གསོལ་འདེབས་ཁག་ཅིག
ཨོཾ་སྭཱ་སྟི། སྲིད་ཞིའི་དཔལ་ཡོན་དུ་མ་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་རྒྱ་ཆེར་སྤེལ་མཛད་ཅིང༌། །མོས་ལྡན་གདུལ་བྱ་འདུལ་བའི་ཐབས་མཁས་པ། །སྤྲུལ་སྐུ་མཆོག་གི་སྐུ་ཚེ་བརྟན་པར་ཤོག ཁྱོད་ཉིད་སྐྱེ་བའི་འཕྲེང་བ་རབ་བཟུང་སྟེ། །ཕྱོགས་འདིར་གང་འཚམས་གདུལ་བྱ་འདུལ་བ་ལ། །ཐབས་ལ་མཁས་པའི་མཛད་འཕྲིན་རྨད་བྱུང་བ། །སྟོན་མཁས་སྤྲུལ་སྐུའི་སྐུ་ཚེ་བརྟན་པར་ཤོག །དེ་ལྟའི་མཛད་འཕྲིན་རྣམ་པར་དཀར་བ་ལ། །བར་དུ་གཅོད་པ་ནམ་ཡང་མི་འབྱུང་ཞིང༌། །ཇི་ལྟར་བཞེད་པའི་དོན་རྣམས་མཐའ་རུ་ཕྱིན། །སྐུ་ཚེ་མཛད་འཕྲིན་འགྲོ་དོན་མཐར་ཕྱིན་ཤོག །ཅེས་རྗེ་བཙུན་དམ་པའི་བརྟན་བཞུགས་སྨོན་ལམ། བཛྲ་ཀརྨ་པ་རྗེ་དྲུང་དབང་ཕྱུག་རྡོ་རྗེ་ཤྭ་རས་སྤ་ནམས་སུ་སྦྱར་བའོ། །བཀྲ་ཤིས། ༈ དཔལ་ལྡན་ཁྱབ་བདག་འགྱུར་མེད་རྡོ་རྗེའི་སྐུ། །གཞོམ་མེད་སྒྲ་དབྱངས་བརྗོད་བྲལ་རྡོ་རྗེའི་གསུང༌། །བདེ་ཆེན་ཟུང་འཇུག་མཉམ་ཉིད་རྡོ་རྗེའི་ཐུགས། །ལྷ་དབང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེ་ལེགས་འཕེལ། །༈ ཨོཾ་སྭཱ་སྟི། དཀྱིལ་འཁོར་ཀུན་གྱི་མགོན་པོ་གྲུབ་བརྙེས་གཙོ། །དགའ་བཞིའི་རོལ་ལྡན་སྤྱོད་པའི་
རྡོ་རྗེའི་ཞབས། །མཁའ་འགྲོ་དྲ་བའི་སྙིང་པོ་འཁོར་ལོ་སྡོམ། །དབྱེར་མེད་སྐུ་བཞིའི་ངོ་བོར་གསོལ་བ་འདེབས། །འགྲོ་ཀུན་རབ་དགའི་ས་ལ་འགོད་མཛད་པ། །སྟོང་ཉིད་སྙིང་རྗེའི་དབང་ཕྱུག་ཆོས་ཀྱི་རྗེ། །རིགས་ཀུན་བདག་པོའི་དབང་བསྒྱུར་སྐྱེས་རབས་འཕྲེང༌། །བཅུ་གཅིག་རིམ་པར་བྱོན་ལ་གསོལ་བ་འདེབས། །ཆོས་ཀུན་ཇི་བཞིན་གཟིགས་པའི་མཁྱེན་པ་ཅན། །ལྷན་ཅིག་སྐྱེས་དགའ་སྙིང་པོ་མངོན་གྱུར་པ། །ས་སྟེང་འགྲན་ཟླ་བྲལ་བ་སྤྲུལ་པའི་སྐུ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཀུན་ནས་དགའ་དང་གུས་པས་གསོལ་འདེབས་ན། །སྙིང་པོ་མཆོག་གི་བྱང་ཆུབ་མ་ཐོབ་བར། །ཐུགས་རྗེས་ཆེན་པོས་འབྲལ་མེད་རྗེས་བཟུང་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པ་འདི་ཡང་བན་དཔོན་ཨཱ་ནནྡྷ་ཛི་ཏ་བྷ་དྲས་བསྐུལ་ནས། ཏཱ་ར་ནཱ་ཐས་ཉེ་བར་སྦྱར་བ་སྟེ། དཔལ་སྟག་ལུང་ཐང་གི་ཆོས་གྲྭའོ། །ཤུ་བྷ་མསྟུ་སརྦ་ཛ་ག་ཏམ། ༈ རྒྱལ་བ་སྲས་བཅས་ཀུན་གྱི་མཁྱེན་བརྩེའི་དངོས། །རབ་དགའ་ལ་སོགས་བཅུ་གཉིས་ས་ཡི་བདག །ངོ་མཚར་བཀྲ་ཤིས་བགྲང་ཡས་སྤྲོ་བའི་སྐུ། །ཞིང་འདིར་བསྐལ་བརྒྱར་ཞབས་པད་བརྟན་པར་ཤོག །ཅེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །མངྒ་ལཾ། ༈ བདེ་ཆེན་ཟབ་གསལ་འགྱུར་བ་མེད་པའི་སྐུ། །ཡན་ལག་དྲུག་ཅུ་འགག་མེད་ཆོས་ཀྱི་གསུང༌། །ཆོས་དབྱིངས་
ཡེ་ཤེས་མཁའ་ལྟར་ཁྱབ་པའི་ཐུགས། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་དཀྱིལ་འཁོར་ལས། །འགྲོ་ཀུན་དགའ་བའི་འོད་བརྒྱ་འགྱེད་མཁས་པ། །སྙིང་པོའི་དོན་སྟོན་རྗེ་བཙུན་བླ་མ་ལ། །གུས་པས་ཕྱག་འཚལ་སྙིང་ནས་གསོལ་བ་འདེབས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ཀུན་གྱི་གཞི། །དམ་ཆོས་མི་ནུབ་རྒྱལ་མཚན་འཛིན་པའི་བདག །བྱང་ཆུབ་སེམས་ཀྱིས་བདག་གཞན་མཉམ་ཉིད་དགོངས། །ཡིད་བཞིན་ནོར་འདྲའི་བླ་མར་གསོལ་བ་འདེབས། །དཔལ་ལྡན་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གཙོ། །གང་སྣང་ཀུན་ཁྱབ་བདེ་བ་ཆེན་པོར་གཟིགས། །ལྷུན་གྲུབ་འཕྲིན་ལས་བཟང་པོ་འགྲོ་བའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཁྱེན་པས་ཤེས་བྱའི་གནས་ཀུན་གསལ་བར་གཟིགས། །བརྩེ་བས་ཕན་བདེའི་དགའ་སྟོན་རྒྱ་ཆེར་འགྱེད། །ནུས་པས་སྙིང་པོའི་བསྟན་པ་གསལ་མཛད་པ། །སྒྲོལ་བའི་མགོན་པོའི་ཞབས་ལ་གསོལ་བ་འདེབས། །མཚན་ཙམ་དྲན་པས་བར་ཆད་ཐམས་ཅད་སེལ། །གསོལ་བ་བཏབ་ནས་དགོས་འདོད་ཐམས་ཅད་འབྱུང༌། །གུས་པས་བསྟེན་ན་དངོས་གྲུབ་ཐམས་ཅད་སྩོལ། །བསམ་འཕེལ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །རང་བཞིན་འོད་གསལ་མ་བཅོས་གཉུག་མའི་
གདངས། །གང་ཤར་:རིགས་[རིས་]མེད་དག་པའི་འཁོར་ལོ་ཅན། །བླ་མ་མཆོག་གི་ཞབས་ལུང་མངོན་བརྙེས་པ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །མགོན་པོ་ཁྱོད་ཀྱིས་རྟག་ཏུ་རྗེས་འཛིན་ཞིང༌། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། ཁྱོད་ཀྱི་བསྟན་ལ་བྱ་བ་བྱེད་པར་ཤོག །ཅེས་པ་འདི་ནི་ཏཱ་ར་ནཱ་ཐས་རང་ཉིད་ཀྱིས་བསྟོད་པ་སྣ་ཚོགས་པ་དག་མི་འཐོར་བར་བྱ་བའི་ཕྱིར་དང༌། སློབ་མ་རྣམས་ཀྱི་སྤྱི་ཁྱབ་ཀྱི་ཁ་འདོན་དུ་དམིགས་ནས་ལེགས་པར་སྦྱར་པའོ། །དགེ་ལེགས་འཕེལ། །༈ དཔལ་ལྡན་ཆོས་ཀུན་དགའ་བའི་རྩེར་སོན་ཏེ། །ལྷན་སྐྱེས་སྙིང་པོའི་ཡེ་ཤེས་མངོན་གྱུར་པ། །སྲིད་གསུམ་དབང་ཕྱུག་བླ་མ་ཆོས་ཀྱི་རྗེ། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། ཁམས་གསུམ་དམ་པའི་ཆོས་ཀྱིས་འཁོར་ལོ་བསྒྱུར། །སྐུ་གསུམ་མངོན་གྱུར་བླ་མ་རིན་པོ་ཆེ། །གནས་གསུམ་དཔའ་བོ་མཁའ་འགྲོའི་མགོན་པོ་གང༌། །རྗེ་བཙུན་བླ་མའི་ཞབས་ལ་བསྟེན་པར་ཤོག །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པ་དང༌། །འཇིག་རྟེན་བདེ་ཞིང་ཕུན་ཚོགས་འཕེལ་བ་དང༌། །མྱུར་དུ་སངས་རྒྱས་ཐོབ་ཅིང་བླ་མ་དང༌། །ནམ་ཡང་འབྲལ་བ་མེད་པར་བྱིན་གྱིས་བརློབས། །ཞེས་པའང་ཏཱ་ར་ནཱ་ཐས་མ་དྲིན་ཅན་གྱི་བཀའ་ལྟར་བཀོད་པའོ། །མངྒ་ལཾ། ཤུ་བྷཾ།།