ལུས་ཀྱི་ཉམས་མྱོང་ངོ་སྤྲད་པ།

གཉིས་པ་སྒོ་གསུམ་གྱི་ཉམས་མྱོང་ངོ་སྤྲད་པ་ལ་གསུམ། ལུས་ཀྱི་ཉམས་མྱོང་ངོ་སྤྲད་པ་དང་། ངག་གི་ཉམས་མྱོང་ངོ་སྤྲད་པ་དང་། སེམས་ཀྱི་ཉམས་མྱོང་ངོ་སྤྲད་པའོ། །

དང་པོ་ལུས་ཀྱི་ཉམས་མྱོང་ངོ་སྤྲད་པ་ནི། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་ཞེས་པའི་དོན། ཀུན་གཞི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་དབུ་མ་ཆེན་པོ་ཐེག་པ་ཆེན་པོ་ཤེར་ཕྱིན་ཟབ་མོ་བདེ་གཤེགས་སྙིང་པོ་དེ་དག་གི་བྱེད་པ་བཅིངས་པའི་སྦྱོར་བ་ཡིས་ཡན་ལག་དྲུག་ཉམས་སུ་བླངས་པའི་ཚེ་མངོན་དུ་གྱུར་པ་ནི། ལུས་ལ་སྔར་མེད་པའི་རྣམ་འགྱུར་ཟ་བ་དང་གཡའ་བ་དང་ཚ་བ་དང་ཤ་འཕྲིག་པ་མང་པོ་དང་བེར་བ་ལངས་པ་དང་སྤྱི་གཙུག་ལ་སོགས་པར་པགས་པ་འུབ་འདུས་པ་དང་། ཟས་བྲབས་པ་བཞིན་དུ་ཚ་བེར་དང་། ལུས་ཧ་ཅང་དྲང་པ་དང་། ཧ་ཅང་དྲོ་བ་དང་། ཧ་ཅང་འཇམ་པ་དང་། ཧ་ཅང་རྩུབ་དང་། ཧ་ཅང་ཡང་པ་དང་། ཧ་ཅང་ལྕི་བ་དང་། འདར་བ་དང་འཕར་བ་དང་། སྤྲུག་པ་དང་འཁྲབ་པ་དང་འཕྱོང་པ་དང་རྒྱུག་པ་དང་ཡན་ལག་ཕལ་ཆེར་སྐྱོད་པ་དང་། མགོ་དང་རྐང་ལག་རེ་རེ་སྐྱོད་པ་དང་འདར་བ་དང་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ནང་རོལ་གློ་སྙིང་ལྟ་བུ་ཅི་རིགས་པ་འདར་བ་དང་འཕྲིག་པ་དང་། འགུལ་བ་དང་སྐྱོད་པ་དང་སྡེབས་པའི་ཉམས་མྱོང་ངང་གིས་འབྱུང་ཞིང་ལུས་གཡོ་འགུལ་མེད་པའི་ཉམས་ཀྱང་འབྱུང་སྟེ། རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །དུས་འཁོར་རྒྱུད་འགྲེལ་ལས། རྒྱུག་པར་འདོད་མ། ཡན་ལག་སྐྱོད་པར་འདོད་མ། ཞེས་པ་དང་། བྲམ་ཟེ་ཆེན་པོ་ས་ར་ཧས། སྒྲུབ་ཐབས་རྒྱ་མཚོར། དེ་བཞིན་དུ་བསྒོམས་པས་འདར་བ་དང་གཡོ་བ་ལ་སོགས་པའི་ཡོན་ཏན་སྐྱེ་བར་འགྱུར་རོ། །ཞེས་པ་དང་། འདི་ལ་གོམ་པའི་སྦྱོར་བས་འདར་བ་དང་གཡོ་བ་དབབ་པར་བྱས་པས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟར་བུའི་རྣལ་འབྱོར་པ་དེ་གླང་པོ་ཆེ་སྙོན་པ་མྱོས་བྱེད་ཀྱི་ཆུས་མྱོས་པ་བཞིན་དུ་གྱུར་པ་སྟེ་དེའི་ཚེ་རིགས་ལྔ་ལ་ལོངས་སྤྱོད་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །གྲུབ་པར་གྱུར་ན་གཞན་གྱི་ལུས་ལ་ཡང་འདར་བ་དང་གཡོ་བ་དབབ་པར་བྱས་ངས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འགག་པར་འགྱུར་རོ། །ཇི་ལྟར་གྲུབ་པའི་དངུལ་ཆུས་ཕུག་པས་ཟངས་མའི་ནག་པོ་སྤངས་པ་བཞིན་དུ་ལུས་པོ་ཉིད་ཀྱང་གཉིས་སུ་མེད་པའི་རོས་ཕུག་ནས། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྤོང་བར་འགྱུར་རོ། །ཞེས་གསུངས་པའི་དོན་ཏེ། སྒོམ་པའི་སྟོབས་སྟོབས་ཀྱིས་དབང་བསྐུར་བའི་དུས་སུ་ཀུན་དུ་ཡེ་ཤེས་ཀྱི་ལྷ་ཞི་ཁྲོ་སྣ་ཚོགས་པ་ཕེབས་ཤིང་མངོན་དུ་གྱུར་པའི་སྒོ་གསུམ་གྱི་ཉམས་མྱོང་ནི། དྲི་མེད་འོད་ལས། ཁྲོ་བོའི་རྒྱལ་པོ་ཕེབས་ན་མཚོན་ཆས་མཛེས་པའི་ལག་པ་དག་གིས་བདུད་ཀྱི་ཚོགས་ལ་སྡིག་བྱེད་ཅིང་། ཞེས་པ་ནི་འདིར་སློབ་མ་ལ་ཁྲོ་བོའི་རྒྱལ་པོ་ཕེབས་པར་གྱུར་ན་མཚོན་ཆས་མཛེས་པར་བྱས་པའི་ལག་པ་དག་གིས་བརྟན་པ་དང་གཡོ་བ་གང་ལ་བསྣུན་པ་དེ་ཕྱེ་མ་བརྒྱར་བྱེད་དོ། །བདུད་ཀྱི་ཚོགས་ཆོས་ལ་འཚེ་བར་བྱེད་པ་གང་ལ་སྡིགས་འཛུབ་ཀྱིས་སྡིགས་པ་དེ་ས་ལ་འགྱེལ་བར་བྱེད་ཅིང་སེམས་པར་བྱཻད། དེ་བཞིན་དུ་གཡོན་བརྐྱང་ལ་སོགས་པ་སྟོབས་རྣམས་དང་ནི་རྣམ་མང་བྱེད་པ་རྣམས་ཀྱིས་རྡོ་རྗེའི་གར་བྱཻད། འདིར་སློབ་མ་གང་ཞིག་སྔར་གར་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ཤེས་པ་དེ་ཉིད་ཁྲོ་བོ་ཕེབས་པར་གྱུར་པ་ན་རྡོ་རྗེའི་གར་བྱེད་དོ། །བར་སྣང་ལ་ཡང་རྣམ་མང་བྱེད་པ་རྣམས་ཀྱིས་ཞེས་པ་གར་བྱེད་དོ། །ཅི་སྟེ་བཞད་པར་བྱེད་ན་དེའི་ཚེ་ཧཱུྃ་གི་ཡི་གེ་འདྲེས་པས་དགྲ་དེ་བདུད་ཀྱི་ཚོགས་ལ་འཇིགས་པ་སྟེར་བ་དང་ནི་དེ་བཞིན་སློབ་མ་གང་ཞིག་སྔར་མི་ཤེས་པ་དེ་ཁྲོ་བོ་ཕེབས་པ་ནི་མི་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒྲས་རྒྱུད་གཞན་དུ་མ་ལ་སོགས་གང་གསུངས་པའི་གླུ་བྱེད་དོ། །དེའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཕེབས་པ་ནི་ངོ་ཚ་མེད་ཅིང་དོགས་པ་མེད་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ཁྲོ་བོའི་རང་བཞིན་གྱིས་སོ། །ལྷ་གཞན་རྣམས་ཀྱང་ཞི་བའོ་ཞེས་པ་ནི་ཅི་སྟེ་སྤྱན་མ་ལ་སོགས་པའི་ལྷ་ཡིན་ན་ཞི་བའོ་ཞེས་པ་སྟེ་ཁྲོ་བོ་དབབ་པའི་ངེས་པའོ། །འདིར་ཡང་རྒྱ་ཆེར་གཞན་ཁྲོ་བོ་བཅུ་པོ་རྣམས་ཀྱི་རང་བཞིན་བཅུ་པོ་རྣམས་ནི་ཕྱག་རྒྱ་བཅིང་པས་རིག་པར་བྱས་སོ། །མཚན་མ་གང་གིས་གང་སྐྱེད་པ་དེ་ཡང་དེའི་ཕྱག་རྒྱར་འགྱུར་ཏེ་དེ་ནི་དེས་ཤེས་པར་བྱའོ། །ཞེས་པ་ངེས་པའོ། །ད་ནི་སྐུ་ཞེས་པ་ལ་སོགས་པས་ཁྲོ་བོའི་རྒྱལ་པོའམ་བྱང་ཆུབ་སེམས་དཔའི་སྐུ་ལ་སོགས་པས་བྱིན་གྱིས་བརླབས་པར་གསུངས་པ། འདིར་སྐུ་ཕེབས་པས་ནི་རྣལ་འབྱོར་ལྡན་པ་ཞེས་པ་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླགས་པར་གྱུར་ན་རང་བཞིན་ཡོན་ཏན་དབང་གིས་ཞེས་པ་དྲག་པོ་དང་ཞི་བའི་རང་བཞིན་གྱིས་སློབ་མ་སྐུའི་བྱ་བ་བྱེད་པ་སྟེ། ཇི་ལྟར་ཁྲོ་བོ་དང་བྱང་ཆུབ་སེམས་དཔའ་ནི་ནམ་མཁའ་ལ་འགྲོ་བ་དང་ས་འོག་ཏུ་འགྲོ་བར་མཛད་པ་དེ་བཞིན་དུ་སློབ་མས་བྱེད་ཅིང་དཀྱིལ་འཁོར་ལ་སོགས་པ་མ་མཐོང་པ་སྐྱེད་པར་བྱཻད་མཆོག་གི་ལྷའི་སྐུ་རྡོ་རྗེས་བྱིན་གྱིས་བརླབས་པར་གྱུར་པས་རི་བོ་འབྱིན་པ་ལ་སོགས་པ་སྐུའི་བྱ་བ་བྱེད་དོ། །དེ་བཞིན་དུ་གསུང་ཕེབས་པས་ནི་སྲིད་གསུམ་ལྷ་དང་ཀླུ་དང་ལྷ་མིན་རྣམས་ལས་རྣམ་པར་རྒྱལ་བའི་སྨྲ་བ་པོར་འགྱུར་ཏེ། ལྷའི་གསུང་རྡོ་རྗེས་བྱིན་གྱིས་བརླབས་པའི་སློབ་མ་རྨོངས་པ་ཡང་འཇམ་དཔལ་ཇི་ལྟ་བ་དེ་བཞིན་དུ་འགྱུར་རོ། །ཞེས་པ་ངེས་སོ། །དེ་བཞིན་དུ་མཆོག་གི་ལྷའི་ཐུགས་ཕེབས་པས་ནི་གཞན་གྱི་སྙིང་ལ་གནས་པ་ཐམས་ཅད་དང་། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་མ་ཐོང་པ་ཐམས་ཅད་སློབ་མས་ཤེས་པར་འགྱུར་ཞེས་པ་ཐུགས་ཕེབས་པའི་ངེས་པའོ། །ཅི་སྟེ་སྐྱེ་བ་སྔ་མའི་བག་ཆགས་ཀྱིས་ཁ་གཅིག་ལ་ཡེ་ཤེས་ཕེབས་པར་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་ལ་འགྲུབ་པར་འགྱུར་ཞིང་སངས་རྒྱས་སུ་འགྱུར་རོ། །བླ་མ་ཡིན་ཡང་བླ་མ་ཞེས་པ་མངོན་པར་ཤེས་པ་ལྔ་ཐོབ་པ་དང་ས་བཅུའི་དབང་ཕྱུག་ཏུ་འགྱུར་རོ། །སངས་རྒྱས་ཞེས་པ་ནི་ཉེ་བར་བཏགས་པའི་ཚིག་སྟེ་རྫུ་འཕྲུལ་ལྡན་པའི་སྟོན་པ་གཅིག་པུ་ཞེས་པ་ཡང་དེ་བཞིན་ནོ། །སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱིས་བྱིན་གྱིས་བརླབས་པའི་མཚན་ཉིད་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་བརྒྱན་ལ་སོགས་པ་རྣམས་ཀྱི་བྱིན་གྱིས་བརླབས་པ་གསུངས་པ་འདིར་གང་གི་ཚེ་ས་ཕེབས་པས་ནི་རྣལ་འབྱོར་པ་སྟེ་སློབ་མ་བྱིན་གྱིས་བརླབས་པར་གྱུར་པ་ན་རི་དང་མཚུངས་པར་འགྱུར་ཏེ་མི་བརྒྱ་ཕྲག་དུ་མས་ཀྱང་སྐྱོད་པར་མི་ནུས་སོ། །ཆུས་ཀྱང་བསིལ་བར་རབ་ཏུ་འགྱུར་ཏེ་འདིར་མཱ་མ་ཀཱིས་བྱིན་གྱིས་བརླབས་པའི་རྣལ་འབྱོར་པས་གང་ཞིག་བསྲེག་པའི་རིམས་ཀྱིས་བཟུང་པ་ལ་འཁྱུད་ན་ཡང་དེ་རིམས་དང་བྲལ་བར་འགྱུར་རོ། །མི་ཕེབས་པས་ནི་བསྲེག་པར་འགྱུར་ཏེ་འདིར་གང་གི་ཚེ་གོས་དཀར་མོས་བྱིན་གྱིས་བརླབས་པར་གྱུར་ན་དེའི་ཚེ་གང་ལ་རེག་པ་དེ་བསྲེག་པར་བྱེད་དོ། །ཅི་སྟེ་རླུང་ཕེབས་པས་བྱིན་གྱིས་བརླབས་ན་དེ་བཞིན་སྐམ་པ་དག་ཏུ་རབ་ཏུ་འགྱུར་ཏེ་གང་ལ་འཁྱུད་པ་དེ། དཔག་ཚད་དུ་མ་རྣམས་སུ་སྐྲོད་པར་བྱེད་དོ། །དེ་བཞིན་དུ་སྟོང་པ་ཕེབས་པས་མི་སྣང་པར་འགྱུར་ཏེ་གང་ལ་རེག་པ་དེ་དག་གི་མི་སྣང་པར་འགྱུར་ཏེ་ས་སྟེང་དུ་ནི་མཁའ་ལ་སྤྱོད་པ་ཉིད་དུ་རབ་ཏུ་འགྱུར། ཞེས་པ་ངེས་པའོ། །དེ་བཞིན་དུ་ཐམས་ཅད་རང་གཞན་ཡོན་ཏན་དབང་གིས་རིག་པར་བྱ་སྟེ་འདིར་གང་གི་ཚེ་ལྷའི་མིག་ཕེབས་པར་གྱུར་ན་དེའི་ཚེ་མཆོག་གི་གཟུགས་དང་མ་མཐོང་བའི་རྫས་ཀྱང་མཐོང་བར་འགྱུར་རོ། །གང་གི་ཚེ་ལྷའི་རྣ་བ་ཕེབས་པར་གྱུར་ན་དེའི་ཚེ་སེམས་ཅན་རྣམས་ཀྱི་སྒྲ་གང་གིས་མ་ཐོས་པ་དེ་དག་ཐོས་པར་འགྱུར་རོ། །གང་གི་ཚེ་ལྷའི་ཡིད་ཕེབས་པར་གྱུར་ན་དེའི་ཚེ་གཞན་གྱི་སེམས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལུས་ཀྱི་དབང་པོ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རེག་བྱ་འཛིན་པར་འགྱུར་ཞིང་སྔོན་གྱི་གནས་ཤེས་པར་འགྱུར་རོ། །གང་གི་ཚེ་ལྷའི་ལྕེ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་རོ་མྱོང་བར་འགྱུར་ཞིང་དེས་ནམ་མཁའི་རྫུ་འཕྲུལ་དུ་འགྱུར་རོ། །གང་གི་ཚེ་ལྷའི་སྣ་ཕེབས་པར་གྱུར་ན་དེའི་ཚེ་ལྷའི་དྲི་འཛིན་པར་འགྱུར་ཏེ་དེ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །ཞེས་པ་ནི་ངེས་པའོ། །ཞེས་པའོ། །ལུས་ལ་འཁོར་ལོ་དྲུག་ནི་གཙུག་ཏོར། དཔྲལ་བ། མགྲིན་པ། ལྟེ་བ། གསང་གནས་ཀྱི་འཁོར་ལོའོ། །རྩ་དྲུག་ནི་ལྟེ་བ་ཡན་ལག་ཆད་ལ་གཡས་གཡོན་དབུ་མ་གསུམ་དང་། ལྟེ་བ་མན་ཆད་ལ་གཡས་གཡོན་དབུ་མ་གསུམ་སྟེ་དྲུག་གོ །རྩ་དྲུག་པོ་དེ་ལས་གྱེས་པ་ཡུལ་ཉི་ཤུ་རྩ་བཞི་དང་། དེ་ལས་གྱེས་པ་འཁོར་ལོ་དྲུག་གི་རྩ་བརྒྱ་ལྔ་བཅུ་རྩ་དྲུག་དང་། དེ་ལས་གྱེས་པ་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུའི་རྩ་བདུན་ཁྲི་ཉིས་སྟོང་ངོ་། དེ་ལ་རྩ་མདུད་པ་དང་རྩ་ཆད་པ་དང་རྩ་འཆུས་པ་རྣམས་ཀྱི་ནང་དུ་ཡེ་ཤེས་ཀྱི་རླུང་ཞུགས་པ་ན་རྩ་མདུད་གྲོལ་བ་དང་། ཆད་པ་སོས་པ་དང་། འཆུས་པ་སྲོངས་པའི་རྩ་ཟུག་དང་རླུང་གི་ཉམས་མྱོང་སྣ་ཚོགས་འཆར་རོ། །དཔྲལ་བ་ན་ལུས་ཀྱི་ཐིག་ལེ་སད་པས་དུས་ཀྱི་རྣམ་རྟོག་སྐྱེད་པར་བྱེད་པ་དང་། མགྲིན་པ་ན་ངག་གི་ཐིག་ལེ་རྨི་ལམ་གྱི་རྣམ་རྟོག་སྐྱེད་པར་བྱེད་པ་དང་། སྙིང་ཁ་ན་སེམས་ཀྱི་ཐིག་ལེ་གཉིད་སྟུག་གི་རྣམ་རྟོག་སྐྱེད་པར་བྱེད་པ་དང་། །ལྟེ་བ་ན་ཡེ་ཤེས་ཀྱི་ཐིག་ལེ་ཆགས་པའི་རྣམ་རྟོག་སྐྱེད་པར་བྱེད་པ་བཞི་ནི་བཅུ་དྲུག་ཕྱེད་ཕྱེད་ཐིག་ལེའོ། །དེ་ལས་ཕྱེ་བ་དགའ་བ་བཅུ་དྲུག་གི་རྟེན་དུ་གྱུར་པའི་ཐིག་ལེ་བཅུ་དྲུག་ནི། ལུས་ཀྱི་ལུས་ཀྱི་ཐིག་ལེ། ངག་གི་ལུས་ཀྱི་ཐིག་ལེ། སེམས་ཀྱི་ལུས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ལུས་ཀྱི་ཐིག་ལེ་སྟེ་ལུས་ཀྱི་ཐིག་ལེ་བཞི་དང་། ལུས་ཀྱི་ངག་གི་ཐིག་ལེ། ངག་གི་ངག་གི་ཐིག་ལེ། སེམས་ཀྱི་ངག་གི་ཐིག་ལེ། ཡེ་ཤེས་ཀྱི་ངག་གི་ཐིག་ལེ་བཞི་དང་། ལུས་ཀྱི་སེམས་ཀྱི་ཐིག་ལེ། ངག་གི་སེམས་ཀྱི་ཐིག་ལེ། སེམས་ཀྱི་སེམས་ཀྱི་ཐིག་ལེ། །ཡེ་ཤེས་ཀྱི་སེམས་ཀྱི་ཐིག་ལེ་སྟེ་སེམས་ཀྱི་ཐིག་ལེ་བཞི་དང་། ལུས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ། ངག་གི་ཡེ་ཤེས་ཀྱི་ཐིག་ལེ། སེམས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ། ཡེ་ཤེས་ཀྱི་ཡེ་ཤེས་ཀྱི་ཐིག་ལེ་སྟེ་ཡེ་ཤེས་ཀྱི་ཐིག་ལེ་བཞིའོ། །དེ་ལྟར་ཐིག་ལེ་བཅུ་དྲུག་གོ །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་དེ་ཉིད་ཡུལ་ཉི་ཤུ་རྩ་བཞིའི་རྩ་ལ་འཇུག་པའི་དབྱེ་བས་ཐིག་ལེ་ཉི་ཤུ་རྩ་བཞི་བ་ཚན་པ་བཞི་དང་། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་དེ་དག་གི་འཁོར་ལོ་དྲུག་གི་རྩ་བརྒྱ་ལྔ་བཅུ་རྩ་དྲུག་ལ་འཇུག་པའི་དབྱེ་བས་ཐིག་ལེ་བརྒྱ་ལྔ་བཅུ་རྩ་དྲུག་གི་ཚན་པ་བཞི་དང་། བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་དེ་ཉིད་ཚིགས་སུམ་བརྒྱ་དྲུག་ཅུའི་རྩ་འཁོར་སུམ་བརྒྱ་དྲུག་ཅུའི་རྩ་བདུན་ཁྲི་ཉིས་སྟོང་ལ་འཇུག་པའི་དབྱེ་བས་ཐིག་ལེ་བདུན་ཁྲི་ཉིས་སྟོང་གི་ཚན་པ་བཞིའོ། །གསང་འདུས་རིམ་ལྔ་ལས། སེམས་ཅན་ཀུན་གྱི་སྲོག་གྱུར་པ། རླུང་ཞེས་བྱ་བས་ལས་ཀུན་བྱེད། ཞེས་པའི་དོན། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རྩ་ཇི་སྙེད་ཡོད་པ་དེ་སྲིད་དུ་རླུང་ཟིན། རླུང་ཟིན་པས་ཐིག་ལེ་ཟིན། ཐིག་ལེ་ཟིན་པས་བདེ་བ་ཟིན་ནས་འཁོར་ལོ་རྣམས་སུ་རིམ་གྱིས་རླུང་དང་ཐིག་ལེ་དང་བདེ་བ་འཕེལ་ཞིང་གང་བས། རླུང་གི་ཉམས་མྱོང་དང་ཐིག་ལེའི་ཉམས་མྱོང་དང་བདེ་བ་འདོད་ཆགས་གཏུམ་མོ་རྗེས་དྲན་གྱི་ཉམས་མྱོང་སྣ་ཚོགས་འཆར་རོ། །དེ་ཡང་སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་མ་འགགས་ཀྱི་བར་དུ་ལུས་ཉམས་བདེ་མི་བདེ་དང་དགའ་མི་དགའ་དང་མཐོ་དམན་ཐུག་མ་ཧྲམ་སྣ་ཚོགས་སུ་འཆར་ཏེ་རྣལ་འབྱོར་གྱི་ཉམས་ལ་ཅི་ཡང་འཆར་བས་སོ། །སྒྲིབ་པའི་ས་བོན་རླུང་ཁུག་པ་གཅིག་འགགས་ཤིང་འགྱུར་མེད་བདེ་བའི་སྐད་ཅིག་གི་ཏིང་ངེ་འཛིན་ཐོབ་ནས་ལུས་ཀྱི་ཉམས་མྱོང་ཐམས་ཅད་དགའ་བ་དང་བདེ་བ་སྐྱིད་པ་གྱ་ནོམ་པ་ཕུན་སུམ་ཚོགས་པ་རྫུ་འཕྲུལ་སྣ་ཚོགས་པའི་བདག་ཉིད་ནམ་མཁའ་གང་པར་འཆར་རོ། །འབུམ་དང་ཉི་ཁྲི་སོགས་ལས། ལུས་ཀྱི་སྐྱོན་ཡང་དག་པར་སེལ་བས་རབ་ཏུ་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཏིང་ངེ་འཛིན་དེས་ཞེས་པ་སྔར་གྱི་དེས་འགྲེའོ། །མདོར་ན་རྒྱུད་སྡེ་རྣམས་ནས་གསུངས་པའི་རྣལ་འབྱོར་པའི་ལུས་ཀྱི་བརྟུལ་ཞུགས་ཀྱི་སྤྱོད་པ་ཇི་སྙེད་ལུས་ཀྱི་ཉམས་མྱོང་ཡིན་ནོ།། །།