Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱི་ནས་མཁའ་འགྲོ་བསུན་མའི་ཞུ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱི་ནས་མཁའ་འགྲོ་བསུན་མའི་ཞུ་བ།next

ཕྱི་ནས་མཁའ་འགྲོ་བསུན་མའི་ཞུ་བ།


GLG025_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་མཁའ་འགྲོ་བསུན་མའི་ཞུ་བ་བཞུགས་སོ། །


GLG025_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ཨྱོན་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ བསུན་བཟློག་རྒྱས་པའི་མདོས་ཐབས་སུ་བཅས་པ་ལ༔ བསུན་མའི་མགྲོན་རྣམས་ཀྱིས། སྔ་མ་སྔགས་སྟོན། སྐྱེས་བུ་རིགས་བཟང་དང་། བུད་མེད་རིགས་བཟང་གང་ཡིན་པ་ལ། ནུབ་ཕྱོགས་བདེ་བ་ཅན་དུ་བཞུད་དགོས་ཟེར་ནས། བྲོད་པ་འདིང་ཞིང་གདན་འདྲེན་པ་འདི་སྐད་དོ༔ ༼ཀ༽ཀྱེ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ངེད་མཁའ་འགྲོ་རྣམས་ལ་ཚུར་གསོན་དང་༔ ཁྱེད་བོད་ཀྱི་ཡུལ་ལས་སྡུག་པ་མེད༔ ངེད་མཁའ་འགྲོའི་ཡུལ་ལས་སྐྱིད་པ་མེད༔ ངེད་མཁའ་འགྲོའི་ཡུལ་ལས་དགའ་བ་མེད༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ན༔ འཇའ་ཚོན་གུར་ཕུབ་ཁྱིལ་ལི་ལི༔ གཉིས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས༔ མེ་ཏོག་ཆར་བབ་སིལ་ལི་ལི༔ མི་མངོན་དབྱིངས་ཀྱི་ཕོ་བྲང་ན༔ གསེར་གྱི་ལྡིང་ཁང་ལྡིངས་སེ་ལྡིང་༔ མཁའ་སྤྱོད་ཉམས་དགའི་ཕོ་བྲང་ན༔ མཁའ་འགྲོའི་ཚོགས་རྣམས་སྤུངས་སེ་སྤུང་༔ ངེད་མཁའ་འགྲོའི་ཡུལ་ལས་སྐྱིད་པ་མེད༔ ཁྱེད་བོད་ཀྱི་ཡུལ་ལས་སྡུག་པ་མེད༔ བྲེལ་ཕོངས་ལས་ལ་ཟིན་དུས་མེད༔ (༢ན)


GLG025_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ཀྱི་ལས་ལ་དལ་དུས་མེད༔ རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ངེད་མཁའ་འགྲོའི་ཡུལ་དེར་ད་གཤེགས་ཤིག༔ ༼ཁ༽ཀྱེ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ངེད་མཁའ་འགྲོའི་ཡུལ་དེར་ད་གཤེགས་ཤིག༔ མཁའ་འགྲོའི་ཡུལ་ལས་དགའ་བ་མེད༔ མཁའ་འགྲོའི་ཡུལ་ལས་སྐྱིད་པ་མེད༔ འདོད་དགུ་འབྱུང་བའི་ཕོ་བྲང་ན༔ ཅི་འདོད་གཏེར་གྱི་དངོས་གྲུབ་ཡོད༔ དྲག་པོ་ཨེ་ཡི་གཞལ་ཡས་ན༔ ཐོད་པའི་སྐུ་མཁར་ལྡེམ་པ་ཡོད༔ མི་ལྤགས་གཡང་གཞི་རྒྱངས་སེ་རྒྱང་༔ ཚིལ་ཆེན་མར་མེ་ཏལ་ལ་ལ༔ ཤ་ཁྲག་གཏོར་མ་སྤུངས་སེ་སྤུང་༔ རཀྟའི་རྒྱ་མཚོ་ཁྱིལ་ལི་ལི༔ རུས་པའི་རྒྱན་ཆ་ཁྲོལ་ལོ་ལོ༔ ཚིལ་ཆེན་སྤོས་དུད་ཐུལ་ལུ་ལུ༔ མི་རྐང་གླིང་བུ་སྐད་རེ་བཟང་༔ ངེད་མཁའ་འགྲོའི་ཡུལ་ལས་བྲོད་པ་མེད༔ གནས་དེར་འདེངས་དང་དགའ་སྐྱིད་འཛོམ༔ རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ རྣ་བའི་དབང་པོ་ཚུར་གསོན་དང༔ ངེད་མཁའ་འགྲོའི་ཡུལ་ལས་དགའ་བ་མེད༔ ཁྱེད་བོད་ཀྱི་ཡུལ་ལས་སྡུག་པ་མེད༔ ཆགས་སེམས་ཆེ་ལ་གྲོལ་རྒྱུ་མེད༔ དེ་བས་ཨྱོན་(༢བ)


GLG025_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དེར་འདེངས༔ ༼ག༽ གཤེགས་ཀྱང་ཟེར། ཀྱེ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ རྣ་བའི་དབང་པོ་ཚུར་གསོན་དང་༔ ངེད་མཁའ་འགྲོའི་གནས་དེ་ཉམས་རེ་དགའ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ན༔ དཔའ་བོའི་གར་བྱེད་ཁྱུགས་སེ་ཁྱུག༔ དཔའ་མོའི་བྲོ་བརྡུང་ཆེམས་སེ་ཆེམ༔ བྱ་ངང་བའི་སྐད་སྙན་སངས་སེ་སང་༔ ངུར་པའི་སྐད་སྙན་ཙེར་རེ་རེ༔ མཁའ་འགྲོའི་གླུ་ལེན་ཀྱུར་རུ་རུ༔ དར་དཀར་རྒྱལ་མཚན་པུར་རུ་རུ༔ དར་ནག་རུ་མཚོན་ལྷབས་སེ་ལྷབ༔ རྐང་གླིང་སྨྱུག་གླིང་སྐྱུར་རུ་རུ༔ གསེར་གྱི་ཉི་མ་ཁྱིལ་ལི་ལི༔ དུང་གི་ཟླ་བ་ཏལ་ལ་ལ༔ སྐར་ཕྲན་ཚོམ་བུ་ཤིགས་སེ་ཤིག༔ གནས་དེར་འདེངས་དང་གནས་དེར་སྐྱིད༔ ཉམས་དགའི་གནས་དེར་གཤེགས་སུ་གསོལ༔ ༼ང༽ཀྱེ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ངེད་བསུན་མ་རྣམས་ལ་ཚུར་གསོན་དང་༔ ཁྱེད་བོད་ཀྱི་ཡུལ་ལས་སྡུག་པ་མེད༔ བོད་ཀྱི་ཡུལ་ལས་ངན་པ་མེད༔ བོད་ཀྱི་ཡུལ་དེ་གནས་རེ་ཆུང་༔ བདུད་རྩིའི་ཆུ་ལ་འཐུང་རྒྱུ་མེད༔ ཡེ་ཤེས་དབྱིངས་ལ་གཞག་ས་མེད༔ མེ་ཏོག་གླིང་ལ་བལྟ་ས་མེད༔ མཛེས་པའི་ཡིད་ལ་གདུངས་རྒྱུ་མེད༔ དེ་བས་བོད་ཀྱི་ཡུལ་འདི་སྡུག༔ རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ད་ནི་མཁའ་འགྲོའི་ཡུལ་དེར་གཤེགས༔ མཁའ་འགྲོའི་ཡུལ་དེ་གནས་རེ་བཟང་༔ རིན་ཆེན་གསེར་གྱི་ལྡིང་ཁང་དེ༔ ཁ་པད་གཡུ་ལ་བྱས་པ་ཡོད༔ རིན་ཆེན་དངུལ་གྱི་སྐུ་མཁར་དེ༔ ཁ་པད་ལྕགས་ལ་བྱས་པ་ཡོད༔ རིན་ཆེན་ཟངས་ཀྱི་སྐུ་མཁར་དེ༔ ཁ་པད་བྱུ་རུར་བྱས་པ་ཡོད༔ རིན་ཆེན་ལྕགས་ཀྱི་སྐུ་མཁར་དེ༔ ཁ་པད་(༣ན)


GLG025_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མཆོང་ལ་བྱས་པ་ཡོད༔ དེ་འདྲའི་གཞལ་ཡས་ཉམས་རེ་དགའ༔ དེ་འདྲའི་གནས་མཆོག་དང་རེ་སྤྲོ༔ གནས་མཆོག་དེ་རུ་ད་བཞུད་འཚལ༔ ༼ཅ༽ཀྱེ། རིགས་བཟང་ལྷ་ཡི་སྐྱེས་བུ་ཁྱེད༔ ངེད་མཁའ་འགྲོ་རྣམས་ལ་ཚུར་གསོན་དང་༔ ཨྱོན་ཡུལ་དེར་འགྲོ་རེ་རན༔ ཁྱེད་མི་འགྲོ་བའི་དབང་ཡང་མེད༔ བྱ་རྣམས་སྐད་སྙན་ཙེར་རེ་རེ༔ གཅན་གཟན་ངར་སྐད་དུར་རུ་རུ་༔ རྒྱན་ཆ་མང་པོ་པུར་རུ་རུ་༔ ཐོད་པ་ལྟག་སྤྲོད་ཁྲོལ་ལོ་ལོ༔ སིལ་སྙན་མང་པོ་སིལ་ལི་ལི༔ ཨ་ལ་ལ་སྟེ་ཉམས་རེ་དགའ༔ སྐལ་ལྡན་རིགས་བཟང་དགྱེས་པར་མཛོད༔ ཨྱོན་ཡུལ་དེར་ཁྲིད་ནས་འགྲོ༔ དཔའ་བོ་རྣམས་ལ་ཕོ་ཉར་བཀོད༔ དཔའ་མོའི་ཚོགས་ལ་འཕྲིན་ལས་བཅོལ༔ གསེར་གྱི་གདུ་བུ་ཁྲོལ་ལོ་ལོ༔ དངུལ་གྱི་མགུལ་ཨོང་སྤོངས་སེ་སྤོང་༔ ད་ནི་མཁའ་འགྲོའི་ཡུལ་དེར་གཤེགས༔ ༼ཆ༽ཀྱེ། རིགས་བཟང་དམ་ཚིག་ལྡན་པའི་རྣལ་འབྱོར་ཁྱེད༔ རིགས་བཟང་ལྷ་ཡི་སྐྱེས་བུ་འདི༔ ངེད་མཁའ་འགྲོའི་ཡུལ་དེར་མི་གཏོང་ན༔ རིགས་བཟང་དཔའ་བོ་དེའི་གླུད་ཚུར་ཐོང་ཞིག༔ ཤ་ཁྲག་རུས་པའི་གླུད་ཚུར་ཐོང་ཞིག༔ སྐྲ་དང་སེན་མོའི་གླུད་ཚུར་ཐིང་ཞིག༔ མགོ་ལུས་པགས་པའི་གླུད་ཚུལ་ཐོང་ཞིག༔ ངེད་མཁའ་འགྲོ་རྣམས་མི་སྡོད་ལོག་ནས་འགྲོ༔ ཨྠྀི༔ རྒྱ་རྒྱ་རྒྱ༔ ས་མ་ཡ༔ མཁའ་འགྲོ་རྣམས་ཀྱིས་གནང་བ་སྦྱིན་པ་འདི་སྐད་དོ༔ ༼ཇ༽ཀྱེ། ཁྱེད་ནི་བྱང་ཆུབ་སེམས་དཔའ་སྟེ༔ རང་དོན་དྲི་མས་ཁྱེད་མ་གོས༔ མཁའ་ཉམས་འགྲོ་ལ་ཁྱེད་སེམས་བརྩེ༔ ཁྱེད་ནི་དཔའ་བོ་ཆེན་པོ་སྟེ༔ བདུད་དང་མུ་སྟེགས་ཟིལ་གྱིས་གནོན༔ (༣བ)


GLG025_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ནི་ཡེ་ཤེས་སེམས་དཔའ་སྟེ༔ འཁོར་བའི་སྐྱོན་གྱིས་ཡོངས་མ་གོས༔ བསྟན་པ་ཡུན་རིང་བསྲུང་པའི་ཕྱིར༔ ཁྱེད་ཀྱི་བཀའ་བཞིན་སྒྲུབ་པར་བགྱི༔ ངེད་རྣམས་སོ་སོའི་གནས་སུ་འགྲོ༔ ཁྱེད་རྣམས་སྐུ་ཁམས་བཟང་བར་མཛོད༔ མཁའ་འགྲོ་བསུན་མ་རྣམས་ཀྱིས་གནང་བ་སྦྱིན་པར་བྱའོ༔ འབྱོན་བཞུད་ཀྱི་ཞུ་ལན་ཚོར༔ བླ་མ་ལ་འདི་སྐད་དོ༔ ཀྱེ། སེམས་ཅན་རྣམས་ཀྱི་མགོན་གྱུར་བླ་མ་རྗེ༔ ཁྱེད་ཨྱོན་ཡུལ་དུ་མི་བཞུད་པར༔ འགྲོ་བ་སེམས་ཅན་དོན་དུ་བོད་ཡུལ་དབུས་སུ་བཞུགས་པར་ཞུ༔ བུ་སློབ་རྣམས་དང་འགྲོ་བ་སེམས་ཅན་ལ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ ཅེས་ཆས་རྣམས་དབུལ་ལོ༔ སྔགས་པ་ཡིན་ན༔ ཀྱེ། ཐུགས་རྗེའི་མངའ་བདག་སྔགས་འཆང་ཁྱེད༔ ཨྱོན་མཁའ་འགྲོའི་གནས་སུ་མ་བཞུད་པར་བཞུགས་པར་ཞུ༔ ཞེས་མཁའ་འགྲོ་རྣམས་ཀྱིས་ཞུ་བ་བྱའོཿ མངྒ་ལཾ།། །


previousཕྱི་ནས་མཁའ་འགྲོ་བསུན་མའི་ཞུ་བ།next