སྒྲོན་མ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ སྒྲོན་མ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ་བཞུགས་སོ༔

ཐོག་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར༔ དེ་རྩལ་ལོངས་སྐུ་ཞི་ཁྲོ་འོད་ཀྱི་སྐུ༔ དེ་རྩལ་སྤྲུལ་སྐུ་འགགས་མེད་འོད་ཟེར་འཕྲོ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ འཆི་མེད་འོད་ལུས་པདྨ་འབྱུང་གནས་ངས༔ ཞི་ཁྲོ་དགོངས་པ་རང་གྲོལ་ཆ་རྐྱེན་དུ༔ སྐྱེ་གནས་བར་དོར་ཉམས་སུ་ལེན་པ་ལ༔ སྒྲོན་མ་དྲུག་གི་ངོ་སྤྲོད་བསྟན་གྱིས་ཉོན༔ ས་མ་ཡཱ༔ དེ་ལ་སྒྲོན་མའི་ངོ་བོ་དང་༔ རང་བཞིན་དང༔ མཚན་ཉིད་དང་༔ དབྱེ་བ༔ ངེས་ཚིག༔ གནས་ཚུལ་དང་༔ དཔེ་དྲུག༔ ངོ་སྤྲོད༔ ཉམས་ལེན་དང་དགུས་བསྟན་ནོ༔ དང་པོ་སྒྲོན་མའི་ངོ་བོ་གང་ཞེ་ན༔ རང་གི་ཤེས་རིག་གི་ངོ་བོ་ཝལ་ལེར་གསལ་བ༔ དང་པོ་རྒྱུ་ཡིས་མ་བསྐྱེད་པ༔ བར་དུ་རྐྱེན་གྱིས་མི་འཇིག༔ མེད་བཞིན་དུ་སྟོང་པའི་རང་རྩལ་སྣ་ཚོགས་སུ་འཕྲོ་བ་འདི་ཁོ་ན་སྒྲོན་མའི་ངོ་བོ་ཡིན་ཏེ༔ དེ་ཡིན་པའི་རྒྱུ་མཚན་ཅིའི་ཕྱིར་ན༔ འདི་ཉིད་ད་ལྟ་སྐྱེ་གནས་བར་དོའི་སྐབས་སུ༔ རང་གི་སྙིང་གི་དཀྱིལ་ན་གནས་པའི་རང་རྩལ༔ སྐུ་ལྔ་ཡེ་ཤེས་ཀྱི་གནས་ཚུལ་དུ་ཤར་བའི་ཕྱིར༔ འདི་ཁོ་ན་སྒྲོན་མ་དྲུག་གི་ངོ་བོ་ཡིན་པས༔ བླ་མས་ངོ་སྤྲོད་ཅིང་སློབ་མས་རྟོགས་པར་བྱའོ༔ དེ་སྐད་དུའང་༔ རིག་པ་རང་ཤར་གྱི་རྒྱུད་ལས༔ རང་གིས་རིག་པ་གསལ་བ་ཡི༔ ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ༔ རྟོག་མེད་གསལ་བའི་ངོ་བོ་ལ༔ རང་བྱུང་ཆེན་པོར་ཤེས་གྱུར་ན༔ ཆོས་ཅན་ལྟ་བའི་ལྟ་བའོ༔ ཞེས་གསུངས་པ་དང་༔ ཡང་དག་སངས་རྒྱས་དགོངས་པ་ནི༔ སེམས་ཅན་ཀུན་གྱི་རང་རྒྱུད་ལ༔ སྐུ་དང་ཡེ་ཤེས་ཚུལ་དུ་གནས༔ ཞེས་གསུངས་སོ༔ ས་མ་ཡ༔ གཉིས་པ་སྒྲོན་མའི་རང་བཞིན་གང་ཞེ་ན༔ རང་གི་ཤེས་རིག་གི་ངོ་བོ་འདི་ལ་རང་བཞིན་གྲུབ་པ་མེད་པའི་ཕྱིར་སྟོང་པ་ཉིད་དོ༔ དེ་ཡང་ཕྱོགས་ཀྱིས་སྟོང་པ་ནི༔ རང་གི་ཤེས་རིག་ངོ་བོ་འདི་ཤར་ཕྱོགས་སུ་མི་གནས་ཤིང་མ་གྲུབ༔ དེ་བཞིན་དུ༔ ལྷོ་དང་༔ ནུབ་དང་༔ བྱང་དང་༔ མཚམས་དང་༔ སྟེང་འོག་དང་༔ ཕྱོགས་འདི་ཞེས་བྱ་བའི་རང་བཞིན་དུ་གྲུབ་པ་མེད་ལ༔ དབྱིབས་ཀྱིས་སྟོང་པ་ནི༔ རང་གི་ཤེས་རིག་འདི་ལ་བལྟས་པས༔ ཟླུམ་པོའི་དབྱིབས་སུ་མ་གྲུབ༔ གྲུ་བཞི་དང་༔ ཟླ་གམ་གྲུ་གསུམ་ལ་སོགས་པ་གང་གི་དབྱིབས་སུའང་མ་མཐོང་པའི་ཕྱིར་སྟོང་པ་ཉིད་དོ༔ དེ་བཞིན་ཁ་དོག་གིས་སྟོང་པ་ནི༔ ད་ལྟའི་ཤེས་རིག་འདི་ལ༔ ཁ་དོག་དཀར་པོའི་རང་བཞིན་དུ་མི་གནས༔ དམར་པོ་དང་༔ སེར་པོ་དང་༔ མཐིང་ག་དང་༔ ལྗང་གུ་དང་༔ ཁྲ་བོ་ལ་སོགས་པ་གང་གི་ཁ་དོག་སུ་ཡང་མ་མཐོང་ཞིང་གྲུབ་པ་མི་འདུག་པའི་ཕྱིར་སྟོང་པ་ཉིད་དོ༔ དེ་བཞིན་དུ་རང་གི་ཤེས་རིག་གི་ངོ་བོ་འདི་ལ༔ ཆོས་ཅན་མཚན་མར་གྲུབ་པ་སྤུ་ཙམ་ཡང་མི་འདུག་ཅིང་མ་མཐོང་བས་ན༔ རང་བཞིན་གྱིས་སྟོང་པ་ཉིད་དང་༔ ཤེས་རབ་སྙིང་པོ་ལས༔ ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པ་རྣམ་པར་བལྟའོ༔ ཞེས་གསུངས་པ་དང་༔ རང་ཤར་གྱི་རྒྱུད་ལས༔ ཆོས་ཉིད་རྟོགས་པར་བྱེད་པ་ནི༔ བྱར་མེད་ངང་དུ་ཤེས་པར་བྱ༔ དེ་ལྟར་སྐྱེ་མེད་དོན་རྟོགས་ན༔ ཆོས་ཉིད་ལྟ་བའི་ལྟ་བར་འདོད༔ ཅེས་གསུངས་པ་དང༔ ཡི་གེ་མེད་པའི་རྒྱུད་ལས༔ ལྟ་བ་མེད་པ་དེ་ལ་བལྟ་རྒྱུ་མེད༔ ལྟ་བའི་དོན་ལ་མི་འདའ་བལྟ་རྒྱུ་ངང་གིས་མེད༔ དེ་ཡོད་མ་ཡིན་དེ་ཡི་ངང་དུ་གནས་པར་བྱ༔ ཞེས་གསུངས་སོ༔ ས་མ་ཡ༔ གསུམ་པ་སྒྲོན་མའི་མཚན་ཉིད་གང་ཞེ་ན༔ རང་གི་ཤེས་རིག་འདི་ཉིད་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་དོ༔ དེ་ཡང་ཤེས་རིག་འདི་ལ་རང་བཞིན་མེད་པས་སྟོང་ལ༔ སྟོང་པ་དེ་ཀ་སྟོང་པ་ཕྱང་ཆད་དུ་མ་སོང་བར༔ སྟོང་པའི་ངོ་བོ་རིག་པ་རང་བཞིན་གྱིས་གསལ་བས་གསལ་སྟོང་གཉིས་སུ་མེད་པའི་མཚན་ཉིད་ཅན་ཏེ༔ ངོ་བོ་སྟོང་པའི་ཆ་ནས་རྟག་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་༔ རང་བཞིན་གསལ་བའི་ཆ་ནས་ཆད་པ་མཐར་འཛིན་གྱི་ཕྱོགས་སུ་མ་ལྷུང་༔ ཐུགས་རྗེ་ཀུན་ལ་ཁྱབ་ཅིང་མཚན་ཉིད་གཉིས་སུ་མེད་པའི་ཆ་ནས་རྟག་ཆད་མཐའ་ལས་འདས་པའི་མཚན་ཉིད་ཅན་ཏེ༔ སྒྲོན་མ་འབར་བའི་རྒྱུད་ལས༔ ཐོག་མའི་ཀ་དག་ཆེན་པོ་ལ༔ རང་བཞིན་ཉིད་ནི་འདི་ལྟ་བུ༔ སུས་ཀྱང་མ་བྱས་རང་གསལ་བ༔ ཡེ་ཉིད་ནས་ནི་རང་བཞིན་ནོ༔ ཞེས་པ་དང་༔ མུ་ཏིག་ཕྲེང་བའི་རྒྱུད་ལས༔ སྟོང་གསལ་རིག་ཅིང་འགྱུར་བ་མེད༔ ངོ་བོ་དེ་ཡི་མཚན་ཉིད་ཡིན༔ ཅེས་གསུངས་པ་དང་༔ རང་ཤར་གྱི་རྒྱུད་ལས༔ རྟག་ཆད་གཉིས་ཀྱི་མཐའ་ལས་འདས༔ ཞེས་གསུངས་པ་དང་༔ རང་གྲོལ་གྱི་རྒྱུད་ལས༔ མཐའ་བཞིའི་དྲི་མ་རང་སངས་ཉིད༔ ཅེས་གསུངས་པ་དང་༔ ཕ་རོལ་ཕྱིན་པ་ལས༔ སེམས་ནི་སེམས་མ་མཆིས་པ་སྟེ༔ སེམས་ཀྱི་རང་བཞིན་འོད་གསལ་བ་ལགས་སོ༔ ཞེས་པ་ལ་སོགས་པ་གསུངས་སོ༔ ས་མ་ཡཱ༔ བཞི་པ་སྒྲོན་མའི་དབྱེ་བ་དྲུག་ནི༔ གནས་ལུགས་གཞིའི་སྒྲོན་མ་དང་གཅིག༔ ཙིཏྟ་ཤ་ཡི་སྒྲོན་མ་དང་གཉིས༔ དཀར་འཇམ་རྩའི་སྒྲོན་མ་དང་གསུམ༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་བཞི༔ བར་དོ་དུས་ཀྱི་སྒྲོན་མ་དང་ལྔ༔ མཐར་ཐུགས་འབྲས་བུའི་སྒྲོན་མ་དང་དྲུག་གོ༔ ས་མ་ཡཱ༔ ལྔ་པ་སྒྲོན་མའི་ངེས་ཚིག་དྲུག་ནི༔ སེམས་ཅན་ཐམས་ཅད་ལ་ཆོས་སྐུའི་དགོངས་པས་ཏིལ་དང་འོ་མ་ལ་མར་གྱིས་ཁྱབ་པ་ལྟར་དུ་གནས་ཏེ༔ དེ་ལྟར་རྟོགས་ན་ཀུན་ཏུ་བཟང་པོའི་གྲོལ་གཞི་ལ༔ མ་རྟོགས་ན་མ་རིག་སེམས་ཅན་འཁྲུལ་གཞི་སྟེ༔ རྟོགས་ཏེ་སངས་རྒྱས་མ་བྱུང་༔ མ་རྟོགས་ཏེ་སེམས་ཅན་མ་བྱུང་བས༔ འཁོར་འདས་གང་གི་ཕྱོགས་སུ་མ་ལྷུང་བའི་གཞི་དེ་ལ་གནས་པ་གཞིའི་སྒྲོན་མ་ཞེས་བྱ༔ ཀུན་གཞི་ཞེས་བྱ༔ སྤྱི་གཞི་ཞེས་བྱ༔ བདེར་གཤེགས་སྙིང་པོ་ཞེས་བྱ་བ་འཁོར་འདས་ཐམས་ཅད་ལ་ཁྱབ་པར་གནས་ཏེ༔ དཔལ་ཕྲེང་སེང་གེའི་མདོ་ལས༔ བདེར་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པ་དང་༔ ནོར་བུ་ཕྲ་བཀོད་ལས༔ ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ༔ མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན༔ སེམས་ཅན་ལུས་ལྟར་སྣང་བ་ལ༔ དེ་བཞིན་གཤེགས་པའི་ས་བོན་ཉིད༔ མཐུན་པའི་འོད་དང་བཅས་ཏེ་སྣང་༔ ཞེས་པ་དང་༔ སེམས་ཅན་ཐམས་ཅད་ལ་གནས་ལུགས་གཞིའི་ཆོས་ཉིད་དེས་ཁྱབ་པར་གནས་པ་ནི་གནས་པ་གཞིའི་སྒྲོན་མ་ཞེས་བྱའོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མ་ཞེས་བྱ་ནི༔ གནས་ལུགས་ཀྱི་དོན་དེ་སྤྱིར་ལུས་ལ་གནས་ཤིང་༔ ཁྱད་པར་དུ་སྙིང་གི་ནང་ན་གནས་ཏེ༔ ངོ་སྤྲོད་སྤྲོས་པའི་རྒྱུད་ལས༔ དོན་ནི་རང་གི་ལུས་དཀྱིལ་ན༔ སྙིང་ནང་ཡེ་ཤེས་ཆེན་པོར་གནས༔ ཞེས་གསུངས་པ་དང་༔ ཐིག་ལེ་འདུས་པའི་རྒྱུད་ལས༔ སེམས་ཅན་དྲན་བྱེད་ཙིཏྟའི་དཀྱིལ༔ ཆོས་གསུམ་སེམས་ཀྱི་ངོ་བོར་གནས༔ ཞེས་གསུངས་པས༔ རིག་པ་སྙིང་གི་དཀྱིལ་དུ་གནས་པ་ལ་ཙིཏྟ་ཤའི་སྒྲོན་མ་ཞེས་བྱའོ༔ གསུམ་པ་དཀར་འཇམ་རྩ་ཡི་སྒྲོན་མ་ཞེས་བྱ་བ་ནི༔ སྙིང་དང་མིག་གཉིས་འབྲེལ་བའི་རྩ་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་པ༔ ནང་ཁྲག་དང་ཆུ་སེར་མེད་པའི་སྟོང་གསལ་གཅིག་ཡོད་པ་སྟེ༔ རིག་པ་རྒྱུ་བར་བྱེད་པའི་ལམ་ཡིན་ནོ༔ དེ་ལ་ནི་དཀར་འཇམ་རྩའི་སྒྲོན་མ་ཞེས་བྱ་སྟེ༔ ཐིག་ལེ་འདུས་པའི་རྒྱུད་ལས༔ རྩ་ཡི་རྒྱལ་པོ་ཤེལ་གྱི་སྦུག་གུ་ཅན༔ ཉི་མ་ཟླ་བའི་ནང་ན་ཟུག་པར་གནས༔ ཞེས་པ་དང་༔ སྒྲོན་མ་འབར་བའི་རྒྱུད་ལས༔ ཀླད་པ་དུང་ཁང་དཀར་པོ་ནས༔ གཡས་སུ་འཁྱིལ་པ་གསུམ་ཡོད་པས༔ རྩ་ནི་བ་མིན་རྭ་འདྲའི་དབྱིབས༔ འབྱུང་བའི་དྭངས་མ་ཀུན་འདུས་ནས༔ དབང་པོའི་ཡུལ་ལ་འཆར་བྱེད་པ༔ རྩ་ཡི་ནང་ན་འདི་ཉིད་གནས༔ ཞེས་སོ༔ དེས་ན་རྣམ་ཤེས་འགྱུ་བའི་ལམ་ལ་དཀར་འཇམ་རྩའི་སྒྲོན་མ་ཞེ་བྱའོ༔ བཞི་པ་རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས་བྱ་བ་ནི༔ མིག་ཆུ་ཡི་དཀྱིལ་འཁོར་གཉིས་ནས་མཐོང་བ་མ་འགགས་པར་གསལ་བ་སྟེ༔ སྒྲ་ཐལ་འགྱུར་གྱི་རྒྱུད་ལས༔ ཡེ་ཤེས་འཆར་བའི་སྒོ་ཉིད་ནི༔ ལུས་བཅུད་དྭངས་མ་ཀུན་འདུས་པ༔ ཙཀྵུ་ཞེས་པའི་སྒོ་ལ་ཐོན༔ གཉིས་ཀྱི་ཆ་འཛིན་སྣང་བ་སྟོན༔ ཅེས་པ་དང་༔ མ་སངས་རྒྱས་རང་ཆས་ཀྱི་རྒྱུད་ལས༔ ཡེ་ཤེས་ཟངས་ཐལ་ཉིད་ཀྱི་སྐུ༔ བརྟེན་པ་རང་གི་མིག་ལ་བརྟེན་ནོ༔ གནས་པ་མིག་གི་འབྲས་བུའི་སྟེང་ན་གནས་སོ༔ གསལ་བ་མཐོང་བ་མ་འགགས་པར་གསལ་ལོ༔ རང་གི་མིག་གི་འབྲས་བུའི་དཀྱིལ་ན་མ་འགགས་པར་ཟང་ཐལ་ལེ་བ་འདི་སངས་རྒྱས་ཡེ་ཤེས་ཟང་ཐལ་གྱི་སྐུ་ཡིན་ནོ༔ ཞེས་གསུངས་པས༔ མིག་གི་མཐོང་བ་མ་འགགས་པར་གསལ་བ་འདི་ལ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ༔ ལྔ་པ་བར་དོ་དུས་ཀྱི་སྒྲོན་མ་ཞེས་བྱ་བ་ནི༔ ཆོས་ཉིད་ཀྱི་བར་དོར་ཆོས་ཉིད་དག་པའི་སྣང་བ་འཆར་བ་དང་ངོས་ཟིན་ནས་གྲོལ་བ་སྟེ༔ རང་བྱུང་རིག་པའི་རྒྱུད་ལས༔ རང་བྱུང་ཡེ་ཤེས་ཉག་གཅིག་དོན༔ རང་ཤར་ལྷུག་པ་གཟའ་གཏད་བྲལ༔ དེ་ཡི་མཐར་འཛིན་གྲོལ་གྱུར་ན༔ འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན༔ རང་བྱུང་རིག་རྩལ་ཀློང་དུ་གྲོལ༔ ཞེས་པ་དང་༔ ཆོས་ཉིད་ཞི་ཁྲོའི་སྣང་བ་ཅི་ཤར་ཡང་༔ རང་སྣང་དུ་ཤེས་ནས་གྲོལ་བ་སྟེ༔ ཐིག་ལེ་སྤུངས་པའི་རྒྱུད་ལས༔ རང་བྱུང་ཡེ་ཤེས་ཆེན་པོ་ལ༔ རང་གདངས་སྣ་ཚོགས་རིགས་ལྔར་སྣང་༔ ཞེས་པས༔ བར་དོ་རང་ངོ་ཤེས་ནས་གྲོལ་བ་ལ་བར་དོ་དུས་ཀྱི་སྒྲོན་མ་ཞེས་བྱའོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱ་བ་ནི༔ ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ནས་ཕྱིར་མི་ལྡོག་པའི་ས་ཐོབ་སྟེ༔ རྒྱུད་ཀྱི་སྙིང་པོ་ལས༔ སྣང་སྲིད་འཁོར་བའི་ཆོས་རྣམས་ལ༔ ཡེ་ཤེས་སྤྱི་བླུགས་རྒྱས་ཐེབས་ན༔ སྐུ་དང་ཡེ་ཤེས་རང་བཞིན་ལ༔ ཁམས་གསུམ་འཁོར་བར་མི་འགྱུར་ཏེ༔ སྟོང་ཉིད་རྡོ་རྗེའི་སྐུ་ཐོབ་བོ༔ ཞེས་པ་དང་༔ འདས་རྗེས་ལས༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་བཙལ་དུ་མེད༔ ཅེས་པས༔ མཐར་ཐུག་གི་འབྲས་བུའི་དོན་མངོན་དུ་གྱུར་ནས་ཕྱིར་མི་ལྡོག་པའི་ས་ཐོབ་པས་མཐར་ཐུག་འབྲས་བུའི་སྒྲོན་མ་ཞེས་བྱའོ༔ དེ་ནི་སྒྲོན་མ་དྲུག་གི་ངེས་ཚིག་དྲུག་བསྟན་པའོ༔ ས་མ་ཡཱ༔ དྲུག་པ་སྒྲོན་མ་དྲུག་གི་གནས་ཚུལ་དྲུག་ནི༔ དང་པོ་གནས་པ་གཞིའི་སྒྲོན་མ་ནི༔ ཐིག་ལེ་གདལ་བའི་ཚུལ་དུ་གནས་ཏེ༔ ཡི་གེ་མེད་པའི་རྒྱུད་ལས༔ དོན་དམ་ཆོས་ཉིད་སྙིང་པོ་འདི༔ ཀུན་ལ་ཏིལ་མར་བཞིན་དུ་ཁྱབ༔ ཅེས་སོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མ་ནི༔ ཐིག་ལེ་སྤུངས་པའི་ཚུལ་དུ་གནས་ཏེ༔ ནམ་མཁའ་དང་མཉམ་པའི་རྒྱུད་ལས༔ གསེར་བུམ་ཏིལ་གྱི་སྒྲོན་མེ་བཞིན༔ འགྱུར་མེད་རིག་པ་ནང་ནས་གསལ༔ ཞེས་པ་དང་༔ སྙིང་གི་མེ་ལོང་གི་རྒྱུད་ལས༔ གནས་ནི་སྙིང་གི་ནང་འོད་ལྔའི་དབུས་ན་ཞི་བའི་སྐུ་ཡུངས་འབྲུ་ཙམ་འོད་ཁྱིམ་གྱི་ཚུལ་དུ་གནས་སོ༔ དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་ལ་དྭངས་པའམ་དཔེར་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་བཞིན་དུ་གནས་སོ༔ ཞེས་གསུངས་སོ༔ གསུམ་པ་དཀར་འཇམ་རྩའི་སྒྲོན་མ་ནི༔ ཐིག་ལེ་ཉི་ཞུར་འཆར་བའི་ཚུལ་དུ་གནས་ཏེ༔ ཐིག་ལེ་འདུས་པའི་རྒྱུད་ལས༔ རྩའི་རྒྱལ་པོ་ཤེལ་གྱི་སྦུག་གུ་ཅན༔ ཉི་མ་ཟླ་བའི་ནང་ན་ཟུག་པར་གནས༔ ཞེས་པ་དང་༔ སྒྲོན་མ་འབར་བའི་རྒྱུད་ལས༔ འབྱུང་བའི་དྭངས་མ་ཀུན་འདུས་ནས༔ དབང་པོའི་ཡུལ་ལ་འཆར་བྱེད་པ༔ རྩ་ཡི་ནང་ན་འདི་ཉིད་གནས༔ ཞེས་གསུངས་སོ༔ བཞི་པ་རྒྱང་ཞགས་ཆུའི་སྒྲོན་མ་ནི༔ ཐིག་ལེ་མདངས་སུ་ཤར་བའི་ཚུལ་དུ་གནས་ཏེ༔ ཐིག་ལེ་འདུས་པའི་རྒྱུད་ལས༔ ཆོས་ཉིད་དག་པའི་རང་མདངས་ནི༔ ནམ་ལངས་ཞོག་པ་ལྟ་བུར་གནས༔ ཡེ་ཤེས་དག་པའི་ཟེར་གདངས་ནི༔ ནམ་ལངས་ཉི་ཤར་ལྟ་བུར་གནས༔ ཅེས་པ་དང་༔ མུ་ཏིག་ཕྲེང་བ་ལས༔ འགྲོ་བའི་ལམ་ནི་མཐོང་བྱེད་སྒོ༔ དེ་ཉིད་གཡས་གཉིས་གཡོན་གཉིས་དབུས༔ སྒྲོན་མ་འབར་བའི་ཚུལ་དུ་གནས༔ ཞེས་གསུངས་སོ༔ ལྔ་པ་བར་དོ་དུས་ཀྱི་སྒྲོན་མ་ནི༔ ཐིག་ལེ་མངོན་དུ་གྱུར་པའི་རང་བཞིན་དུ་གནས་ཏེ༔ གཅིག་ཤེས་ཀུན་གྲོལ་གྱི་རྒྱུད་ལས༔ སྟོང་གསལ་ཏི་ལ་ཉག་གཅིག་འདི༔ འཁོར་འདས་ཀུན་གྱི་རྩ་བ་ཡིན༔ རང་བྱུང་ཡེ་ཤེས་དོན་རྟོགས་ན༔ གཅིག་ཤེས་ཀུན་གྲོལ་མཁས་པར་འགྱུར༔ ཞེས་པ་དང་༔ ཐིག་ལེ་སྤུངས་བའི་རྒྱུད་ལས༔ རང་བྱུང་ཡེ་ཤེས་ཆེན་པོ་ལ༔ འོད་ཟེར་འབར་བས་ཀུན་ལ་ཁྱབ༔ ཅེས་གསུངས་སོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མ་ནི༔ ཐིག་ལེ་བཅུད་དུ་སྨིན་པའི་ཚུལ་དུ་གནས་ཏེ༔ དེ་ལ་སྐྱེད་འདོན་རྒྱུ་མེད་པས་ཡེ་གདོད་མའི་ས་ལ་ལྷུན་གྱིས་གནས་པ་སྟེ༔ ཁུ་བྱུག་རིག་པ་ལས༔ ཟིན་པ་རྩོལ་བའི་ནད་སྤངས་ནས༔ ལྷུན་གྱིས་གནས་པས་བཞག་པ་ཡིན༔ ཅེས་པ་དང་༔ འདས་རྗེས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་སྣང་བ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་བཙལ་མི་དགོས༔ ཞེས་པ་དང་༔ ཕ་རོལ་དུ་ཕྱིན་པ་ལས༔ ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པ་ཆེན་པོའི་མཐར་ཕྱིན་ཏོ༔ ཞེས་སོ༔ དེ་ནི་སྒྲོན་མ་དྲུག་གི་གནས་ཚུལ་དྲུག་བསྟན་པའོ༔ ས་མ་ཡཱ༔ བདུན་པ་སྒྲོན་མ་དྲུག་གི་དཔེ་དྲུག་ནི༔ དང་པོ་གནས་པ་གཞིའི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན་འོ་མ་ལ་མར་གྱིས་ཁྱབ་པའམ་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་ལྟར་གནས་སོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན་འོད་ཁང་དུ་མར་མེ་བཅུག་པ་ལྟ་བུ་འམ་བུམ་སྐུ་ལྟ་བུའོ༔ གསུམ་པ་དཀར་འཇམ་རྩའི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན་ཤར་ཕྱོགས་ཀྱི་རྒྱ་སྐར་བུག་པ་ནས་ཉི་མ་ཤར་བ་ལྟ་བུ་སྟེ༔ སྐར་ཁུང་གི་དཔེ་བཞིན་དུ༔ སྙིང་ནས་མིག་ཏུ་རྩ་དར་དཀར་གྱི་སྐུད་པ་ཙམ་དུ་འབྲེལ་བའི་ནང་དུ༔ ཡར་ཐིག་ལེ་ཉི་ཞུར་ཙམ་དུ་འཆར་རོ༔ བཞི་པ་རྒྱང་ཞགས་ཆུའི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན་ཉི་མ་ཤར་ནས་འཆར་ཙམ་ན༔ འོད་ནུབ་རི་ལ་འཆར་བ་ལྟ་བུ་སྟེ༔ དཔེ་དེ་བཞིན་དུ༔ ཡེ་ཤེས་ཀྱི་གསལ་གདངས་དེ་ཤེས་པ་རྟོག་པས་མ་བསླད་པའི་སལ་ལེ༔ ཡེར་རེ༔ སེང་ངེ་བ༔ དུས་རྒྱུན་དུ་རྒྱང་ཞགས་ཉིད་དུ་གསལ་ལོ༔ ལྔ་པ་བར་དོ་དུས་ཀྱི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན༔ སྔར་འདྲིས་ཀྱི་མི་དང་ཕྱིས་འཕྲད་པ་ལྟ་བུའོ༔ དཔེ་དེ་བཞིན་དུ༔ འོད་གསལ་ཆོས་ཉིད་མངོན་སུམ་ལ་གོམས་འདྲིས་མཐར་ཕྱིན་ནས་ཉམས་སྣང་གོང་དུ་འཕེལ་ཞིང་༔ རིག་པ་ཚད་ལ་ཕེབས་ནས༔ ཕྱིས་ཆོས་ཉིད་བར་དོར་ཡེ་ཤེས་མངོན་དུ་གྱུར་ནས་ཡིད་ཆེས་ཏེ༔ རང་སྣང་དག་པ་སངས་རྒྱས་ཀྱི་ཞིང་ཁམས༔ འོད་གསལ་གྱི་ངང་ལས་སངས་རྒྱས་པ་ཡིན་ཏེ༔ གང་ལ་གང་འདུལ་གྱི་འགྲོ་བའི་དོན་འབྱུང་ངོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མ་ནི༔ དཔེ་ཅི་དང་འདྲ་ན༔ སྟོན་ཁའི་ལོ་ཐོག་སྨིན་པ་ལྟ་བུ་སྟེ༔ ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་ནས་དེ་ནས་ཡར་སྐྱེད་འདོན་རྒྱུ་མེད་དེ་ས་རྫོགས་ལམ་རྫོགས་འབྲས་བུ་རྫོགས་པས༔ དེ་ནས་ཕྱིར་མི་ལྡོག་པའི་ས་ཐོབ་ནས་འབྲས་བུ་མཐར་ཕྱིན་པའོ༔ དེ་ནི་སྒྲོན་མ་དྲུག་གི་དཔེ་དྲུག་བསྟན་པའོ༔ ས་མ་ཡཱ༔ བརྒྱད་པ་སྒྲོན་མ་དྲུག་གི་ངོ་སྤྲོད་དྲུག་ནི༔ དང་པོ་གནས་པ་གཞིའ་ིསྒྲོན་མའི་ངོ་སྤྲོད་ནི༔ ཞི་གནས་དང་ལྷག་མཐོང་ངོ་སྤྲོད་དོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མའི་ངོ་སྤྲོད་ནི༔ མི་མོའི་ནང་གི་མར་མེ་ལ་ངོ་སྤྲད་པ་དང་ལྷའི་བུམ་སྐུ་ལ་ངོ་སྤྲད་པའོ༔ གསུམ་པ་དཀར་འཇམ་རྩའི་སྒྲོན་མའི་ངོ་སྤྲོད་ནི༔ གློ་སྐར་གྱི་ཉི་ཞུར་ལ་ངོ་སྤྲོད་པ་དང་༔ མན་ཤེལ་གྱི་ཟེར་ལ་ངོ་སྤྲོད་པའོ༔ བཞི་པ་རྒྱང་ཞགས་ཆུའི་སྒྲོན་མའི་ངོ་སྤྲོད་ནི༔ གློ་སྐར་ཟང་ཐལ་ལ་ངོ་སྤྲོད་པ་དང་༔ མེ་ལོང་དང་ཤེལ་མིག་ལ་སྦྱར་ནས་ངོ་སྤྲོད་པའོ༔ ལྔ་པ་བར་དོ་དྲུག་གི་སྒྲོན་མའི་ངོ་སྤྲོད་ནི༔ ཆོས་ཉིད་བར་དོའི་ངོ་སྤྲོད་དང་༔ སྲིད་པ་བར་དོའི་ངོ་སྤྲོད་རྣམས་སོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མའི་ངོ་སྤྲོད་ནི༔ སྐུ་གསུམ་གྱི་ངོ་སྤྲོད་རྣམས་སོ༔ དེ་ནི་སྒྲོན་མ་དྲུག་གི་ངོ་སྤྲོད་དྲུག་བསྟན་པའོ༔ ས་མ་ཡཱ༔ དགུ་པ་སྒྲོན་མ་དྲུག་གི་ཉམས་ལེན་ནི༔ དང་པོ་གནས་པ་གཞིའི་སྒྲོན་མའི་ཉམས་ལེན་ནི༔ གཞི་ཁྲེགས་ཆོད་ཀ་དག་གི་ཉམས་ལེན་ནི༔ ཉམས་ཁྲིད་ཀུན་གཞི་རང་གྲོལ་ལྟར་ཉམས་སུ་ལེན་ནོ༔ གཉིས་པ་ཙིཏྟ་ཤའི་སྒྲོན་མའི་ཉམས་ལེན་ནི༔ སྙིང་གར་འོད་གསལ་འཛིན་པའི་གདམས་པ་སྟེ༔ འོད་གསལ་གཏི་མུག་རང་གྲོལ་ལྟར་ཉམས་སུ་ལེན་ནོ༔ གསུམ་པ་དཀར་འཇམ་རྩ་ཡི་སྒྲོན་མའི་ཉམས་ལེན་ནི༔ ལུས་ཀྱི་གནས་རྣམས་སུ་རྨི་ལམ་འཛིན་པ་སྟེ༔ རྨི་ལམ་འཁྲུལ་པ་རང་གྲོལ་གྱི་གདམས་པ་དང་༔ རྩ་རླུང་ཐིག་ལེ་ལ་རྩལ་སྦྱང་སྟེ༔ འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་ལྟར་ཉམས་སུ་ལེན་ནོ༔ བཞི་པ་རྒྱང་ཞགས་ཆུའི་སྒྲོན་མའི་ཉམས་ལེན་ནི༔ ཁྲེགས་ཆོད་ཀྱི་ཉམས་ལེན་ནམ་མཁའ་གསུམ་ཕྲུག་ལ་རྩལ་སྦྱང་བ་དང་༔ ཐོད་རྒལ་གྱི་ཉམས་ལེན་ཆོས་ཉིད་མངོན་སུམ་རྡོ་རྗེ་ལུ་གུ་རྒྱུད་ལ་རྩལ་སྦྱང་བ་དང་༔ རྒྱ་མཚོ་ཨར་གཏད་ཀྱི་གདམས་པ་ལ་རྩལ་སྦྱང་པའོ༔ ལྔ་པ་བར་དོ་དུས་ཀྱི་སྒྲོན་མའི་ཉམས་ལེན་ནི༔ ཐོད་རྒལ་གྱི་གདམས་པ་དང་༔ བར་དོ་ཐོས་གྲོལ་ལྟར་ཉམས་སུ་ལེན་ནོ༔ དྲུག་པ་མཐར་ཐུག་འབྲས་བུའི་སྒྲོན་མའི་ཉམས་ལེན་ནི༔ སྐུ་གསུམ་གྱི་ཁྲིད་དང་ངོ་སྤྲོད་རྣམས་ལ་རྩལ་སྦྱོང་བར་བྱའོ༔ དེ་ནི་སྒྲོན་མ་དྲུག་གི་ཉམས་ལེན་དྲུག་བསྟན་པའོ༔ ས་མ་ཡཱ༔ དེ་ལྟར་སྒྲོན་མ་དྲུག་གི་དབྱེ་བ་བསྟན་ནས༔ དེ་ནས་སྒྲོན་མ་དགུ་རུ་དབྱེ་བ་ནི༔ སྒྲོན་མ་དྲུག་གི་སྟེང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་གི་སྒྲོན་མ་དང་༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་གསུམ་བསྣན་ནས་སྒྲོན་མ་དགུ་སྟེ༔ དེ་ལ་དང་པོ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་རྨ་བྱའི་མདོངས་ལྟ་བུར་འཆར་རོ༔ གཉིས་པ་དེའི་མདངས་ལས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་ཡི་གེའི་ན་རོ་ལྟ་བུར་འཆར་རོ༔ གསུམ་པ་དེའི་རྩལ་ལས་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་ཤེས་པའི་རྩལ་དུ་མ་འཆར་རོ༔ དེ་ཡང་མུ་ཏིག་ཕྲེང་བ་ལས༔ སྒྲོན་མའི་ལམ་ནི་མཐོང་བྱེད་སྒོ༔ དེ་གཉིས་གཡས་གཉིས་གཡོན་གཉིས་དབུས༔ སྒྲོན་མ་འབར་བའི་ཚུལ་དུ་གནས༔ མཐོང་བྱེད་ཡུལ་དུ་སྣང་བའོ༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ ཐིག་ལེ་སྟོང་པའི་སྒྲོན་མ་དང་༔ དག་པ་དབྱིངས་ཀྱི་སྒྲོན་མ་དང་༔ ཤེས་རབ་རང་བྱུང་ཉིད་དང་ནི༔ རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི༔ མཐོང་བྱེད་ཡུལ་ལ་སྣང་བའོ༔ རིག་པ་རྟོག་མེད་ལུ་གུ་རྒྱུད༔ བདེ་ཆེན་ཚངས་པའི་སྒོ་ན་གནས༔ དཔེར་ན་གསེར་གྱི་ལུ་གུ་རྒྱུད༔ བཟོ་མཁན་ལེགས་པས་བརྒྱུས་པ་ལྟར༔ ལུ་གུ་རྒྱུད་ནི་འབྲེལ་ཆགས་སོ༔ ཞེས་པ་དང་༔ སྒྲོན་མ་འབར་བ་ལས༔ ཤེས་རབ་རང་བྱུང་སྒྲོན་མ་ནི༔ འདི་ཡི་སྒྲོན་མ་ཐམས་ཅད་ཀྱི༔ ཤེས་བྱེད་ཉིད་དུ་གནས་པས་ན༔ སྤྲ་བ་ཀུན་མཆེད་མེ་བསྲེགས་བཞིན༔ ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས༔ ཐིག་ལེ་སྟོང་པའི་སྒྲོན་མ་ནི༔ མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས༔ དམར་པོ་རང་གསལ་ཡེ་ནས་དྭངས༔ དཔེར་ན་རྨ་བྱའི་མདོངས་དང་མཚུངས༔ རྣམ་དག་དབྱིངས་ཀྱི་སྒྲོན་མ་ནི༔ མཐིང་ག་མི་འགྱུར་རང་གསལ་བ༔ མུ་ཁྱུད་ཀྱི་ནི་ར་བར་གནས༔ དཔེར་ན་ཡི་གེའི་ན་རོ་བཞིན༔ ཞེས་སོ༔ དེ་ལྟར་སྒྲོན་མ་དྲུག་དང་དགུའི་དབྱེ་བ་འདི༔ རྫོགས་པ་ཆེན་པོའ་ིདགོངས་པའི་བཅུད་བསྡུས་པ༔ ཤེས་རིག་རང་གྲོལ་ཞེས་བྱ་བ༔ མ་འོངས་སྙིགས་མའི་སྐལ་ལྡན་ལས་འཕྲོ་ཅན༔ ཐེག་ཆེན་ཨ་ཏི་ལ་མོས་པའི་གང་ཟག་གི་དོན་དུ༔ སྒྲོན་མའི་རྣམ་པར་དབྱེ་བ་བསྟན་ཏོ༔ འདིས་ཀྱང་འགྲོ་ཀུན་སྐུ་གསུམ་མངོན་གྱུར་ཤོག༔ སྒྲོན་མ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ ས་མ་ཡཱ༔ གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གཏེར་ནས་གདན་དྲངས་པའོ༔