Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད།
   
   
   
   
   


 
previousདམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད།next

དམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད།

དམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད་བཞུགས་སོ༔

རྩ་བའི་ངོ་སྤྲོད་གསུམ་ནི། ཤེལ་དང་ཉི་མ་འདྲ་འབག་གསུམ་མོ༔ ཤེལ་ནི་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མེ་ལོང་ཡིན་ཏེ༔ རྡོ་རྗེ་སེམས་དཔའི་མེ་ལོང་ལ་རང་གིས་མིག་བཙུག་ནས་མ་ཡེངས་པར་བལྟས་པས༔ སངས་རྒྱས་ཀྱི་སྐུ་འོད་ཀྱི་ཕུང་པོ༔ ཁ་དོག་ལྔ་ལྡན༔ ཕྲ་ལ་དྭངས་པ༔ གསལ་ལ་འཚེར་བ༔ རང་བཞིན་གྱིས་བཀྲག་གསལ་ལ་ཉམས་ང་བ༔ འོད་ཁ་དོག་ལྔ་ལྡན་མངོན་སུམ་མེར་གྱིས་འཆར་བ་དེ༔ དག་པ་ཡེ་ཤེས་ཀྱི་སྣང་བ་ཡིན་ནོ༔ དེ་བཞིན་དུ་རང་གི་རིག་པ་ལ༔ འོད་ཁ་དོག་ལྔ་ལྡན་དུ་ཡོད་དོ༔ རང་གི་རིག་པའི་རང་འོད་ངོ་ཤེས་པར་བྱས་ལ༔ རང་འོད་ལ་རྟག་ཏུ་བལྟའོ༔ དེ་ནི་དག་སྣང་ལ་བལྟ་བའི་ལྟ་བ་ཡིན་ནོ༔ དེ་ཡང་༔ དང་པོ་ཆོས་སྐུ་མཚོན་པའི་ཚེ༔ སློབ་མ་ལ་ཚིག་གི་ངོ་སྤྲད་པ་ནི༔ ཀྱཻ་སྣོད་ལྡན་རིགས་ཀྱི་བུ་རྣམས༔ རྡོ་རྗེ་སེམས་དཔའི་ཐུགས་ཀྱི་མེ་ལོང་འདི༔ ཆོས་སྐུ་དངོས་ནི་མ་ཡིན་ཏེ༔ དཔེ་འདི་ཅི་འདྲ་བར་ཤེས་པར་བྱ༔ དཔེ་འདི་ལ་ཕྱི་ནང་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་ཡང་༔ ཕྱི་ནང་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་མདུན་རྒྱབ་མེད་པ་ལྟར༔ རིག་པ་ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པར་ཤེས་པར་གྱིས་ཤིག༔ དཔེ་འདི་དག་པ་ཟང་ཐལ་བ་བཞིན་དུ༔ རིག་པ་ཆོས་ཀྱི་སྐུ་ལ༔ དྲི་མ་མེད་པར་ཟང་ཐལ་བར་ཤེས་པར་གྱིས་ཤིག༔ དཔེ་འདི་ལ་ཕྱི་ནང་མེད་པའི་ངང་ནས༔ རྐྱེན་མེད་པའི་འོད་ལྔ་གསལ་བ་ལྟར༔ རིག་པ་ཆོས་ཀྱི་སྐུ་ཟང་ཐལ་གྱི་ངང་ནས༔ གཟུགས་སྐུ་ནང་གསལ་དུ་གྲུབ་སྟེ༔ རིག་པ་སྟོང་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་ཤེས་པར་གྱིས་ཤིག༔ འདིའི་ནང་ནས་འོད་ལྔ་ཕྱི་རོལ་དུ་འཆར་ནུས་པ་ལྟར༔ ཆོས་སྐུ་ལས་གཟུགས་སྐུ་གཉིས་གདུལ་བྱ་ལ་འཆར་ནུས་པར་ཤེས་པར་གྱིས་ཤིག༔ དེ་ནི་ཆོས་སྐུའི་ངོ་སྤྲོད་དོ༔ ལོངས་སྐུའི་ངོ་སྤྲོད་ནི༔ ཞི་ཁྲོའི་འདྲ་འབག་ལ་མེ་ལོང་བསྟན་པའི་ཚེ༔ མེ་ལོང་འདི་དག་ཅིང་གསལ་བ་ལྟར༔ ཆོས་ཉིད་དག་ཅིང་གསལ་བ་ཤེས་པར་གྱིས་ཤིག༔ མེ་ལོང་འདིའི་ནང་ན་གཟུགས་བརྙན་སྣང་ལ་རང་བཞིན་མེད་པར་གནས་པ་བཞིན་དུ༔ ཆོས་ཉིད་ཀྱི་ཀློང་ནས་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གནས་པར་ཤེས་པར་གྱིས་ཤིག༔ དེ་ནི་ལོངས་སྐུའི་ངོ་སྤྲོད་དོ༔ སྤྲུལ་སྐུའི་ངོ་སྤྲོད་ནི༔ མན་ཤེལ་དང་མེ་ལོང་འདི་དག་ཅིང་གསལ་བ་ལྟར༔ མིག་རྒྱང་ཞགས་ཆུའི་སྒྲོན་མ་ནི༔ དབྱིངས་རྣམ་པར་དག་པའི་ཆོས་ཉིད་དོ༔ མེ་ལོང་ལ་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་མ་བསྐྱེད་པར་སྣང་བའི་སྐུ་ལྔ་འོད་དུ་གསལ་བ་ནི༔ འདི་ཇི་ལྟ་བ་བཞིན་དུ་རིག་པ་འོད་གསལ་འགགས་མེད་དུ་གསལ་བ༔ སྤྲུལ་པའི་སྐུའོ༔ དེ་ནི་སྤྲུལ་སྐུའི་ངོ་སྤྲད་དོ༔ སྐུ་གསུམ་འདུ་འབྲལ་མེད་པའི་ངོ་སྤྲོད་ནིདཔེ་ཉི་མའི་སྙིང་པོ་ལ་འོད་དང་ཟེར་མ་འགགས་པ་བཞིན་དུ་ཆོས་སྐུ་སྟོང་པའི་ངང་ལས་གཟུགས་སྐུ་འགགས་པ་མེད་པའི་སྐུ་གཉིས་ཀྱིས་བརྒྱན་ཏེ༔ དཔེ་ཉི་མ་དང་འོད་དང་མན་ཤེལ་དབྱེར་མེད་པ་ལྟ་བུ༔ དོན་འདུ་འབྲལ་མེད་པར་ཤེས་པར་བྱའོ༔ དེ་ནི་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་སྤྲོད་དོ༔


previousདམ་ཆོས་རྫོགས་པ་ཆེན་པོའི་སྐུ་གསུམ་ངོ་སྤྲོད།next