Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅུ་པ། རི་རབ་ལ་གཤེགས་པའི་ལེའུ།
   
   
   
   
   
   


 
previousབཅུ་པ། རི་རབ་ལ་གཤེགས་པའི་ལེའུ། next

བཅུ་པ། རི་རབ་ལ་གཤེགས་པའི་ལེའུ།


DKG066_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐར་མ་ལ་དགའ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལག་འགྲོའི་ཚོགས་ཐམས་ཅད་ཀྱི་ཞལ་ཏ་བྱོས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་། ཉོན་མོངས་པ་མེད་པའི་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་དུས་ལགས་ཀྱིས་གཤེགས་ཤིག །བཅོམ་ལྡན་འདས་གང་ཁྱོད་ཀྱིས་མཛད་པ་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་


DKG066_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

གང་དེ་བཞིན་གཤེགས་པས་ལག་འགྲོའི་ལས་བསྟན་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་འབྱང་བ་ལུང་བསྟན་པ་བཤད་པ་རབ་ཏུ་བསྟན་པའི་དུས་ཡིན་ནོ། །ཡང་དེའི་ཚེ་ལྷ་ཐམས་ཅད་ཅེས་བྱ་བ་ནས་གྲུལ་བུམ་ཐམས་ཅད་ཅེས་བྱ་བའི་བར་དག་མེ་ཏོག་དང་། སྤོས་དང་། རིན་པོ་ཆེ་དང་། རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། སྤུད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་ཆར་པ་དག་རབ་ཏུ་འབེབས་ཤིང་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་རོལ་མོའི་སྒྲ་འབྱིན་པ་ལ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྔགས་པའི་ཡོན་ཏན་གྱིས་བསྟོད་ནས་བཅོམ་ལྡན་འདས་གདན་ལས་མངོན་པར་བཞེངས་ཏེ་རིའི་རྒྱལ་པོ་རི་རབ་ག་ལ་བར་བྱང་ཕྱོགས་སུ་ཉེ་བར་གཤེགས་སོ། །འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་ཐམས་ཅད་ཀྱིས་ཀྱང་གང་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་གྱིས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་རི་རབ་ཀྱི་རྩེ་མོར་གཤེགས་པར་བཞེད་པར་ཤེས་སོ། །དེ་ལྟར་རིག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་ཕྱིར་རིན་པོ་ཆེ་སྣ་བདུན་ལས་བྱས་པ་རས་བཅོས་བུ་སྣ་ཚོགས་དང་། ལྷ་རྫས་ཀྱི་རིན་པོ་ཆེའི་མེ་ཏོག་བཀྲམ་པའི་ཐེམ་སྐས་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་གཞན་འཕྲུལ་དབང་བྱེད་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་འཛམ་བུའི་ཆུ་བོའི་གསེར་གྱི་ཐེམ་སྐས་ཙན་དན་སྦྲུལ་གྱི་སྙིང་པོའི་ཕྱེ་མ་སྣ་ཚོགས་བཀྲམ་པ་དག་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་རྣམས་ལས་གཤེགས་པར་གསོལ། ལྷའི་བུ་འཕྲུལ་དགས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་གསེར་གྱི་ཐེམ་སྐས་ཙན་དན་ས་མཆོག་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་ཡོངས་སུ་དགའ་ལྡན་


DKG066_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་བཻ་དཱུཪྱའི་ཐེམ་སྐས་དུས་ཀྱི་རྗེས་སུ་འབྲང་བའི་ཙན་དན་གྱི་ཕྱེ་མ་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷའི་བུ་རབ་འཐབ་བྲལ་གྱིས་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་བཻ་དཱུཪྱའི་ཐེམ་སྐས་ལྷ་རྫས་ཀྱི་ཕྱེ་མ་སྣ་ཚོགས་བཀྲམ་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་མུ་ཏིག་དམར་པོའི་ཐེམ་སྐས་ལྷ་རྫས་ཀྱི་ཙན་དན་གྱི་ཕྱེ་མ་སྣ་ཚོགས་དང་། རིན་པོ་ཆེའི་དྲ་བ་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་ཐེམ་སྐས་ལས་གཤེགས་པར་གསོལ། རྒྱལ་པོ་ཆེན་པོ་བཞིས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་རིན་པོ་ཆེ་རྡོའི་སྙིང་པོ་ལས་བྱས་པ་ལྷ་རྫས་ཀྱི་རས་བཅོས་བུ་སྣ་ཚོགས་ཀྱིས་རབ་ཏུ་ཁེབས་པའི་ཐེམ་སྐས་དེ་ཉིད་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་ལས་རི་རབ་ཀྱི་རྩེ་མོར་གཤེགས་པར་གསོལ། ལྷ་མ་ཡིན་གྱི་དབང་པོ་བཞི་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་ཀྱི་ཕྱིར་ལྷ་རྫས་ཀྱི་སྤུག་གི་ཐེམ་སྐས་ལྷ་རྫས་ཀྱི་གསེར་གྱི་ཕྱེ་མ་སྣ་ཚོགས་ཀྱིས་ཡོངས་སུ་ཁེབས་པ་དེ་ཉིད་དུ་སྤྲུལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་ཐེམ་སྐས་ལས་རི་རབ་ཀྱི་རྩེ་མོར་གཤེགས་པར་གསོལ། དེ་ནས་བཅོམ་ལྡན་འདས་དེ་དག་ལ་ཐུགས་བརྩེ་ནས་བདག་ཉིད་འདུན་པས་བདག་དང་འདྲ་བའི་སངས་རྒྱས་ཀྱི་སྐུ་དྲུག་སྤྲུལ་ནས་སངས་རྒྱས་བདུན་པོ་དེ་དག་ལྷའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་ཐམས་ཅད་ཀྱི་མདུན་དུ་ཉན་ཐོས་ཀྱིས་མདུན་དུ་བདར་ཅིང་བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་བཀོད་པ་ཆེན་པོ་དེ་ལྟ་བུས་རི་རབ་ཀྱི་རྩེ་མོར་གཤེགས་སོ། །སངས་རྒྱས་བདུན་པོ་དེ་དག་མཆོག་ཏུ་ལྷན་ནེ་


DKG066_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་ངེར་རི་རབ་ཀྱི་རྩེ་མོ་ན་བཞུགས་སོ། །སངས་རྒྱས་ཀྱི་སྐུ་རེ་རེ་ལས་འོད་ཟེར་འདི་ལྟ་བུ་བྱུང་སྟེ། དཔེར་ན་ཟླ་བ་དང་ཉི་མ་བྱེ་བ་ཕྲག་སྟོང་ཤར་བ་བཞིན་ནོ། །ཀླུ་གང་དག་དྲང་སྲོང་ཐུབ་པའི་གནས་རྟེན་དུ་ལྷགས་པ་དེ་དག་ཐམས་ཅད་ཀྱིས་དེ་མཐོང་ནས་ལྟད་མོར་གྱུར་ཏེ་གཅིག་ལ་གཅིག་དྲིས་པ། སྣང་བ་ཆེན་པོའི་ནང་ན་རྟེན་པ་རི་རབ་ཀྱི་རྩེ་མོ་ལ་གནས་པ་བདུན་པོ་དེ་དག་ག་ལས་འོངས། དགའ་བོ་དང་ཉེ་དགའ་གཉིས་ཀྱིས་སྨྲས་པ། རི་རབ་རྩེ་ལ་ལྷ་རྣམས་ལྷན་ཅིག་ཚངས་པའི་མདུན་ན་འདོན་པ་འདི་གནས་པ། ཀུན་མཆོག་ལྷ་ཡི་དབང་ཕྱུག་ཤིན་ཏུ་མཁས་པ་རྣམས་ཀྱི་རིག་པའི་ཕ་རོལ་ཕྱིན། །བདག་ཅག་ལ་ནི་བརྩེ་བས་འདིར་གནས་དཔལ་གྱི་གཟི་བརྗིད་ཀྱིས་ནི་ལོངས་སྤྱོད་བྱེད། །འཆིང་བ་རྣམས་ལས་ཐར་བར་བྱེད་ཀྱིས་ཀུན་ཀྱང་དེ་ལ་མགོ་བོས་ཕྱག་འཚོལ་ཅིག །མ་དྲོས་པས་འདི་སྐད་ཅེས་སྨྲས་སོ། །དེ་འདི་མ་ཡིན་འདི་བདུད་སྡིག་ཅན་འགྲོ་གཙོ་འདོད་པའི་དབང་ཕྱུག་རྫུ་འཕྲུལ་ཅན། །ཁྱེད་ལ་སྙིང་བརྩེ་བ་ཡིས་བུ་དང་སྐྱེ་བོས་ཡོངས་བསྐོར་འདི་ནི་གནས་པ་ཡིས། །འདི་ནི་གང་ཞིག་ལ་ལ་འདོད་ཁམས་སྡུག་བསྔལ་བཀྲེས་ཤིང་སྐོམ་པའི་ནད་ཀྱིས་འཇིག །སེམས་ཅན་དེ་ཡང་རབ་ཏུ་ཐར་བྱེད་ཁྱེད་ཅག་མྱུར་དུ་སྡུག་བསྔལ་རྣམས་ལས་ཐར་བར་བྱེད། །ས་ཡི་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །དེ་ལྟ་མ་ཡིན་འདིར་རྒྱལ་ལྷ་དབང་འཐབ་བྲལ་དགའ་ལྡན་འཕྲུལ་དགའ་གཞན་འཕྲུལ་བ། །དེ་དག་ཁྱེད་ལ་སྙིང་བརྩེ་བ་ཡིས་རི་ལ་གནས་ཤིང་ཀླུ་ཡི་ཚོགས་ལ་ལྟ། །བདག་ཅག་ཡོངས་སུ་སྐྱོབས་ཞེས་ཀུན་གྱིས་གསང་མཐོར་དེ་དག་ལ་ནི་འོ་དོད་བོས། །དེ་དག་རྟག་ཏུ་བདེ་དང་ལྡན་པས་ཁྱེད་ཅག་བཙོན་ར་དག་ནས་ཞི་བར་བྱེད། །རྒྱ་མཚོས་སྨྲས་པ། དེ་དག་མ་ཡིན་འདི་ནི་ལྷ་དབང་བརྒྱ་བྱིན་ཚོགས་བཅས་གཟི་བརྗིད་ལྷང་ངེ་བ། །དེ་ནི་གླིང་བཞིའི་ནང་ན་ཆོས་དང་ལྡན་པ་སུ་ཡོད་བརྩེ་བའི་ཡིད་ཀྱིས་བལྟ། །ཁྱེད་ཅག་ཐམས་ཅད་བྱམས་པའི་ཡིད་དུ་གྱིས་ལ་ཁྲོ་བ་མྱུར་དུ་དོར་བར་གྱིས། །དེ་ཡིས་མྱུར་དུ་ལག་འགྲོ་ཐར་


DKG066_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་འདི་ནས་འཇིགས་པ་ཀུན་ནས་ཐར་བར་བྱེད། །ཤིན་ཏུ་བརྟན་གྱིས་སྨྲས་པ། དེ་ལྟ་མ་ཡིན་འདི་ཀུན་གཟུགས་བརྟེན་ལྷ་ཚོགས་བསམ་གཏན་བདེ་ལྡན་གཟི་བརྗིད་ཅན། །སེམས་ཅན་རྣམས་ཀྱི་ཆེད་དུ་དྲང་སྲོང་འདིར་འཛེགས་འཁོད་ནས་བརྩེ་བས་ཕྱོགས་རྣམས་སུ། །མྱུར་དུ་སྲོག་ཆགས་རྣམས་ཀྱི་འགྲོ་བའི་སྡུག་བསྔལ་ཞི་བྱེད་ཆོས་ཆུའི་ཆར་པ་འབེབས། །ལྷ་ཡི་ཡིད་ཀྱིས་ཐམས་ཅད་དེ་ལ་ཕྱག་འཚོལ་འདི་ནས་བདག་ཅག་ཐར་བར་བྱེད། །ཀླུ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་གཟུགས་ན་བརྟེན་པའི་ལྷ་མིན་བཞི་པོ་འདི་ཀུན་བདུད་ཀྱི་འབྱོར་པ་ཡིན། །ལུས་ངན་སྐྱེ་མཆོག་བདུད་རྩིའི་སྐོམ་དང་རྒྱུ་བར་བཏགས་པ་འདི་དག་གནས་པ་ནི། །གནོད་སྦྱིན་སྡེ་དང་བཅས་པས་ཡོངས་བསྐོར་ཕྱོགས་བཞི་སྐྱོང་བྱེད་སྡིག་པའི་སྐྱེ་བོ་སྒྲོལ། །དེ་དག་གིས་ནི་བདག་ཅག་སེམས་ཅན་གཞན་མཐོང་འདི་ནས་མྱུར་དུ་ཐར་བར་བྱེད། །ཀླུ་རིན་ཆེན་སྐྱོང་གིས་འདི་སྐད་ཅེས་སྨྲས་སོ། །དེ་དག་མ་ཡིན་དེ་ནི་མགོ་བྲེགས་ངུར་སྨྲིག་གོས་ཅན་འཁོད་པར་སྣང་བ་ཡིན། །དེ་དག་ལ་ནི་ཀུན་ལྟ་ཐལ་མོ་སྦྱར་འཁོད་སྐར་མའི་ནང་ན་ཟླ་བ་བཞིན། །བདུན་པོ་དེ་དག་ཆེར་བསྒྲུབས་བརྟུལ་ཞུགས་བརྟན་པ་མགོ་བྲེགས་དག་གིས་མཐོང་བ་ཡིན། །ངུར་སྨྲིག་གོས་བགོས་མཚན་གྱིས་རབ་བརྒྱན་འགྲོ་བ་ཀུན་གྱིས་མཆོད་པར་འོས་པར་མཐོང་། །ཀླུ་ལུས་འབིགས་པའི་ཁབ་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་བདག་ཉིད་ཀྱིས་ཀྱང་འཇིག་རྟེན་འདྲེན་པ་ཡིན་ཏེ་ང་ལ་དེ་ལྟར་སྣང་། །སེམས་ཅན་རྣམས་ཀྱི་མཉམ་གཉེན་འགྲོ་བ་སྐྱོབ་པ་སྡུག་བསྔལ་རྒྱ་མཚོ་སེལ་བྱེད་པ། །གང་དག་ལྷན་ཅིག་སྣང་བ་དྲང་སྲོང་གཞན་རྣམས་ཀྱང་ནི་དེ་ཡིས་སྤྲུལ་པ་ཡིན། །བདག་ཅག་ལ་ནི་བརྩེ་བས་འདིར་གནས་ཁྱེད་ཅག་སྡུག་བསྔལ་རྣམས་ལས་ཐར་བར་བྱེད། །དེ་ནས་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་དེ་ལ་བཞུགས་མ་ཐག་ཏུ་རི་རབ་དཔག་ཚད་བརྒྱད་ཅུ་རྩ་བཞིར་འཁོར་བརྒྱ་སྟོང་ཡོད་པར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷ་རྫས་ཀྱི་


DKG066_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་བརྩེགས་པ་འོག་མིན་གྱི་ལྷའི་གནས་ལ་ཐུག་པའི་བར་མན་ཆད་སྣ་ཚོགས་པ། བལྟ་ན་སྡུག་པ། དཔག་ཚད་བརྒྱ་སྟོང་དུ་མར་སྤྲས་པ་དེ་སྲིད་ཅིག་སྤྲུལ་ཏེ། དེ་ནི་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་ལྷ་རྫས་ཀྱི་རས་བཅོས་བུ་དང་། ཆོས་གོས་དང་། རྒྱན་དང་། སྦུད་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྤོས་དང་། མེ་ཏོག་སྣ་ཚོགས་ཀྱིས་ཤིན་ཏུ་བརྒྱན་པར་སྤྲུལ་པ་ཡིན་ནོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་བོས་ཏེ་བཀའ་སྩལ་པ། ཀཽ་ཤི་ཀ་སངས་རྒྱས་ཀྱི་ཞིང་མི་མཇེད་ནི་ང་དང་། སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ཉན་ཐོས་ཆེན་པོ་རྣམས་དང་། དྲང་སྲོང་རྣམས་དང་། བདུད་རྣམས་དང་། དབང་ཆེ་བར་གྲགས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་རྣམས་དང་། མི་དང་། མི་མ་ཡིན་པ་རྣམས་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏོ། །དེ་བཞིན་དུ་ད་ལྟར་རི་རབ་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིས་ཤིན་ཏུ་ལོངས་སྤྱད་ཟིན་ཏོ། །རི་རབ་ཀྱི་རྩེ་མོ་ན་གནས་པའི་འབྱུང་པོ་ཁྱེད་ལ་ཕན་པ་དང་བདེ་བར་གྱུར་ཅིག །བཙུན་པ་བཅོམ་ལྡན་འདས་གལ་ཏེ་བདག་ཅག་ལ་ཐུགས་བརྩེ་བར་མཛད་ན་བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ལ་ཕྱག་བགྱི་བ་དང་། བསྙེན་བཀུར་བགྱི་བ་དང་། རི་རབ་ལ་ལོངས་སྤྱད་པར་བགྱི་བའི་སླད་དུ་སངས་རྒྱས་ཀྱི་ཞིང་མི་མཇེད་འདི་ཐམས་ཅད་ན་གལ་ཏེ་ཡང་གང་སུ་དག་བདུད་དམ། བརྒྱ་བྱིན་ནམ། ཚངས་པའམ། ལྷའི་དབང་པོའམ། ཀླུའི་དབང་པོའམ། གནོད་སྦྱིན་གྱི་དབང་པོའམ། དྲི་ཟའི་དབང་པོའམ། ལྷ་མ་ཡིན་གྱི་དབང་པོའམ། ནམ་མཁའ་ལྡིང་གི་དབང་པོའམ། མིའམ་ཅིའི་དབང་པོའམ། ལྟོ་འཕྱེ་ཆེན་པོའི་དབང་པོའམ།


DKG066_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པ་ལྷའི་དྲང་སྲོང་གི་བར་ཞེས་བགྱི་བ་ནས་མིའི་དྲང་སྲོང་གི་བར་དེ་དག་ཐམས་ཅད་འདིར་ལྷགས་པར་གྱུར་ན་འདིར་བདག་ཅག་ལ་ཤས་ཆེར་ཕན་པ་དང་བདེ་བར་འགྱུར་ལགས་སོ། །དེར་བཅོམ་ལྡན་འདས་བཞུགས་ནས་འཛུམ་པ་མཛད་དེ། དེའི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་རྣམ་པ་སྣ་ཚོགས་བྱུང་ངོ་། །འོད་ཟེར་དེ་དག་གཤེགས་ནས་བདུད་ཀྱི་གནས་བྱེ་བ་ཕྲག་བརྒྱ་དང་། བརྒྱ་བྱིན་གྱི་གནས་བྱེ་བ་ཕྲག་བརྒྱ་དང་། ཚངས་པའི་གནས་ཞེས་བྱ་བ་ནས་ལྷའི་དབང་པོ་ཐམས་ཅད་ཀྱི་གནས་དང་། ལྷ་མ་ཡིན་གྱི་གནས་དང་། དྲང་སྲོང་གི་གནས་བྱེ་བ་ཕྲག་བརྒྱའི་སངས་རྒྱས་ཀྱི་ཞིང་འདི་ཇི་སྙེད་པ་ཐམས་ཅད་དུ་འོད་ཟེར་དེ་དག་ཞུགས་སོ། །དེ་དང་དེ་དག་ཏུ་སེམས་ཅན་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པ་བདུད་དམ་ཞེས་བྱ་བ་ནས་དྲང་སྲོང་རྣམས་ཞེས་བྱ་བའི་བར་དུ་མིང་དུ་བཏགས་པ་དེ་དང་དེ་དག་ཐམས་ཅད་ལ་རབ་ཏུ་གོ་བར་མཛད་ནས་བདུད་ཅེས་བྱ་བ་ནས་དྲང་སྲོང་ཞེས་བྱ་བའི་བར་དེ་དང་དེ་དག་དེ་ནས་ཆས་ཏེ་བཅོམ་ལྡན་འདས་ག་ལ་བ་དང་། སངས་རྒྱས་ཀྱི་སྐུ་དྲུག་པོ་དེ་དག་ག་ལ་བར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་གིས་འདིར་རི་རབ་ཀྱི་རྩེ་མོར་འཁོད་དོ། །བཅོམ་ལྡན་འདས་ཀྱིས་སྤྲུལ་པ་དག་རྒྱུན་བཅད་ནས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ན་རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་ནང་ན་རི་རབ་འདི་ནི་མཆོག་དང་ཕུལ་ཡིན་པར་ངས་བཤད་དེ། རི་རབ་འདི་ནི་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་ལོངས་སྤྱོད་པ་ཡིན་ཞིང་རི་རབ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །དེ་ཐོས་ནས་བརྒྱ་བྱིན་ཀཽ་ཤི་ཀ་དང་ཞེས་བྱ་བ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བའི་བར་མཆོག་ཏུ་ཡིད་བདེ་བ་དང་རངས་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱི་མཐུས་ཀླུའི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་དྲང་སྲོང་ཐུབ་པའི་གནས་རྟེན་དེ་ནས་སོང་སྟེ། ཀླུའི་རྒྱལ་པོ་རྒྱ་མཚོ་ནི་འདི་ནས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་ནང་དུ་


DKG066_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་མས་འདུག་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེའི་མགོ་བཞག་སྟེ་བཅོམ་ལྡན་འདས་འབའ་ཞིག་ལ་ལྟའོ་ཞེས་བྱ་བ་ནས་ཀླུའི་རྒྱལ་པོ་རིན་ཆེན་སྐྱོང་ཞེས་བྱ་བ་ནུབ་ཕྱོགས་ཀྱི་ཞེས་བྱ་བའི་བར་དང་། ཀླུའི་རྒྱལ་པོ་ལུས་འབིགས་པའི་ཁབ་ནི་བྱང་ཕྱོགས་ཀྱི་ཞེས་བྱ་བའི་བར་དང་། ཀླུའི་རྒྱལ་པོ་ཟླ་བ་ལ་རྩུབ་པ་ནི་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའི་ནང་དུ་མཇུག་མ་བཞག་ནས་ཞེས་བྱ་བ་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེའི་མགོ་བཞག་སྟེ་བཅོམ་ལྡན་འདས་འབའ་ཞིག་ལ་ལྟའོ་ཞེས་བྱ་བའི་བར་དུའོ། །ཀླུ་ལྷག་མ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་པ་དེ་དག་ནི་དེ་ནས་འདོང་བར་མ་ནུས་སོ། །དེ་དག་ཐམས་ཅད་ཀྱིས་གསང་བསྟོད་དེ་འདི་སྐད་ཅེས་སྨྲས་སོ། །བཙོན་ར་འདི་ནས་བདག་ཅག་ཡོངས་སུ་བསྐྱབ་པར་གསོལ། ཡོངས་སུ་ཐར་བར་མཛད་པར་གསོལ། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་ནས་འདིར་གཤེགས་ཤིང་གནས་རྟེན་འདིར་བཞུགས་ནས་ཀླུ་རྣམས་ལ་ཆོས་སྟོན་པར་འགྱུར་རོ་སྙམ་སྟེ། དེ་དག་གཉི་གས་གནས་རྟེན་ནས་རི་རབ་ཀྱི་རྩེ་མོའི་བར་དུ་དེ་སྲིད་ཀྱི་རང་གི་ལུས་སྤྲུལ་ཏོ། །དེ་ནས་བརྒྱ་བྱིན་འདི་སྙམ་དུ་སེམས་ཏེ། ཀླུ་དེ་དག་ནི་ལུས་རྩུབ་ཅིང་འདུས་ཏེ་རེག་ན་གདུག་པ་ཡིན་པས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་དག་རལ་བར་གྱུར་ན་མི་རུང་ངོ་སྙམ་ནས། དེས་ལག་འགྲོའི་ལུས་ལྷ་རྫས་ཀྱི་རས་བཅོས་བུ་དག་གིས་ཡོངས་སུ་གཡོགས་ཤིང་མགོ་ལ་ཙན་དན་སྦྲུལ་གྱི་སྙིང་པོ་དང་ཏ་མ་ལའི་ལོ་མའི་ཕྱེ་མས་ཡོངས་སུ་གཡོགས་ཏེ་ལྷ་རྫས་ཀྱི་མེ་ཏོག་དག་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཐུབ་པའི་གནས་རྟེན་དེ་རྒྱར་དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པར་སྤྲུལ་ཏོ། །མི་མཇེད་ཀྱི་བདག་པོ་ཚངས་པས་དེའི་དབུས་སུ་ལྷ་རྫས་ཀྱི་རིན་པོ་ཆེའི་རས་བཅོས་བུ་དང་། རྒྱན་དང་། ནོར་བུ་དང་། རིན་པོ་ཆེ་རྣམས་ཀྱི་གདན་དག་བཏིང་ངོ་། །དེའི་ཚེ་བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོ་ལ་བཞུགས་ནས་ཀུན་ཤེས་ཀཽ་ཌི་ནྱ་ལ་བཀའ་སྩལ་པ།


DKG066_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ནས་ཀྱང་སངས་རྒྱས་ཀྱི་ཞིང་མི་མཇེད་ཐམས་ཅད་དུ་ཆུད་པ་ཐམས་ཅད་ཀྱིས་ཐོས་པར་དེ་ལ་སངས་རྒྱས་ཀྱི་ཡུལ་གྱི་ཆོ་འཕྲུལ་གྱི་བྱིན་གྱིས་རླབས་ཀྱི་སྟོབས་དེ་ལྟ་བུས་ཆོས་སྟོན་ཏེ། ཀཽ་ཌི་ནྱ་གང་མིག་གི་སྐྱེ་བ་དང་། གནས་པ་དང་། འབྱུང་བ་དང་། ཉེ་བར་ལེན་པ་ལ་མངོན་པར་ཞེན་པ་འདི་ནི་སྡུག་བསྔལ་གྱི་སྐྱེ་བའོ། །འདི་ནི་ནད་དང་སྲིད་པའི་ཡན་ལག་རྣམས་ཀྱི་གནས་པའོ། །འདི་ནི་རྒ་ཤིའི་འབྱུང་བའོ། །ཀཽ་ཌི་ནྱ་གང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་སྐྱེ་བ་དང་། གནས་པ་དང་། འབྱུང་བ་དང་། ཉེ་བར་ལེན་པ་ལ་མངོན་པར་ཞེན་པ་འདི་ནི་སྡུག་བསྔལ་གྱི་སྐྱེ་བའོ། །འདི་ནི་ནད་དང་། སྲིད་པའི་ཡན་ལག་རྣམས་ཀྱི་གནས་པའོ། །འདི་ནི་རྒ་ཤིའི་འབྱུང་བའོ། །ཀཽ་ཌི་ནྱ་གང་མིག་གི་འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་དང་། ཉེ་བར་ལེན་པ་ཉེ་བར་ཞི་བ་འདི་ནི་སྡུག་བསྔལ་གྱི་འགོག་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ཉེ་བར་ཞི་བའོ། །འདི་ནི་རྒ་ཤིའི་ནུབ་པའོ། །ཀཽ་ཌི་ནྱ་གང་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འགོག་པ་དང་། ཉེ་བར་ཞི་བ་དང་། ནུབ་པ་དང་། ཉེ་བར་ལེན་པ་རྣམ་པར་ཞི་བ་འདི་ནི་སྡུག་བསྔལ་གྱི་འགོག་པའོ། །འདི་ནི་སྲིད་པའི་ཡན་ལག་རྣམས་ཀྱི་ཉེ་བར་ཞི་བའོ། །འདི་ནི་རྒ་ཤིའི་ནུབ་པའོ། །ཆོས་གང་གིས་ང་ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་། བྲམ་ཟེར་བཅས་པ་དང་། ལྷ་དང་མིར་བཅས་པའི་སྐྱེ་དགུའི་འཇིག་རྟེན་ན་ཕུལ་ཡིན་པར་གྲགས་པ་དང་། བྱམས་པ་ཆེན་པོས་མཆོག་ཡིན་པར་གྲགས་པ་དང་། སྙིང་རྗེ་ཆེན་པོས་དམ་པ་ཡིན་པར་གྲགས་པ་དང་། འཁོར་བའི་ཕ་རོལ་ཏུ་ཕྱིན་པས་བླ་ན་མེད་པར་གྲགས་པ་དང་། སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་གྲགས་པའི་ཆོས་ཀྱི་སྦྱིན་པ་དང་། དུལ་བ་དང་། ཡང་དག་པར་སྡོམ་པ་དང་། ཚངས་པའི་གནས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་བསྒོམ་པའི་རྒྱུ་འཐུན་


DKG066_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་དེ་ནི་ངས་སེམས་ཅན་ཐམས་ཅད་ལ་རྒྱ་ཆེར་བསྟན་ཏོ། །གསལ་བར་མཛད་དོ། །སྟོན་པ་ཐུགས་བརྩེ་བ་ཅན་ཕན་པར་བཞེད་པས་གང་ཉན་ཐོས་རྣམས་ལ་མཛད་པ་ནི་ངས་མཛད་ཟིན་ཏེ། ད་ཁྱེད་ཅག་གིས་བྱ་བ་ཡིན་ནོ། །རྒ་ཤིའི་མཐར་དབྱུང་བའི་ཕྱིར་དགོན་པ་རྣམས་དང་། ཤིང་དྲུང་དང་། དུར་ཁྲོད་དང་། རི་དང་། རི་ཁྲོད་དང་། བས་མཐའི་གནས་མལ་དེ་དག་ཏུ་ཕྱིས་འགྱོད་པ་ཅན་དུ་གྱུར་ན་མི་རུང་གིས་སྒོམས་ཤིག །རྩོལ་ཅིག །ངེད་ཀྱིས་རྗེས་སུ་བསྟན་པ་ནི་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། སངས་རྒྱས་ཀྱི་ཞིང་མི་མཇེད་འདིའི་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་གང་ཡིན་པ་ཐམས་ཅད་དུ་གླིང་བཞི་པ་རེ་རེར་ཡང་སེམས་ཅན་དཀྲིགས་པ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་དེ་དག་གིས་ནི་དགེ་བའི་རྩ་བ་རྣམ་པ་སྣ་ཚོགས་བསྐྱེད་དོ། །ཁ་ཅིག་ནི་ཏིང་ངེ་འཛིན་དང་། གཟུངས་དང་། བཟོད་པ་རྣམས་ལ་རྣམ་པར་གནས་པར་གྱུར་ཏོ། །དེ་བཞིན་དུ་ཆོས་རྣམས་ལ་ཆོས་ཀྱི་མིག་བསྐྱེད་དོ། །ཁ་ཅིག་ནི་སེམས་ཅན་དམྱལ་བར་འགྲོ་བའི་ལས་ཀྱི་སྒྲིབ་པ་རྣམས་བྱང་ངོ་ཞེས་བྱ་བ་ནས་ཁ་ཅིག་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་བར་དང་། ཁ་ཅིག་གནོད་སྦྱིན་དབུལ་པོ་ཉིད་ཀྱི་བར་དང་། ཁ་ཅིག་ནི་མི་དབུལ་པོ་ཉིད་དུ་འགྲོ་བའི་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་བྱང་ངོ་། །ནད་ཀྱིས་བཏབ་པ་རྣམས་ནི་ནད་མེད་པར་གྱུར་ཏོ། །སེམས་ཅན་རྣམས་བཙོན་ར་ནས་ཡོངས་སུ་ཐར་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོ་རྒྱ་མཚོས་ཚིགས་སུ་བཅད་དེ་གསོལ་པ། དགེ་བ་སྣ་ཚོགས་དྲི་མ་མེད་པའི་གསེར་ཅན་སྤྱོད་པ་རྣམ་དག་ཐུགས་རྗེས་ཕྱུག །ལྷ་དང་ཤེད་ལས་སྐྱེས་དང་ལག་འགྲོའི་དམ་པ་ཉོན་མོངས་རྙོག་པ་སེལ་མཛད་པ། །ཚུལ་ཁྲིམས་ཐོས་རིག་གསུམ་པོ་ཕུན་སུམ་ཚོགས་པ་སེམས་ཅན་ཐམས་ཅད་འཛུད་པའོ། །ལག་འགྲོའི་ཚོགས་རབ་ཐར་མཛད་ཐུགས་རྗེ་བརྟན་པོ་སྔོན་གྱི་དམ་བཅས་དགོངས་པར་མཛོད། །གཞན་སེམས་སེམས་ཅན་སླད་དུ་སྡུག་བསྔལ་ཇི་ལྟར་གཏར་བ་བཞིན། །ལག་འགྲོའི་སྐད་ཅིག་


DKG066_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་འདིར་རྨོངས་སྡུག་བསྔལ་སྣ་ཚོགས་ཐེབས། །དགྲ་ཡིས་ཕྱག་བགྱིས་བརྩོན་བརྟན་སྐྱེ་བའི་དགོན་པ་ལས་གྲོལ་བ། །ཡེ་ཤེས་ཆབ་ཀྱིས་ལག་འགྲོ་ཐམས་ཅད་ཚིམ་པར་མཛད་དུ་གསོལ། །འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་རི་རབ་ལ་གཤེགས་པའི་ལེའུ་སྟེ་བཅུ་པའོ།། །།


previousབཅུ་པ། རི་རབ་ལ་གཤེགས་པའི་ལེའུ། next