས་འདིར་སྐྱེ་བར་ཤོག་ཅིག་ཅེས་ཟེར་ཞིང་མེ་ཏོག་འཐོར་ནས་ཕྱིར་འབྲོས་སོ། །དེ་ལྟ་བུ་ལྷ་དེ་དག་གི་ཉིན་ཞག་བདུན་དུ་འབྱུང་སྟེ། བཤེས་སྤྲིང་ལས། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིངས་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་སོ། ། གཉིས་པ་སྲིད་པ་ཕྱི་མར་འདུ་བྱེད་པའི་སྡུག་བསྔལ་ནི། གཞན་ཡང་། ཚངས་རིས་ལ་སོགས་གཟུགས་ཁམས་བསམ་གཏན་ལྷ། །སྔ་མའི་ལས་ཟད་སྲིད་པ་འོག་མར་ལྟུང་། །འགྱུར་བའི་སྡུག་བསྔལ་མཐོང་ནས་སྡུག་བསྔལ་ལ། །གཟུགས་མེད་ཞི་གནས་ལས་ཟད་ཚུལ་མཐོང་ནས། །སྲིད་པ་ཕྱི་མར་འདུ་བྱེད་སྡུག་བསྔལ་ལྡན། །མཐོ་རིས་ཐོབ་ཀྱང་ཡིད་བརྟན་མི་རུང་བས། །སྐལ་བཟང་རྣམས་ཀྱིས་ཐར་པ་བསྒྲུབ་པར་བྱ། །ཞེས་འདོམས་ཏེ། ཚངས་རིས་ནས་འབྲས་བུ་ཆེ་བའི་བར་བསམ་གཏན་གྱི་ལྷ་རྣམས་ཀྱང་འཆི་བའི་ཚེ་རང་གི་བདེ་བ་དེ་ཉིད་འགྱུར་བས་སྲིད་པ་ཕྱི་མར་འཇུག་པའི་སྡུག་བསྔལ་ཡོད་དེ། ཀླུ་སྒྲུབ་ཀྱི་ཞལ་ནས། ཚངས་རིས་ལ་སོགས་བསམ་གཏན་ལྷུན་གྲུབ་ཀུན། །འོད་དང་ཁ་དོག་གཟི་བརྗིད་མཐའ་ཡས་ཀྱང་། །བདག་རྟོག་བག་ལ་ཉལ་བ་མ་གཟིགས་ནས། །ཤི་ནས་དམྱལ་བར་སྐྱེ་བ་ཆ་མེད་དམ། །ཞེས་སོ། །གཟུགས་མེད་ཀྱང་ཞི་གནས་རྩེ་གཅིག་གིས་གནས་ཏེ། འཆི་འཕོ་བ་ན་ཡང་སྲིད་པ་ཕྱི་མའི་སྡུག་བསྔལ་འདུ་བྱེད་པས་སྐྱོ་བར་བྱ་དགོས་སོ། །དེ་སྐད་དུ། བཤེས་སྤྲིང་ལས། འཁོར་བ་དེ་འདྲ་ལགས་པས་ལྷ་མིན་དང་། །དམྱལ་བ་དུད་འགྲོ་ཡི་དྭགས་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །(༧༦)ཅེས་སོ། ། གསུམ་པ་ཟག་བཅས་གྱི་བདེ་བ་སྡུག་བསྔལ་བར་བསྟན་པ་ནི། འདི་ལྟར། འཁོར་བའི་བདེ་ལ་ཆགས་པའི་འགྲོ་བ་ཀུན། །མེ་ཡི་འོབས་སུ་སྲེད་པས་གདུངས་པར་ཟད། །གཞན་ཡང་སྲིད་པ་ཕྱི་མའི་ངན་འགྲོ་བསྐྱེད་པའི་ས་བོན་འདེབས་ཤིང་། ཆུ་བོ་བཞིས་རྩེན་པ་ཁོ་ནར་ཟད་དེ། སློབ་སྤྲིང་ལས། སྡུག་བསྔལ་མེ་ཚོགས་སྤུངས་པས་འཇིགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙམ་མངོན་པའི་ང་རྒྱལ་བྱེད་པ་གང་། །དེ་ནི་གཤིན་རྗེའི་ཁ་ཡངས་འབྱེད་པར་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་མའི་ལྗོན་ཤིང་ས་བོན་ཡིན། །ཞེས་སོ། ། བཞི་པ་ཐར་པ་བསྒྲུབ་དགོས་པར་དོན་བསྡུ་བ་ལ་ཡང་བཞི་སྟེ། དང་པོ་མ་བསྒྲུབས་ན་ཐར་པ་མི་ཐོབ་པའི་ཚུལ་ནི། ངན་འགྲོའི་གནས་དེ་སངས་རྒྱས་ཀྱིས་སྐྱོབ་མོད་སྙམ་ན། འདིར་བདག་གིས་སྡིག་པ་བྱས་ན་ངན་སོང་གི་འབྲས་བུ་རང་ལ་སྨིན་པས་ཐུགས་རྗེས་གཟིགས་པའི་གོ་སྐབས་དཀའ་བར་བསྟན་པ་ནི། འདི་ལྟར་ཐར་པ་རང་ལ་རག་ལས་ཤིང་། །ཐར་པའི་ཐབས་ནི་ལྷ་མིའི་སྟོན་པས་གསུངས། །གཞན་གྱིས་གློ་བུར་འབྱིན་པའི་སྐབས་མེད་དེ། །གཉིད་མྱོས་རྨི་ལམ་སུས་ཀྱང་དགག་མེད་བཞིན། །གལ་ཏེ་ནུས་ན་བདེ་གཤེགས་སྲས་བཅས་ཀྱི། །ཐུགས་རྗེའི་ཟེར་གྱིས་འཁོར་བ་སྟོངས་ཟིན་དེས། །དེ་བས་རང་ཉིད་བརྩོན་པའི་གོ་བགོས་ཏེ། །ཐར་ལམ་འཛེག་ལ་བརྩོན་པའི་དུས་ལ་བབ། །ངན་སོང་དང་འཁོར་བ་ལས་ཐར་པ་ནི་རང་གི་བརྩོན་པ་ཉིད་ལ་རག་གི། གཞན་ལ་ཐབས་ཙམ་ལས་བརྩོན་པ་ཇི་ལྟར་བྱ་བ་མ་ཡིན་ཏེ། འདུལ་བ་ལུང་ལས། ངས་ནི་ཁྱེད་ལ་ཐར་པའི་ཐབས་བསྟན་གྱིས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པ་ལྟར་རིགས་སོ། །དེའང་རང་གིས་བསགས་པའི་རང་སྣང་གི་ལས་རང་གིས་བཟློག་གིས། རྨི་ལམ་གཉིད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་རང་གིས་ལོག་ནས། རྨི་ལམ་གཞན་གྱིས་དགག་པ་ལྟ་བུ་ནི་རིགས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟར་རུང་ན་སངས་རྒྱས་གཅིག་གི་ཐུགས་རྗེའི་འོད་ཟེར་གྱིས་སྲིད་པ་འདི་དག་དཔག་ཏུ་མེད་པའི་སྔོན་རོལ་དུ་སྟོངས་པར་བྱས་ཟིན་ངེས་སོ། ། གཉིས་པ་སྔར་འདས་ཀྱིས་མ་ཐུལ་བས་མ་འབད་ན་དེ་ལས་མི་ཐར་པའི་ཚུལ་ནི། དེ་བས་ན་རང་གི་ཉེས་པས། གྲངས་མེད་འདས་པའི་སངས་རྒྱས་དེ་དག་གིས། །གསོ་བའི་སྤྱོད་ཡུལ་མ་གྱུར་བདག་ལྟ་བུ། །སྡིག་པའི་རང་བཞིན་སྲིད་ལམ་དགོན་པར་འཁྱམས། །སྔར་བཞིན་བརྩོན་པ་མེད་ན་ཡང་དང་ཡང་། །འགྲོ་དྲུག་གནས་སུ་སྡུག་བསྔལ་བྱེད་འདི་སོམས། །ཇི་སྐད་དུ། ཞི་བ་ལྷས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པས་དེའི། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ཞེས་པའི་ཚུལ་བསམ་པར་འོས་སོ། ། གསུམ་པ་ལས་ངན་པ་ལ་ཐུགས་རྗེ་མི་འཇུག་པར་གདམས་པ་ནི། གཞན་ཡང་། འཁོར་བའི་སྡུག་བསྔལ་མཁའ་ལྟར་མཐའ་ཡས་ཤིང་། །མེ་ལྟར་མི་བཟད་ཡུལ་ལྟར་སྣ་ཚོགས་ལ། །བཟོད་(༧༠)པའི་སེམས་ཁྱོད་གནས་མིན་སྨད་པའི་གནས། །ངོ་ཚ་མི་ཤེས་ཁྲེལ་བག་བྲལ་བ་ལ། །ཐུགས་རྗེའི་གོ་སྐབས་འཇུག་པར་ག་ལ་འགྱུར། །ཐབས་མཁས་མཛད་པའི་འཕྲིན་ལས་དེ་ཡང་ནི། །གདུལ་བྱའི་ལས་རྐྱེན་དག་ལས་འབྱུང་བར་གསུངས། །དེ་བས་རང་གི་ཉེས་ཀུན་ཤེས་བྱས་ཏེ། །འཁོར་བའི་སྡུག་བསྔལ་སྙིང་ནས་དྲན་བྱས་ལ། །བདག་དང་འགྲོ་ཀུན་སྲིད་ལས་ཐར་བྱའི་ཕྱིར། །ཞི་བའི་ལམ་ལ་ཡང་དག་འཛེག་པར་གྱིས། །འདི་ལྟར་སྲིད་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་ཅིང་མཐའ་ཡས་པས་ནམ་མཁའ་དང་འདྲ་ལ། བཟོད་པར་དཀའ་བས་མེའི་ཁྲོད་དང་། རིགས་མི་འདྲ་བས་ཕྱི་རོལ་དཀར་དམར་སྣ་ཚོགས་ཀྱི་སྣང་ཡུལ་འདྲ་བ་བཟོད་པ་ནི་མི་རིགས་ཏེ། སྤྱོད་འཇུག་ལས། གནས་མིན་བཟོད་པ་སྨད་པའི་གནས། །ཞེས་པ་སྟེ། བཟོད་པར་བྱེད་པ་འདི་ཉིད་ལ་ཡང་དག་པའི་ངོ་ཚ་དང་ཁྲེལ་མེད་པས། སངས་རྒྱས་ཀྱི་ཐུགས་རྗེ་ཉི་མའི་འོད་ཟེར་གྱིས་ཇི་ལྟར་གཟིགས་ཏེ། སའི་འོག་གི་མུན་པ་ལ་ཉི་མས་སྣང་བ་འཇུག་པའི་སྐབས་མི་རྙེད་པ་བཞིན་ནོ། །དེའང་ས་འོག་གི་མུན་པའང་དེ་ཉིད་ཀྱི་འདུག་ཚུལ་མ་དག་པས་སྣང་བར་བྱེད་པའི་རྐྱེན་མ་ཚོགས་པ་བཞིན་དུ། རང་གི་རྒྱུད་མུན་པའི་སྨག་རུམ་ལའང་ཐུགས་རྗེའི་གོ་སྐབས་དཀའོ། །རྒྱལ་བའི་ཐུགས་རྗེ་ཡང་གདུལ་བྱའི་བསོད་ནམས་དང་སྐལ་བ་ཇི་ལྟ་བ་བཞིན་ཡོད་པ་དེ་ལ་སྣང་གི་གཞན་དུ་མ་ཡིན་པས་འདི་ལྟར། སངས་རྒྱས་ཕལ་པོ་ཆེ་ལས། ཟླ་བའི་དཀྱིལ་འཁོར་ཤར་གྱུར་ཀྱང་། །སྣོད་དུ་མ་གྱུར་མི་སྣང་ལྟར། །སངས་རྒྱས་ཐུགས་རྗེའི་ཟླ་བ་ཡང་། །སྐལ་བ་མེད་གྱུར་མི་སྣང་ངོ་། །ཞེས་པ་ལྟར་ཡིན་པས་ན། ད་རེས་ངེས་པར་ཐར་པའི་ཐབས་ལ་འབད་པར་རིགས་སོ། ། བཞི་པ་སྡུག་བསྔལ་བཤད་ཀྱང་མི་སྐྱོ་བ་ཡིད་དབྱུང་བའི་ཚུལ་ནི། དེའི་འཐད་པ་ཡང་འདི་ལྟར། ད་ལྟའི་སྡུག་བསྔལ་ཅུང་ཟད་མི་བཟོད་ན། །སྲིད་པའི་སྡུག་བསྔལ་མི་བཟད་ཇི་ལྟར་བཟོད། །དེ་ལྟར་བཤད་ཀྱང་ཅུང་ཟད་མི་སྐྱོ་བ། །བདག་སྙིང་ལྕགས་ཀྱི་གར་བུ་ཆེན་པོ་འམ། །རྡོ་ཡི་ཁམས་བཞིན་སེམས་པ་མེད་པར་མངོན། །ཞེས་པ་སྟེ། ཞི་བ་ལྷས། ད་ལྟའི་སྡུག་བསྔལ་འདི་ཙམ་ཡང་། །བདག་གིས་བཟོད་པར་མི་ནུས་ན། །སེམས་ཅན་དམྱལ་བའི་སྡུག་བསྔལ་དག །ཇི་ལྟར་བདག་གིས་བཟོད་པར་ནུས། །ཞེས་པའི་ཚུལ་གྱིས་བསམ་དགོས་སོ། །འོན་ཏེ་ཅུང་ཟད་ཀྱང་མི་སྐྱོ་ན། ཟ་མ་ཏོག་ལྟ་བུའི་གཏམ་ལས། སྲིད་པའི་སྡུག་བསྔལ་ཐོས་ཀྱང་མི་སྐྱོ་བ། །གང་ལགས་དེ་ནི་ཤིན་ཏུ་བླུན་པས་ཏེ། །རྡོ་ཡི་ཁམས་སམ་ལྕགས་ཀྱི་གར་བུ་བཞིན། །བདག་ལ་སེམས་པ་མེད་ཅེས་གསལ་བར་མངོན། །ཞེས་སོ། ། སྤྱི་དོན་གསུམ་པ་འཁོར་བའི་སྡུག་བསྔལ་བསམས་པའི་འཐད་པ་ནི། རྒྱུ་མཚན་དེ་བས་ན། འཁོར་བ་མི་བཟོད་སྡུག་བསྔལ་ཅན་ཕུང་པོ། །ཉོན་མོངས་ཉེ་བའི་ཉོན་མོངས་ཀུན་ཉོན་མོངས། །རྣམ་པ་སྣ་ཚོགས་དུ་མའི་འབྱུང་ཁུངས་ལ། །སེམས་ཤེས་སུ་ཞིག་སྲེད་པ་འཕེལ་བར་བྱེད། །དེ་བས་མྱུར་དུ་སྲིད་ལས་རྒྱལ་བར་མཛོད། །འདི་ལྟར་འཁོར་བ་(༧༨)སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ཕུང་པོ་འབྲས་བུར་གྱུར་པ་དང་། དེའི་རྒྱུ་དྲུག །རྩ་བའི་ཉོན་མོངས་པ་ཉི་ཤུ། ཉེ་བའི་ཉོན་མོངས་པ་སྟེ། ཀུན་ནས་ཉོན་མོངས་པའི་བདེན་པས་བསྡུས་པ། ནད་དང་གནོད་པ་དུ་མའི་འབྱུང་ཁུངས་ཆེན་པོའི་རང་བཞིན་འདི་ལ་སྐྱོ་བར་རིགས་སོ། ། སྤྱི་དོན་བཞི་པ་སྐབས་ཀྱི་དགེ་བ་བསྔོ་བ་ནི། ད་ནི་དེ་དག་གི་རང་བཞིན་དབྱངས་སུ་བསྙད་པའི་བསོད་ནམས་སེམས་ཅན་ལ་ཕན་པའི་རྒྱུར་བསྔོ་བ། དེ་ལྟར་བདེ་འབྱུང་ཆོས་ཀྱི་དགའ་སྟོན་གྱིས། །གྲོང་ཁྱེར་གསུམ་གྱི་འགྲོ་བ་ཇི་སྙེད་ཀུན། །བདེ་དགའི་ཤས་འཚོ་སྣ་ཚོགས་སྡུག་བསྔལ་གྱིས། །དུབ་པའི་སེམས་ཉིད་དེ་རིང་ངལ་སོས་ཤིག །ཅེས་སྨོན་པ་སྟེ། འདི་ལྟར་ཚིག་དང་དོན་གྱི་འཕྲེང་བ་དམ་པ་ལེགས་པར་བརྒྱུས་པའི་དགེ་བས། ཁམས་གསུམ་གྱི་འགྲོ་བ་མཐའ་དག་ཐོག་མ་མེད་པའི་འཁོར་བ་འདིར་དགེ་བའི་ཚོགས་ཆོས་ཀྱིས་བཀྲེན་ཞིང་དུབ་པར་གྱུར་པ་དག །འཕགས་པའི་འབྱོར་པ་དམ་པས་འབྱོར་ཞིང་ངལ་སོས་པར་ཤོག་ཅིག་ཅེས་སོ། །དམྱལ་སོགས་འཇིག་རྟེན་མེ་ཚོགས་ཀྱིས་གདུངས་པ། །ལྷ་ཡི་མཚོ་ཆུ་དལ་གྱིས་འབབ་བསིལ་ཏེ། །ནོར་བུའི་འཕྲང་གདུབ་འོད་ཀྱིས་གདོང་བརྒྱན་པའི། །ལྷ་ཡུལ་སོང་ནས་བྱང་ཆུབ་རེག་པར་ཤོག །དེ་བཞིན་ཡི་དྭགས་དུད་འགྲོ་ལྷ་མིན་དང་། །མི་དང་ལྷ་དང་སྐལ་བ་མཉམ་པ་ཡིས། །མཐོ་རིས་གྲོང་གི་དགའ་བ་དེ་ཐོབ་ནས། །བྱང་ཆུབ་ཞི་བ་རྡུལ་བྲལ་རྙེད་པར་ཤོག །བསམ་གཏན་ལྷ་དག་དགེ་བའི་ཆོས་སྤྱོད་ཅིང་། །གཟུགས་མེད་བཞི་ཡང་ཞི་གནས་རབ་སད་དེ། །བསོད་ནམས་ཡེ་ཤེས་རབ་རྫོགས་ཕུལ་ཕྱིན་གྱིས། །མགོན་པོ་འོད་དཔག་མེད་འདྲ་ཐོབ་པར་ཤོག །བདག་གི་དགེ་སེམས་དམ་པ་འདི་ཡིས་ནི། །སྲིད་པའི་ཚོགས་རབ་ཞི་བར་འདྲེན་པ་ལ། །ཉིན་མཚན་བརྩོན་པས་དོན་གཉིས་མཐར་ཕྱིན་ཏེ། །མགོན་པོ་མཚན་དཔེ་མཐའ་ཡས་ཐོབ་པར་ཤོག །རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། འཁོར་བ་སྡུག་བསྔལ་གྱི་ལེའུ་སྟེ་གསུམ་པའི་འགྲེལ་པའོ།། །། |