དཔལ་སྔགས་ཀྱི་སྲུང་མའི་རྗེས་གནང་དངོས་གྲུབ་རྒྱ་མཚོའི་རང་བཞིན།
༄༅། །དཔལ་སྔགས་ཀྱི་སྲུང་མའི་རྗེས་གནང་དངོས་གྲུབ་རྒྱ་མཚོའི་རང་བཞིན་ཞེས་བྱ་བ་བཞུགས་སོ། །
༄༅། །ཧཱུྃ་འགྲུབ་པར་གྱུར་ཅིག །དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་མི་ཕམ་རལ་གཅིག་མའི་རྗེས་སུ་གནང་བ་སྦྱིན་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་དེ་བཞིན་ཉིད་མངོན་དུ་བྱེད་པའི་རྣལ་འབྱོར་པ་ལྟ་བའི་རྒྱབ་དང་ལྡན་པས། དབེན་པར་རཀྟ་དང་བདུད་རྩིས་ཆག་ཆག་བཏབ་ལ། ཆོས་འབྱུང་གྲུ་གསུམ་པ་པདྨ་འདབ་བརྒྱད་མེ་རིས་བསྐོར་བའི་དབུས་སུ། ཁྲིའུའི་ཁར་དཔལ་གཏོར་གྲུ་གསུམ་པ་འཁོར་ལྔ། དཀར་རྒྱན་དམར་རྒྱན་(༦)སྨན་རཀ་བྲན་པ་ལ་མདའ་དར་མཐིང་ནག་ཙཀླི་དང་བཅས་པ་གཟུག །མདུན་དུ་སྨན་རཀ་གཏོར་མ། བུམ་པ། མཐའ་སྐོར་དུ་ཚོགས་དང་སྤྱན་གཟིགས་སྣ་ཚོགས་བག་དྲོ་བར་བཤམས་ལ། རང་ཉིད་ས་མ་དྷིས་སྐོང་བའི་ཆོ་ག་སྔགས་སྒྲུབ་ཚོགས་ཡན་གྲུབ་པར་བྱ་ཞིང་། སློབ་བུ་ལ་སྐོང་བཤགས་ཡིག་བརྒྱ་བཟླ་བཅུག་ལ། དེ་ནས་སློབ་བུ་ལས་ལྡན་གསུམ་ལས་མི་མང་བ་ལ་ཁྲུས་བྱ། གུ་གུལ་བདུག །བགེགས་བསྐྲད། གདན་ལ་འཁོད་ཅིང་ཕྱག་བྱས་ཏེ། བླ་མ་ཀུན་ཏུ་བཟང་པོ་དངོས་སུ་བསམ་ཞིང་། མཎྜལ་ཕུལ་ཏེ། ཧོཿ བླ་མ་ཀུན་བཟང་ཧེ་རུ་ཀ །རང་བཞིན་དབྱིངས་ནས་སྐུ་བཞེངས་ལ། །བདག་ལ་དཔལ་ལྡན་ཁྲོས་མ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ལན་གསུམ་གསོལ་བ་གདབ། བླ་མས་བདུད་རྩི་བླུད་དེ། འོ་རིགས་ཀྱི་བུ་ཁྱོད་སྐལ་བ་བཟང་། །གསང་སྔགས་བསྟན་པ་བསྲུང་བ་དང་། །སེམས་ཅན་མ་ལུས་འདུལ་སླད་དུ། །ནག་མོ་ཁྲོས་མའི་གནང་བ་སྦྱིན། །དམ་བསྲུང་བདུད་རྩིའི་ཆུ་འདི་འཐུང་། །མཧཱ་སུ་ཁཾ། དེ་ནས་སློབ་བུ་རྣམས་གནས་ཨོ་རྒྱན་སྤྲུལ་པའི་གྲོང་ཁྱེར་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་འདབ་བརྒྱད་ཆོས་འབྱུང་དང་བཅས་པར། སྐད་ཅིག་གིས་དབྱིངས་ཀྱི་ཀུན་ཏུ་བཟང་མོར་བསྐྱེད་པའི་ཐུགས་ཀར་དགའ་བ་འཁྱིལ་པ། བླ་མའི་ཐུགས་ཀ་ནས་འོད་འཕྲོས། དགའ་བ་འཁྱིལ་པ་འཁོར་བས། རང་བཞིན་གྱི་གནས་ཨོ་རྒྱན་བསིལ་བའི་ཚལ་ནས། དཔལ་ལྡན་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག །ཞལ་གཅིག་ཕྱག་གཉིས་ནུ་མ་འཕྱང་། རལ་པ་གཅིག་གཏིབས་དཔྲལ་ན་སྤྱན་གཅིག །ཞལ་ན་ཚེམས་གཅིག་ཁྲོ་རྔམས་འཇིགས་པ། མེ་རླུང་འཚུབས་མ་ཁྲག་གི་མཚོ་འཁྱིལ། ཕྱག་གཡས་ཙིཏྟ་ཞལ་དུ་གསོལ་ཞིང་། གཡོན་པས་ཞིང་དབྱུག་ཀླད་ལ་བསྐོར་ཞིང་། འཁོར་དུ་དབྱིངས་ཀྱི་མ་མོ་ལྔ་ཉིད་དང་། ལས་བྱེད་མ་མོ་འབུམ་གྱིས་བསྐོར་ཞིང་། དབྱར་གྱི་ཆར་སྤྲིན་ལྟ་བུར་བྱོན་པར་བསམ། དེ་ནས་གུ་གུལ་ཚིལ་ཆེན་པད་རཀ་གི་དུ་བས་བདུག་ཅིང་ཌ་དྲིལ་སོགས་རོལ་མོའི་སྒྲས། ཧཱུྃ། རང་བཞིན་དབྱིངས་ཀྱི་གནས་མཆོག་ནས། །དཔལ་ལྡན་ནག་མོ་ཁྲོས་མ་ནི། །ཨེ་ཀ་ཛ་ཊཱི་དབྱིངས་ཀྱི་ཡུམ། །མཆེད་ཀྱི་མ་མོ་སྤྲུལ་འཁོར་བཅས། །སྐུ་མདོག་སྨུག་ནག་ཙེ་རེ་རེ། །དགྱེས་པའི་ཞལ་བགྲད་ཡ་ལ་ལ། །དངོས་གྲུབ་ཆར་འབེབས་སི་ལི་ལི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བདག་དང་མོས་པའི་བུ་རྣམས་ལ། །དབང་བསྐུར་བྱིན་རླབས་ཚེ་དབང་སྩོལ། །ལས་བཞི་ཕྲིན་ལས་གྲུབ་པ་དང་། །བསྟན་པའི་དགྲ་བགེགས་བསྒྲལ་དུ་གསོལ། །ༀ་མ་མ་ཨེ་ཀ་ཛ་ཊཱི་ཏྲག་རཀྴ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བསྟིམ། ཏིཥྛ་བཛྲས་བྱིན་ཕབ་ལ། བླ་མའི་དཔྲལ་བ་ལས་འོད་འཕྲོས། སྐུའི་མ་མོ་གྲངས་མེད་སྤྱན་དྲངས། སློབ་བུའི་དཔྲལ་བར་བསྟིམ། གཏོར་མ་གོང་གི་མངོན་རྟོགས་(༧)བཞིན་བསྒོམ། སྤྱི་བོར་བཟུང་། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྒྲུབ་མཛད་སྐུ་ཡི་ལྷ། །སྐུ་ཡི་མ་མོས་བྱིན་གྱིས་རློབས། །སྐུ་ཡི་དབང་བསྐུར་ཆེན་པོ་སྦྱིན། །སྔགས་ཤམ་རུ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། དེ་བཞིན་དུ་གསུང་ལས་འོད་ཟེར་འཕྲོས། གསུང་གི་མ་མོ། སློབ་མའི་ངག །ཧཱུྃ་ཞེས་སོགས། གསུང་གི་མ་མོ་སོགས། ཝཱཀ་ཨ་བྷི་ཥིཉྩ་ཨཱཿ། ཐུགས་ཀ་ནས་འོད་འཕྲོས། ཐུགས་ཀྱི། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ནས། གཏོར་མ་གནས་སོ་སོ་བཟུང་། གཡས་སུ་སྙིང་། གཡོན་དུ་ཞིང་དབྱུག །མདུན་དུ་ཐོད་ཁྲག་སྒྲུབ་དཔེ་གཏད་དེ། གཏོར་མ་སྤྱི་བོར་བཟུང་། སློབ་དཔོན་ཆེ་བའི་ང་རྒྱལ་གཟི་བརྗིད་དང་བཅས་པས། ཧཱུྃ་བྷྱོ། སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །སྔགས་ཀྱི་སྲུང་མས་བྱིན་གྱིས་རློབས། །དངོས་གྲུབ་མ་ལུས་དུས་འདིར་ཐོབ། །ཕྲིན་ལས་རྣམ་པ་བཞི་ཡིས་ནི། །གསང་སྔགས་བསྟན་སྲུངས་དམ་ཆོས་སྐྱོངས། །ཁྱོད་ཀྱིས་འགྲོ་བ་འདུལ་བར་བརྩོན། །དེ་བཞིན་མ་མོ་འཁོར་བཅས་ཀྱིས། །དད་ལྡན་བུ་ལ་བྱིན་གྱིས་རློབས། །གོང་གི་སྔགས་ཤམ་དུ། ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ཡུ་པུཎྱེ་བ་སུ་པུ་ཏྲ་སིདྡྷི་ཧཱུྃ་ཧཱུྃ། ཤཱ་ཏྲཱུན་སརྦ་ཤཱནྟིཾ་མཱ་ར་ཡ་ཕཊ། ལྷ་འདྲེ་མི་གསུམ་པཱ་ཤཾ་ཀུ་རུ་མཆོག་ཐུན་མོང་པུཥྚིཾ་ཀུ་རུ་སྭཱ་ཧཱ། དཔལ་སྔགས་ཀྱི་སྲུང་མ་འཁོར་དང་བཅས་པས་དམ་རྫས་བདུད་རྩིའི་ཚོགས་གཏོར་རྒྱ་ཆེན་པོ་འདི་བཞེས་ལ། སྔོན་གྱི་ཐུགས་དམ་བཞིན་དུ་རྡོ་རྗེའི་སློབ་བུ་ཆེ་གེ་མོ་ལ་དབང་བསྐུར་བྱིན་གྱིས་རློབས་སོགས། སློབ་བུའི་རྒྱུད་ཚོད། འགྲོ་དོན་ནུས་མི་ནུས། མཆོག །ཕལ་པ། ནད་པ། གདོན་ཅན། བུ་ནོར་འདོད་སོགས་འདོན་པ་བསྒྱུར་ལ། གཏོར་མ་བྱིན་རླབས། འདོད་གསོལ། བཅོལ་དམ། གཉེར་གཏད། བཀའ་གཏད། རྗེས་སུ་གནང་བ། བཀའ་འགྲོལ་སོགས་རིགས་བརྟགས་ལ་རྒྱས་པར་བྱའོ། །
དེ་ནས་ཚོགས་ལ་རོལ། དཔལ་གཏོར་དངོས་གྲུབ་ཏུ་ལོངས་སྤྱོད། མཆོད་བསྟོད་གཤེགས་གསོལ་སྐབས་དང་སྦྱར།
དགེ་བ་འདི་ཡིས་བདག་དང་འགྲོ་བ་ཀུན། །ནད་གདོན་མི་མཐུན་གནོད་པའི་ཚོགས་ཞི་ནས། །དཔལ་ལྡན་ནག་མོས་བུ་བཞིན་ལེགས་བསྐྱངས་ཏེ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་བསྔོ་བ་སྨོན་ལམ་ཤིས་པ་རྒྱ་ཆེར་བརྗོད་པར་བྱའོ། །ཚུལ་འདི་རིག་འཛིན་པདྨའི་གསུང་ཇི་ལྟར། །དེ་ཡི་ཐུགས་ཀྱི་འོད་ཟེར་ཕོག་པ་ཡི། །རྫོགས་ཆེན་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཀྱིས། །གངས་རི་ཐོད་དཀར་རིན་ཆེན་མགུལ་དུ་བཀོད། །ས་མ་ཡ། རྒྱ་རྒྱ་རྒྱ། དགེའོ།། །།