རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན། མཆོག་གྱུར་གླིང་པ།
རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །
རྫོགས་པ་ཆེན་པོ་རིགས་གསུམ་སྙིང་ཏིག་གི་ཐོད་རྒལ་སྦྱང་བའི་རིམ་པ་རིགས་གསུམ་མགོན་པོའི་དགོངས་རྒྱན་ཞེས་བྱ་བ། བླ་མ་ཀུན་བཟང་རིགས་གསུམ་མགོན་པོ་ལ་ཕྱག་འཚལ་ལོ། །ཀ་དག་ཡུམ་དབྱིངས་ཀུན་ཁྱབ་བཻ་ཌཱུརྻ་ཡི་ས་གཞི་ལ། །ལྷུན་གྲུབ་ཡེ་ཤེས་འོད་ལྔའི་གཞལ་ཡས་ཁང་པ་མཛེས་པའི་ནང་། །རིག་པའི་སྙིང་པོ་ཀུན་ཏུ་བཟང་པོ་བླ་མའི་སྐུ་མཆོག་ལ། །འདུ་འབྲལ་མེད་པར་གུས་པས་ཕྱག་འཚལ་བཀའ་ཡི་གནང་བ་སྩོལ། །འགྲོ་ཁམས་བདེ་གཤེགས་སྙིང་པོའི་དྭངས་ཤེལ་ངོགས། །ཡེ་ཤེས་རང་གསལ་འོད་ཟེར་ལྔ་སྣང་བ། །མ་རིག་གཉིས་ཀྱིས་སྒྲིབ་པར་གྱུར་པ་གང་། །མན་ངག་ཉི་མའི་འོད་ཀྱིས་གསལ་བར་བྱ། །ཆོས་ཀུན་སྟོང་པ་ཆེན་པོའི་བུམ་པ་རུ། །ཡེ་ཤེས་སྐུ་ལྔ་གནས་པ་སྨིན་སླད་དུ། །བློ་གྲོས་ལྡན་རྣམས་འདི་ལ་མི་འཇུག་མེད། །དེ་ཕྱིར་བསམ་མི་ཁྱབ་འདི་སྟོན་ལ་སྤྲོ། །དེ་ཡང་མན་ངག་ཀུན་གྱི་མཐར་ཐུག་ཚེ་གཅིག་ལ་སངས་རྒྱས་སྒྲུབ་པའི་ཐབས་ཚུལ། རྫོགས་པ་ཆེན་པོའི་ཡང་ཞུན་རྟགས་ཚད་ལོ་ཟླ་ཙམ་གྱིས་འབྱིན་པར་བྱེད་པ། སྣང་བཞིའི་ལམ་ཐོད་རྒལ་དུ་བགྲོད་པ་འདི་ལ་གསུམ། སྔོན་འགྲོ་དངོས་གཞི་རྗེས་ཀྱི། དང་པོ་ལྟ་བ་གཏན་ལ་འབེབ་པ་རྒྱས་པ་གཞན་དུ་བསྟན་ཀྱང་། འདིར་ཡང་མདོར་བསྡུ་ནི། ངེས་འབྱུང་གི་བསམ་པས་རྒྱུད་སྦྱངས། སྐྱབས་འགྲོ་སེམས་བསྐྱེད་ཀྱི་གཞི་ཚུགས། བླ་སློབ་ཀྱི་རྟེན་འབྲེལ་བཟང་པོ་འཛོམས།
བླ་མ་སངས་རྒྱས་དངོས་སུ་མཐོང་ནས་སྤྲོས་མེད་བཞིའི་དབང་ཐོབ་པའི་གང་ཟག་གནས་དབེན་པར་ཕྱིན་ལ་བསྒོམ་པ་ནི། ཨེ་མ་ཧོ༔ ཁམས་གསུམ་འཁོར་བའི་སེམས་ཅན་རྣམས༔ གཞི་ནི་ཀ་དག་ཀུན་ཏུ་བཟང་༔ ལམ་ནི་ལྷུན་གྲུབ་རྡོ་རྗེ་སེམས༔ འབྲས་བུ་རིགས་ལྔའི་སྙིང་པོ་ཅན༔ བྲི་གང་མེད་པར་བཞུགས་པ་ལ༔ རང་བྱུང་ཆེན་པོའི་ཡེ་ཤེས་རྩལ༔ རིག་དང་མ་རིག་དབྱེ་བ་ཡིས༔ འཁོར་འདས་རྒྱབ་གྱེས་གྱུར་པ་འོ༔ ཞེས་གསུངས་པས། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་རིགས་ནི། ངོ་བོ་སྟོང་པ་ཀ་ནས་དག་པ་གཞི༵། རང་བཞིན་ལྷུན་གྲུབ་ཡེ་ཤེས་འོད་གསལ་རྡོ་རྗེ་སེམས་དཔའི་ལམ༵། འོད་གསལ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཡེ་ཤེས་རིགས་ལྔ་འབྲ༵ས་བུའི་ཚུལ་དུ་འཕེལ་འགྲིབ་མེད་པར་གནས། སུས་ཀྱང་མ་བྱས་པའི་རང་བྱུང་ལྷུན་གྲུབ་འོད་གསལ་ཡེ་ཤེས་ཀྱི་རང་ངོ་རིག་ན་དག་པ་མྱང་འདས་དང་། མ་རིག་ན་གཞན་དུ་འཁྲུལ་པས་འཁོར་བར་འཁྱམས་པར་གསུངས་པ་ནི་གཞིའི་གནས་ལུགས་ཡིན་ལ། སྦྱང་བྱ་མ་རིག་གློ་བུར་གྱི་དྲི་མ་དེ། སྦྱོང་བྱེད་ཡང་དག་པའི་ལམ་ལ་ཞུགས་པ་ནི་འདི་ལྟ་སྟེ། ཨེ་མ་ཧོ༔ སེམས་ཉིད་མ་བཅོས་རྗེན་པར་བུད༔ ཆོས་སྐུ་ཟང་ཐལ་ཉིད་དུ་གནས༔ ཞེས་གསུངས་པས། སེམས་སྐྱེ་འགག་གནས་གསུམ་ལ་དཔྱད་པས་དངོས་པོ་མེད་པར་
མཐོང་བ་དཔྱད་སྒོམ་དང་། འཇོག་སྒོམ་ནི། སེམས་ཉིད་སྐད་ཅིག་མའི་ཐོག་ཏུ་མ་བཅོས་པར་བཞག་པས་དངོས་པོ་གང་ཡང་མེད་པ་སྟོང་སང་ངེ་གསལ་ཝ་ལེ་མྱོང་རྒྱུ་ཡོད་པ། དེ་གཉིས་དབྱེར་མི་ཕྱེད་པ་སྨྲ་བརྗོད་ལས་འདས་པ་ཤར་བས་སེམས་འགག་རིག་པ་རྗེན་པར་བུད་པ་ཆོས་སྐུ་དེ་ཉིད་ཕྱི་ནང་གང་ལའང་འཛིན་མེད་ཟང་ཐལ་ལེ་བར་མཐོང་བ་ངོ་རང་ཐོག་ཏུ་སྤྲད་པའོ། །རོལ་པ་འགགས་མེད་ཤར་བ་རྣམས༔ ཆོས་ཉིད་རྒྱན་དུ་ཤེས་པར་བྱ༔ ཞེས་གསུངས་པས། དེའི་འཛིན་མེད་རང་གསལ་དུ་གནས་པའི་ངང་ནས་རྣམ་རྟོག་ཅི་ཤར་ཡང་ཆུ་དང་ཆུའི་རླབས་ལྟར་ཆོས་ཉིད་རོལ་པའི་རྒྱན་དུ་ངེས་པ་ཐག་གཅིག་ཐོག་ཏུ་གཅད་པའོ། །གདོད་ནས་གྲོལ་བའི་ངོ་མཚར་ཅན༔ རང་ཤར་རང་གྲོལ་ངང་དུ་བསྐྱང་༔ ཞེས་གསུངས་པས། བཟང་ངན་གྱི་རྟོག་པ་ཐམས་ཅད་དགག་སྒྲུབ་མེད་པར་རང་བབ་ཏུ་བཞག་པས། སྐྱེས་མ་ཐག་ཆུ་ལ་རི་མོ་ལྟར་དབྱིངས་སུ་ཐིམ་པས་འཁྲུལ་རྟོག་ཡེ་ཤེས་སུ་གནས་གྱུར་པས་ཆེས་དཀའ་བ་མེད་པར་གྲོལ་བ་ལ་གདེང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱའོ། །དེ་ལྟར་སྔོན་འགྲོ་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་ནས། གཉིས་པ་དངོས་གཞི་ཐོད་རྒལ་གྱི་སྣང་བ་རྩལ་སྦྱོང་བ་ནི། གཞིའི་བཞུགས་ཚུལ་དང་ལམ་སྦྱོང་ཚུལ་གཉིས་ལས། དང་པོ་ནི། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞེས་དང་།
ནང་དབྱིངས་ཤེལ་དང་འཇའ་ཚོན་བཞིན༔ ཞེས་གསུངས་པས། འགྲོ་བའི་སྙིང་དབུས་འོད་རྩའི་ནང་དུ་ཡེ་ཤེས་ཆེན་པོ་གནས་པ་ཡང་། ངོ་བོ་སྟོང་པ་དང་རང་བཞིན་ཐུགས་རྗེ་གསུམ་གཉིས་མེད་དུ་བཞུགས་པ་ཤེས་རབ་རང་བྱུང་གི་སྒྲོན་མ། རང་བཞིན་གསལ་བའི་རྩལ་ལས་འཇའ་འོད་ཀྱི་ཁང་པ་དབྱིངས་རྣམ་དག་གི་སྒྲོན་མ། དེའི་དབུས་སུ་ལྔ་ལྡན་འོད་ཀྱི་ཚོམ་བུ་རིགས་ལྔའི་ཆོས་ཅན་ཐིག་ལེ་སྟོང་པའི་སྒྲོན་མ་རྨ་བྱའི་མདོངས་ཐིག་ལྟ་བུ། མིག་གི་དབུས་ནས་རྐྱེན་གྱིས་འོད་སྣང་རྣམས་སྣང་བར་བྱེད་པའི་སྒོ་ནི་རྒྱང་ཞགས་ཆུའི་སྒྲོན་མ། དཔེར་ན་སྣང་དབྱིངས་ཤེལ་གྱི་དབུས་སུ་འཇའ་འོད་གསལ་བ་བཞིན་རང་གི་དབྱིངས་སུ་བཞུགས་པ་ལས་གཞན་དུ་མ་གྲུབ། གཉིས་པ་ལམ་སྦྱོང་ཚུལ་ནི། རྐྱེན་གྱིས་ཕྱི་རུ་ཤར་བ་ལ༔ གཉིས་མེད་ཟུང་འཇུག་ངང་དུ་བསྒོམ༔ ཞེས་པས་རྒྱང་ཞགས་སྒྲོན་མ་མིག་གི་སྒོར་རྐྱེན་གྱིས་ཤར་བ་ལ་གཉིས་འཛིན་རང་ངོ་མ་ཤེས་པ་འཁྲུལ་པ་ཡིན་ལ། དབྱིངས་རིག་དབྱེར་མེད་ཟུང་འཇུག་ཏུ་བསྒོམས་པས་ཡེ་ཤེས་རང་ངོ་འཕྲོད་ནས་སངས་རྒྱས་པར་བྱེད་པའི་མྱུར་ལམ་ཁྱད་པར་འཕགས་པའོ། །དེའི་ཚུལ་རྒྱས་པར་བཤད་ན། ཐོད་རྒལ་རིག་པའི་རྩལ་བསྐྱེད་པ༔ ཞེས་པས་ཁྲེགས་ཆོད་ཀྱི་དོན་རྟོགས་ནས་རྩལ་ཐོད་རྒལ་གྱིས་སྦྱང་བའམ་བསྐྱེད་པར་བྱ་བ་ལ། ལུས་གནད་སྐུ་གསུམ་བཞུགས་སྟངས་བཅས༔ ཞེས་པ་དབེན་པའི་གནས་སུ་
བྱ་བ་དགུ་ཕྲུགས་སུ་བཏང་ལ། ཆོས་སྐུའི་བཞུགས་སྟངས་ལུས་སེང་གེ་ལྟར་འགྱིང་བའི་ལག་སོར་བསྐུམ་པ་རྐང་པ་མཐིལ་སྤྲད་པའི་དབུས་སུ་བཅུག་སྟེ་མིག་གྱེན་ལ་བལྟ། ལོངས་སྐུའི་བཞུགས་སྟངས་གླང་ཆེན་ཉལ་བ་ལྟར་ཁ་སྦུབས་ལ་པུས་བྲང་སྤྲད་ལ། གྲུ་མོ་གཉིས་ས་ལ་བཙུག །ཐལ་མོ་གཉིས་ཀྱིས་འགྲམ་པ་བརྟེན་ལ། མིག་ཟུར་ལ་བལྟ། མགྲིན་པ་ཨན་ཙམ་བཏེགས། སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ། རྐང་མཐིལ་གཉིས་ས་ལ་སྦྱར་ནས་ལག་པ་པུས་མོའི་སྟེང་དུ་བསྣོལ། ཐལ་མོ་གཉིས་གྲུ་མོར་བཀབ་ལ་མིག་ཕབ་ལ་བལྟ། ངག་གནད་འགྲོ་འོང་དལ་བར་བསླབ༔ ཅེས་པ་རླུང་སྣ་ནས་མི་གཏོང་ཞིང་ཁ་ནས་དྲང་བ་ཕྱི་ནང་མཉམ་པ། ལས་དང་པོ་བས་ཅུང་ཟད་ནང་ལ་བསྡམས་པ་རྩོལ་བ་དྲག་པོ་མིན། མི་དགེའི་རྟོག་པ་སྐྱེ་བ་དང་སྙིང་མི་དགའ་བ་བྱུང་ན་རླུང་དྲག་པོ་ཕྱིར་འབུད་ཅིང་། ཕྱིར་ཨན་ཙམ་གཟུང་། སྒོ་གནད་ལྡོག་ཕབ་ཟུར་མིག་གིས༔ ཞེས་པ་ཆོས་སྐུའི་གཟིགས་སྟངས་གྱེན་ལ་གཙུག་ཏོར་རྣམ་པར་བལྟ་བ་ལྟ་བུ། ལོངས་སྐུའི་གཟིགས་སྟངས་ཟུར་ལ་བྲམ་ཟེས་སྨྱུག་མ་སྲོང་པ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ཕབ་ལ་དྲང་སྲོང་བསམ་གཏན་ལ་གནས་པ་ལྟ་བུའོ། །ཡུལ་གནད་ནམ་མཁའ་སྤྲིན་བྲལ་ལ༔ ཞེས་པ་ནམ་མཁའ་སྔོ་སངས་སུ་གྱུར་པ་དང་། ཉི་མ་རྩེ་ཤར་དང་ནུབ་ཁ་གཉིས་ཀྱི་ཟེར་
ལ་གཏད་པ་འོད་གསལ་འཆར་སླ་བའི་དགོས་པ་ཡོད། ཕྱི་ནང་སྒྲོན་མ་བཞི་ལྡན་པས༔ ཞེས་པ་ནི། ནམ་མཁའ་ལས་བྱུང་རང་བྱུང་བ༔ ཞེས་པས་ནང་དབྱིངས་ཀ་དག་ནམ་མཁའ་ལྟ་བུའི་རྩལ་ལས་བྱུང་བའི་རང་བྱུང་གི་དབྱིངས་ནི། ཤེས་རབ་ཡེ་ཤེས་མེ་བོ་ཆེ༔ ཞེས་པས། ཤེས་རབ་ངོ་བོ་སྟོང་པ། རང་བཞིན་ཡེ་ཤེས་འོད་གསལ། ཐུགས་རྗེ་སྣ་ཚོགས་རང་གྲོལ། དེ་གསུམ་དབྱེར་མེད་རང་གི་རིག་པ་མ་བཅོས་པ་ནི་ཤེས་རབ་རང་བྱུང་གི་སྒྲོན་མ། འོད་ཆེན་རྣམ་པར་སྣང་བར་བྱེད༔ ཅེས་པ། རང་བཞིན་གསལ་བའི་ཆ་ལས་སྙིང་ནང་དུ་འོད་ལྔའི་ཁང་པ་གཞི་དབྱིངས་རྣམ་དག་གི་སྒྲོན་མ། ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེ་ལྔ་ལྡན་གྱི་ཚོམ་བུ་རིགས་ལྔའི་སྐུའི་ཆས་ཅན་ནི་ཐིག་ལེ་སྟོང་པའི་སྒྲོན་མ། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ ཞེས་པ། མིག་གི་ཨ་འབྲས་དབུས་སུ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་སྒོ་རྒྱང་ཞགས་ཆུའི་སྒྲོན་མ། སྔགས་མཆོག་སྔགས་བདག་རིག་པའི་རྒྱལ༔ ཞེས་པས། སྔགས་མཆོག་བླ་མེད་རྣམས་ཀྱང་འདི་ལས་འཕྲོ་བའི་གཞི་རིག་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པ་མན་ངག་གི་རྒྱལ་པོ་ཨ་ཏི་རྫོགས་པ་ཆེན་པོ། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད༔ ཅེས་པ་གསང་སྔགས་འདི་ཉིད་འཛིན་པའི་རྒྱལ་པོ་མྱུར་དུ་སངས་རྒྱས་པའི་དོན་ཆེན་བྱེད་པའི་ཐབས་ནི། གཙུག་ཏོར་ཆེན་
པོ་རྨད་བྱུང་གཙུག༔ ཅེས་པས། གཙུག་ཏོར་རྣམ་པར་བལྟ་བའི་ཏིང་ངེ་འཛིན་ཏེ། ཆོས་སྐུའི་གཟིགས་སྟངས་སོགས་གནད་དུ་མས་འོད་གསལ་རང་མདངས་མཐོང་བས། གཟི་བརྗིད་ཆེན་པོ་འོད་གསལ་བ༔ ཞེས་པས། ཁམས་ཀྱི་ཡོན་ཏན་འོད་གསལ་གྱི་རང་མདངས་གཟི་བརྗིད་ཆེན་པོ་མཐོང་བས། མ་རིག་པའི་མུན་པ་བསལ་བར་བྱེད་པའོ། །དེ་ཡང་ནང་དབྱིངས་ཀྱི་གདངས་ལས་ཕྱིར་ཤར་བ་རྣམས་ལ་གདངས་ཀྱི་དབྱིངས་རིག་ཐིག་གསུམ་སོགས་སྒྲོན་མར་བཏགས་ཀྱང་དོན་གཞན་ནས་བྱུང་བ་མ་ཡིན་ནོ། །དབྱིངས་རིག་ཐིག་ལེར་རབ་གཟིར་ཏེ༔ ཞེས་གསུངས་པས། གཙོ་བོར་དྲང་སྲོང་བཞུགས་སྟངས་དང་། གཞན་གཉིས་གྲོགས་སུ་བརྟེན། ལྟ་སྟངས་ཀྱང་ཐུར་དུ་ཕབ་ལ་བལྟ་བར་བྱ། དེ་ཡང་མིག་མི་འགུལ་བར་ཡུལ་ལ་གློད་ནས་བལྟ་བ་གནད། ནམ་མཁའ་དྭངས་པའི་ནང་དུ་དཀར་ལང་ལོང་ཤར་བ། ཡེ་ཤེས་སྣང་བ་ལམ་མེ་བ༔ ཞེས་པ་ལྟར་ཡིན། དེ་ཡང་དཀར་ལང་ལོང་ལས་ཐིག་ལེ་མ་མཐོང་ན་མིག་གཉིས་མཉམ་པར་ཐད་དྲང་དུ་བལྟའོ། །དབྱིངས་ཁྱིམ་མ་མཐོང་ན་ཉི་མའི་དྲུང་ནས་ཟུར་ལ་བལྟས་ཏེ། ཁད་ཀྱིས་དྲངས་ལ་བལྟ། དཀར་ཤས་ཆེ་ན་གཡས་སུ་ལྡོག །སེར་ཤས་ཆེ་ན་གྱེན་ལ། ལྗང་ཤས་ཆེ་ན་གཡོན་ལ་ལྡོག །དམར་ཤས་ཆེ་ན་ཐུར་དུ་དབབ། མཐིང་ཤས་ཆེ་ན་དབུས་སུ་དྲིལ། ལྔ་ལྡན་སྙོམས་པར་གསལ་ན་གཟིགས་སྟངས་གང་ཟབ་ལས་མི་གཡོ།
ཉི་མའི་འོག་ཁྲུ་གང་ལ། ཆོས་སྐུའི་གཟིགས་སྟངས་བལྟས་པས་དབྱིངས་འོད་ཁྱིམ་དུ་རིག་པ་གསེར་གྱི་ཐག་པ་ལྟ་བུའི་བར་ཐིག་ལེ་ཤིན་ཏུ་ཕྲ་བས་བརྒྱན་པ་ཤར་བ། ལོངས་སྐུའི་གཟིགས་སྟངས་ཇེ་རིང་དུ་ཁྲིད་ལ་ཐུར་དུ་སྤྲུལ་སྐུའི་གཟིགས་སྟངས་ཀྱིས་ཡུན་རིང་པོར་བསྐྱང་། མི་བརྟན་འཕྲལ་དུ་ཡལ་ན། དང་པོ་ཉི་མའི་ཟུར་དུ་ཡུན་རིང་པོར་གཏད་ལ། དེ་ནས་ཁྲིད་དོ། །དེའི་ཚེ་ལུས་བཞུགས་སྟངས་ཀྱིས་མི་འགུལ། ངག་མི་སྨྲ། རིག་པ་མ་ཡེངས་པར་བལྟ། སྔ་དྲོ་ཉི་མའི་གཡོན་དུ་ཁྲིད་ནས་དལ་ཅིག་གཞག །དེ་ནས་ལྷོ་ལ་ཁྲིད། དེ་ནས་ནུབ་ཏུ་ཁྲིད། དེ་བཞིན་དུ་དགོང་མོ་བྱང་ལ་ཁྲིད། དེ་ལྟར་འབད་པས་དང་པོ་སྨིན་མའི་སྟེང་ནས་ཤར། དེ་ནས་སྨིན་མཚམས་ལས་བྲལ་ནས་མདུན་ཐད་དུ་ཟ་འོག་བཀྲམ་པ་ལྟར་ཤར། དབྱིངས་རིག་ཐིག་གསུམ་ཕྱི་ནང་ངེས་མེད་ཆལ་ཆོལ་དུ་འཆར། དེ་ནས་དབྱིངས་ཀྱི་དབུས་སུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཐིག་ལེར་བཅས་པར། དབྱིངས་ཀྱི་དོ་རར་རིག་པ་ཆུད། །ཅེས་བྱ་བའོ། །དེ་ནས་དབྱིངས་ཁྱིམ་ཁྲུ་གང་བ། ཐིག་ལེ་མཐེ་བོང་ཙམ་གཉིས་སྦྲེལ་གསུམ་སྦྲེལ་འོད་ལྔའི་མུ་ཁྱུད་ཅན། རིག་པ་རྡོ་རྗེ་ལུ་གུ་རྒྱུད། མུ་ཏིག་གི་དྲྭ་བ་དྲྭ་ཕྱེད་ལྟ་བུ་འཆར་བས། དེ་ལྟར་ཕྱི་འོད་ལྔ་སོགས་དབྱིངས་རིག་གདངས་ལ་བལྟས་པས་ནང་གི་དུག་ལྔའི་རྟོག་པ་རང་གྲོལ་རིག་པ་འོད་གསལ་སྤྲོས་བྲལ་གྱི་ངང་དུ་གནས་པས། ཁམས་ཀྱི་ཡོན་ཏན་གྱི་
ཆ་སྣང་ཞིང་སངས་རྒྱས་སུམ་སྟོང་གི་འོད་ཟེར་མཐོང་བའོ། །དེ་ཡང་རྩ་བཟང་བ་ལ་ཐོག་མར་ལྷ་སྐུ་ཤར་བ་དང་། རྩ་ངན་པ་ལ་སྦྱངས་སྦྱངས་པའི་མཐར་དབྱིངས་རིག་ཐིག་གསུམ་ཙམ་ཤར་བ་གཉིས་དོན་ལ་འདྲ། དུས་རིང་ཐུང་གང་ཡིན་ཀྱང་རིམ་པར་སྣང་བཞི་རྫོགས་པ་མཆོག་གོ །སྐུ་གསུམ་ལམ་སྣང་མཚོན་བྱས་ནས༔ ཞེས་པ་དབྱིངས་ཆོས་སྐུ། ཐིག་ལེ་ལོངས་སྐུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྤྲུལ་སྐུར་མཚོན་ཅིང་། ཉིན་མཚན་འབྲལ་མེད་ཉམས་བླངས་པས༔ ཆོས་ཉིད་དག་པའི་སྣང་བ་འཆར༔ ཞེས་གསུངས་པ། ཉིན་མོ་ཆོས་སྐུའི་རྟེན་ཉི་མ། མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་གཏད་པས། མིག་གི་ཚད་པ་འཕེལ་བ་གྲང་བས་སྙོམས་ཤིང་། སྤྲུལ་སྐུའི་རྟེན་སྒྲོན་མེའི་དཀྱིལ་ནས་ཟུར་དུ་ཁྲིད་ལ་བལྟས་པས་ཉིན་མཚན་གྱི་འཁྲུལ་རྒྱུན་གཅོད་ཅིང་སྐུ་གསུམ་དུ་དག་པའི་དགོས་པ་ཡོད། དེ་ལྟར་བརྩོན་པས་ཇེ་ཞིག་ན་ཉི་མ་སོགས་རྟེན་མེད་པར་འོད་སྣང་འཆར་ཞིང་། མཚན་མོ་གཉིད་པའི་སྐབས་སུ་ཐོད་རྒལ་གྱི་སྣང་བ་འཆར་བ་འོད་གསལ་གྱི་སྣང་བ་ཟིན་པ་འོང་། ཆོས་ཉིད་ཡིད་དཔྱོད་ལ་མ་ལུས་པ་འོད་གསལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་གྱུར་པ་ཆོས་ཉིད་མངོན་སུམ་མཐོང་བ་ཞེས་བྱའོ། །དེ་ཚེ་ཕྱེད་སྐུ་ལ་སོགས་པའི༔ ཉམས་སྣང་གོང་དུ་འཕེལ་བ་དང་༔ ཞེས་གསུངས་པས། དེ་ཡང་གླང་པོའི་བཞུགས་སྟངས་དང་། ལོངས་སྐུའི་གཟིགས་སྟངས་
གཙོ་བོར་བརྟེན་ལ་རྩེ་གཅིག་ཏུ་སྦྱངས་པས་ཐིག་ལེ་འོད་ཀྱི་མུ་ཁྱུད་མང་པོའི་དབུས་དཀར་སེར་དམར་ལྗང་མཐིང་ག་གང་རུང་གིས་ཁྱབ་པའི་དབུས་སུ་ཁ་དོག་མི་འདྲ་བའི་པདྨ་འདབ་མ་བཞི་མཐོང་ཞིང་། ཐིག་ལེ་ལག་མཐིལ་ཙམ་པ་སོགས་འཆར། འདི་སྐབས་བར་ཆོད་ན་སྤྲུལ་སྐུའི་ཞིང་དུ་སངས་རྒྱས། དབྱིངས་སྣང་རེ་ལྡེ། ཀ་བ་བཞི་མིག་གི་ཁྱོན་ཙམ་དུ་མཆེད་དུས། རྩིབས་ཤར་ལ་མདུན་དུ་དྲིལ། གྱེན་འགྲེང་ལ་ཐུར་ཕབ། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་གྱེན། གྲུ་གསུམ་ལ་ཐུར། ཡེ་ཤེས་ལྔའི་མཁར་ཐབས་ལ་མཉམ་པར་བལྟའོ། །དེ་ནས་དབྱིངས་ཁྱིམ། ལུང་པ་དང་ཡུལ་ཁམས་གང་བ་སོགས་འཆར་ཞིང་། ཐིག་ལེ་འོད་ལྔས་བསྐོར་བ་དུ་མ་དང་། རིན་པོ་ཆེའི་དྲྭ་ཕྱེད་པདྨ་སྟོང་ལྡན་གཞལ་ཡས་ཁང་། དེ་ནས་སྐུའི་རྣམ་པ་ཕྱེད་གཟུགས་སོགས་འཆར་བས། འདིའི་དུས་སུ་ཉིན་སྣང་མཚན་སྣང་འདྲེས་པས་བར་དོར་ལོངས་སྐུར་སངས་རྒྱས་པ་ནི་ཉམས་སྣང་གོང་དུ་འཕེལ་བའོ། །བདེ་གཤེགས་རིགས་ལྔའི་སྐུ་ཤར་ནས༔ བསམ་ཡས་དཀྱིལ་འཁོར་རབ་མཐོང་བ༔ རིག་པ་ཚད་ལ་ཕེབས་པའི་རྗེས༔ ཞེས་པས། དབྱིངས་ཁྱིམ་ནམ་མཁའ་མཉམ་པ་ཐིག་ལེ་ལྔ་ཚོམ་གྱི་དབུས་རྣམས་སུ་པདྨའི་དབུས་སུ་རིགས་ལྔའི་སྐུ་ཤར་བ་ནས་གཟུང་བསམ་ཡས་ཀྱི་དཀྱིལ་འཁོར་ཤར་ནས་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་
བྱུང་བ་རང་གི་སྙིང་གར་ཟུག །རང་གི་ལུས་ཀྱང་འོད་ཀྱི་རང་བཞིན་སོར་མོ་ཙམ་ལས་གདོས་བཅས་མེད་པ་ན་རིག་པ་ཚད་ལ་ཕེབས་པའོ། །ཆོས་སྐུའི་སྣང་བ་མངོན་སུམ་དུ༔ ལམ་བྱེད་ཚེ་འདིར་མངོན་སངས་རྒྱས༔ ཞེས་པས་ཕྱིའི་སྣང་བའི་འཕེལ་ཟད། ནང་གི་གདོས་བཅས་ཀྱི་སྣང་བ་མེད། རླུང་གི་གཡོ་བ་ཟད། དེ་ལྟར་གཟུང་འཛིན་གྱི་རྟོག་པ་ཟད་ནས་ཆོས་ཉིད་ཟད་པའོ། །གསུམ་པ་རྗེས་རྟགས་ཚད་འབྲས་བུ་བསྟན་པ་ནི། རྗེས་ནི་མི་འགུལ་སྡོད་པ་སོགས༔ ཆོས་ཉིད་དགོངས་པས་གཟེར་གདབ་པས༔ ཚེ་འདིར་སྐུ་དང་ཡེ་ཤེས་རྙེད༔ ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད༔ ཅེས་གསུངས་པས། མི་འགུལ་བ་གསུམ་གྱི་གཞི་བཅའ་བ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བ་མ་བཅོས་པར་བཞག །དེ་ལྟར་བསྒོམས་པས། སྡོད་པ་གསུམ་གྱི་ཚད་གཟུང་བ་ནི། ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་ཤར། ནང་སྒྱུ་ལུས་སྡོད་པས་འཁྲུལ་པའི་བྱ་བ་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་སྐྱེ་མི་སྲིད། དེ་ཚེ་རྟགས་ལུས་ལ་འཆར། ཚད་རྨི་ལམ་གྱིས་གཟུང་བ་ལ། དང་པོ་རྨི་ལམ་ངན་པ་མེད་པར་བཟང་པོ་ཤ་སྟག །བར་དུ་རྨི་ལམ་ཟིན། མཐར་རྨི་ལམ་འོད་གསལ་གྱི་དབྱིངས་སུ་ནུབ་པ་སོགས་འདིའི་ཚུལ་རྒྱས་པ་ལོགས་སུ་ཤེས།
ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་འོད་ལུས་སུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་ཉོན་མོངས་ཡེ་ཤེས་སུ་གྲོལ། གདེང་བཞི་ནི། ཡར་སངས་རྒྱས་ཐོབ་པའི་རེ་བ་དང་། མ་ཐོབ་པའི་དོགས་པ་མེད། མར་འཁོར་བར་མི་ལྟུང་བའི་རེ་བ་དང་། ལྟུང་གི་དོགས་པ་མེད་པའོ། །མདོར་ན། སྣང་བ་དང་ནི་མཆེད་པ་དང་༔ ཚད་དུ་ཕེབས་དང་ཟད་པ་ཡིས༔ ཀུན་བཟང་དགོངས་པ་རྫོགས་པ་འོ༔ ཞེས་པས། ཆོས་ཉིད་དག་པའི་སྣང་བ་ཚོགས་ལམ། ཉམས་སྣང་གོང་འཕེལ་སྦྱོར་ལམ། རིག་པ་ཚད་ཕེབས་མཐོང་ལམ་དང་སྒོམ་ལམ། ཆོས་ཉིད་ཟད་པའི་མཐར། སློབ་པའི་ལམ་རྫོགས་པ་སྟེ། ས་རིམ་ཡང་ཀུན་མཁྱེན་ཀློང་ཆེན་པས། འདི་ལྟར་རྣམ་པར་ཤེས་པའི་ཚོགས་བརྒྱད་ལས། །མཐོང་སྒོམ་ལམ་གྱུར་རིག་པ་ཚད་ཕེབས་སུ། །ཉོན་ཡིད་ལྡོག་པས་འཁོར་བའི་མྱ་ངན་བརྒལ། །བརྒྱད་པར་ཡིད་ཤེས་ལྡོག་པས་མི་རྟོག་ཐོབ། །སྒོ་ལྔའི་རྣམ་ཤེས་ལྡོག་པས་ཞིང་ཁམས་དག །བཅུ་པར་ཀུན་གཞིའི་རྣམ་ཤེས་ལྡོག་པ་ཡིས། །ཡེ་ཤེས་ཕ་རོལ་ཕྱིན་མཆོག་གཟུངས་སྤྲིན་ལྡན། །ཟད་པའི་སར་རྫོགས་རྒྱུན་མཐའི་སྐད་ཅིག་ལ། །སློབ་ལམ་ལྡོག་པས་ཀུན་གཞིའི་བག་ཆགས་ཀྱི། །ས་ཡང་རྡོ་རྗེ་ལྟ་བུའི་ཏིང་འཛིན་མཆོག །
རབ་ཏུ་ཐོབ་པས་དྲི་མ་ཀུན་དང་བྲལ། །དེ་ཕྱིར་སྣང་བ་བཞི་ལྡན་ལམ་གྱི་མཆོག །མ་ལུས་རྫོགས་ནས་བྱང་ཆུབ་སྙིང་པོར་གྲོལ། །ཞེས་གསུངས་པས། ས་བརྒྱད་པར་མི་རྟོག་ཐོབ་པས་ངག་རྗེས་སུ་ཟློས་པ་སོགས་རྫོགས་ཆེན་རྒྱུད་ལུང་མན་ངག་དགོངས་པ་ལུང་རིགས་ཚད་མས་གྲུབ་པའོ། །མཐར་ཐུག་གི་འབྲས་བུ་མི་སློབ་པའི་ས་སྐུ་དང་ཡེ་ཤེས་མངོན་དུ་གྱུར་ནས་སྤྲུལ་པའི་ཕྲིན་ལས་ཀྱི་འགྲོ་དོན་རྒྱུན་མི་ཆད་པའོ། །དེ་ཡང་སོར་མོ་ཙམ་ལས་མི་སྣང་སྐབས། སོར་མོ་ལ་གཏད་ནས་བསྒོམས་པས་བི་མ་ལ་དང་པདྨ་འབྱུང་གནས་ལྟ་བུ་སྐུ་དེ་ཉིད་ཀྱིས་འགྲོ་དོན་མཛད་པར་གསུངས་སོ། །འདི་ལྟར་ཆོས་ཉིད་དག་པའི་སྣང་བ་ནི་ངོ་སྤྲོད་དངོས་ཡིན་པས་ཞིབ་ཆ་དང་། ཉམས་སྣང་གོང་འཕེལ་ནི་ལམ་རྟགས་ཡོན་ཏན་ཡིན་ཕྱིར་ཅུང་ཟད་རྒྱས་སྤྲོས། རིག་པ་ཚད་ཕེབས་ཕྱོགས་ཙམ་དང་། གཞན་རྣམས་ཟུར་ཙམ་བཤད་པ་ནི་གནད་དུ་འདྲིལ་བ་ཡིན་ནོ། །ཆོས་ཉིད་དག་སྣང་དང་། ཉམས་སྣང་གོང་འཕེལ་གྱི་སྐབས་བར་ཆད་བདུད་ཀྱི་རྟགས་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་སྟོན་པ་འབྱུང་ཡང་རང་རྒྱུད་ཆོས་དང་ཇེ་འགལ་དུ་སོང་ན་བདུད་ཀྱི་བར་ཆད་ཡིན་པས་ཡི་དམ་ཁྲོ་བོའི་སྒོམ་བཟླས་བྱ། འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱིས་ཡུན་རིང་མ་བསྒོམ་ཡང་ལྷ་སྐུ་མང་པོ་ཤར། ཏིང་ངེ་འཛིན་དང་ཤེས་རབ་གློ་བུར་དུ་རྡོལ་བ་བྱུང་ན་བཅོས་པའི་
ཐབས་མན་ངག་ལྟར་བྱ། གསང་བ་མི་འགྱུར་བའི་རྟགས། ལུས་ཤིང་བལ་ལྟར་ཡང་། དབུགས་རྒྱུ་བ་མི་ཚོར། སེམས་བདེ་བ་ཆེན་པོར་གནས་པ་རང་གིས་མཐོང་ལ་གཞན་གྱིས་མི་མཐོང་བའི་རྟགས། ལུས་གཞོན་ཤ་ཆགས། སྐད་གདངས་སྙན། ལུས་སྤྲུལ་བསྒྱུར་སྣ་ཚོགས་སུ་མཐོང་བ། རང་གིས་མི་མཐོང་ལ་གཞན་གྱིས་མཐོང་བའི་རྟགས། སེམས་ལ་གང་དྲན་གྱི་རྟེན་འབྲེལ་བྱས་པས་གཞན་ལ་ཕན་ཐོགས་པ། མངོན་ཤེས་སོགས་རང་གཞན་གཉིས་ཀས་མཐོང་བའི་རྟགས་བྱུང་ཡང་དགའ་བྲོད་མི་བྱའོ། །གཞན་ཡང་ཆོས་ཉིད་དག་པའི་སྣང་བ་རྫོགས་པའི་སྐབས་མ་བསླབ་པར་ཤེས་རབ་ཀློང་རྡོལ་བས་རིམ་པར་འཆར་ཚུལ་རྣམས་ཤེས་ཤིང་། ཁྱད་པར་ཉམས་སྣང་གོང་འཕེལ་གྱི་སྐབས་སྤྱན་དང་མངོན་ཤེས་འཆར་བས་རིམ་པར་ལམ་རྟགས་རྣམས་ཤེས་པར་འགྱུར་ལ། ཤེས་རབ་ཆེ་རིམ་བཞིན་རྫོགས་པ་ཆེན་པོའི་རྒྱུད་དང་མན་ངག་རྣམས་ལ་ཐོགས་མེད་དུ་འཇུག་པས་འདིར་དེ་ཙམ་མོ། །གཞན་དུ་རིག་པའི་རྟོགས་ཚད་བསྟན་ཀྱང་ཡུད་ཙམ་ནས་འགྱུར་བས་རྟག་མི་ཐུབ། སྣང་བའི་འོད་གསལ་འདི་རིམ་གྱིས་པས་རྟག་ཐུབ་པའོ། །ཉམས་སྣང་གོང་འཕེལ་ཚད་དུ་ཕྱིན་པས་ཉིན་མཚན་འདྲེས་ནས་འོད་གསལ་འཆར་བས་འཁྲུལ་པ་རྒྱུན་ཆད། འཁོར་བ་མྱང་འདས་སུ་གྲོལ། མངལ་གྱི་གྲོང་ཁྱེར་རྒྱུན་
གཅོད་པས་འཁོར་བར་རང་དབང་མེད་པར་མི་སྐྱེ། བདེ་གཤེགས་སྙིང་པོའི་ཡོན་ཏན་གྱི་སུམ་ཆ་མཐོང་། རིམ་པར་རིག་པ་ཚད་ལ་ཕེབས་པས། སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་བཅུ་གཉིས་མཐོང་ཞིང་། དེ་ནས་སྟོང་ཁྲི་བྱེ་བ་སོགས་ཀྱི་ཡོན་ཏན་ཐམས་ཅད་ཚེ་འདིར་འབྱུང་བས། ཐབས་ཟབ་མོ་འདི་ཡལ་བར་མ་དོར་བར་རྩེ་གཅིག་ལ་ཉམས་སུ་ལེན་པར་གྱིས། ཞེས་པ་རང་གི་བརྒྱུད་འཛིན་རྣམས་ཀྱིས་ཉམས་བཞེས་ཆེད་དང་། ཉེ་བར་དགེ་བའི་བཤེས་གཉེན་བླ་མ་ངེས་དོན་གྱིས་གསུང་ངོར་འོག་མིན་མཚུར་གྱི་གདན་སར་རྫོགས་ཆེན་པ་མཆོག་གྱུར་གླིང་པས་བྲིས་པ་འབྲེལ་ཚད་སྣང་བཞི་མཐར་ཕྱིན་ནས་སྐུ་བཞིའི་གོ་འཕང་ཐོབ་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།