Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས།
   
   
   
   


 
previousནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས།next

ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས།


TNT12_Page_0811
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས་བཞུགས།


TNT12_Page_0812
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭཱ་སྟི། རྒྱལ་བ་མཆོག་རྣམས་ཀུན་གྱི་དངོས། །ལྷན་སྐྱེས་དགའ་ཆེན་ཧེ་རུ་ཀ །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་བཤད། །སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང༌། །མདུན་གྱི་ནམ་མཁར་སྐད་ཅིག་གིས། །རིགས་ལྔའི་ལྷ་ཚོགས་བྱོན་པར་གྱུར། །བདག་གི་སྡིག་སྒྲིབ་མ་ལུས་པ་སྦྱང་དུ་གསོལ། ཞེས་གསོལ་བ་བཏབ་པས། ཐུགས་ཀ་ནས་ལྷ་མོ་བདུད་རྩིས་གང་བའི་བུམ་པ་ཐོགས་པ་སྤྲོས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་གསུང་ཞིང་ཁྲུས་བྱས་པས། དབང་བཞི་ཐོབ། སྡིག་སྒྲིབ་ཐམས་ཅད་དག །ལུས་ཤེལ་གོང་གཡའ་དག་པ་ལྟར་གྱུར། འོག་ནས་འབྱུང་བ་ལྟར་ནང་མཆོད་བྱིན་གྱིས་བརླབ་ཏེ། ཨོཾ་ཨཱ་ཧཱུཾ་ཞེས་མྱང༌། ཨོཾ་ཨཱ་མྲྀ་ཏ་བཱ་ཙ་རཀྵ་རཀྵ་ཧཱུཾ་ཕཊ། རང་གི་སེམས་ཉིད་གཟུང་འཛིན་གཉིས་བྲལ་གྱི་ཡེ་ཤེས་སྤྲོས་པ་མཐའ་དག་གིས་དབེན་


TNT12_Page_0813
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་མཉམ་པར་བཞག །རང་སྐད་ཅིག་གི་འཁོར་ལོ་སྡོམ་པའི་སྐུར་གྱུར་པའི་ཐུགས་ཀར་ཧཱུཾ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ལན་གསུམ་ཐུགས་ཀའི་ཧཱུཾ་ལས་རཾ་འོག་ཕྱོགས་སུ་ཆད། ཉི་མའི་དཀྱིལ་འཁོར་དུ་གྱུར། ཧཱུཾ་སྤྲོས་པ་ལས་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱིས། ས་གཞི་དང་དེ་ལས་འཕྲོས་པའི་རྭ་གུར་དུ་གྱུར། ཧཱུཾ་ལས་ཧཱུཾ་དཔག་ཏུ་མེད་པ་ཕྱོགས་བཅུར་སྤྲོས། རྡོ་རྗེ་རྩེ་གཅིག་པ་ནས་དགུ་པའི་བར་དུ་གྱུར་པས་བར་མཚམས་མེད་པར་བལྟམས་པ། ཉི་མ་ལས་འབར་བའི་མེས་རབ་ཏུ་བཞུ་སྟེ་རྭ་གུར་གྱི་ཕྱི་རོལ་དུམ་བུ་གཅིག་ཏུ་འདྲེས་ཤིང༌། ཕྱི་ནང་ཀུན་ཏུ་མེ་ལྕེས་གང་བར་གྱུར། སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ སངས་རྒྱས་ཆོས་དང་དགེ་འདུན་ནི། །བླ་མ་ཡི་དམ་མཁའ་འགྲོ་དང༌།


TNT12_Page_0814
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཆོས་སྐྱོང་བཅས་པ་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། ཚད་མེད་བཞི་སྤྱི་དང་མཐུན་པ་ལན་གསུམ། སྐྱབས་ཡུལ་དེ་རྣམས་བདག་གི་མདུན་དུ་བྱོན་ཏེ། འོད་ཟེར་རང་གི་ལུས་ལ་ཕོག་པས། རང་གི་ལུས་ངག་ཡིད་གསུམ་གྱི་དྲི་མ་མཐའ་དག་སྦྱངས་ཏེ། མེ་ལོང་དང་གཟུགས་བརྙན་ལྟར་རང་དང་སྐྱབས་ཡུལ་དབྱེར་མེད་དུ་གྱུར། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས། དཔལ་ཧེ་རུ་ཀ་ལྷ་ལྔའི་དཀྱིལ་འཁོར་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཨོཾ་ན་མཿཏེ་ཧཱུཾ། ན་མོ་མེ་ཧཱུཾ། ན་མོ་ན་མཿཧཱུཾ། ཞེས་ཕྱག་འཚལ། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་ཨཱཿཧཱུཾ་ལན་གཉིས་ཀྱིས་ནང་མཆོད་དང་གསང་མཆོད་ཕུལ། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས་གཉིས་སུ་མེད་ཅིང་དམིགས་སུ་མེད་པའོ། །ཞེས་དེ་ཁོ་ན་ཉིད་ཀྱི་མཆོད་པ་བྱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ་བྱ། ཚོགས་ཞིང་འོད་གསལ་གྱི་ངང་དུ་ཐིམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོ྅ཧཾ། གཟུང་བ་རང་བཞིན་མེད་པའི་བདག་ཉིད་དོ། །ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། འཛིན་པ་ཡང་རང་བཞིན་མི་དམིགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ། །


TNT12_Page_0815
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་མཉམ་པར་བཞག །སྟོང་པའི་ངང་ལས། སྐད་ཅིག་གིས་ཕྱི་རོལ་དུར་ཁྲོད་བརྒྱད་དང་བཅས་པའི་བསྲུང་འཁོར་གྱི་དབུས་སུ། ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་ཟླ་གམ། རཾ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ། བཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི། སུཾ་ལས་རི་རྒྱལ་ལྷུན་པོ་ཤར་ཤེལ། བྱང་སེར། ནུབ་པདྨ་རཱ་ག །ལྷོ་བཻ་ཌཱུརྻ་ལས་གྲུབ་པ། བང་རིམ་བཞི་དང་ལྡན་ཞིང་ལྕོག་བརྒྱད་ཀྱིས་བརྒྱན་པ་གྲུ་བཞི་པ་སྟེ། འབྱུང་བཞྀ་རི་རབ་རྣམས་སྟེང་ནས་སྟེང་དུ་བརྩེགས་པའོ། །དེའི་སྟེང་དུ། པཾ་ལས་སྣ་ཚོགས་པདྨའི་ལྟེ་བར། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། ཤར་དཀར་བྱང་ལྗང་ནུབ་དམར་ལྷོ་སེར། ལྟེ་བ་མཐིང་ནག་གྲུ་བཞི་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་དུ་བཅས་པ་དང༌། པདྨའི་ལྟེ་བར་རཾ་ལས་ཉི་མའི་དཀྱིལ་འཁོར་འཇིགས་བྱེད་དུས་མཚན་དང་བཅས་པའོ། །དེའི་སྟེང་དུ་རང་སེམས་ཟླ་བ་དམར་སྐྱ་ལ་གནས་པའི་ཧཱུཾ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས། སླར་འདུས་ཏེ་ཐམས་ཅད་རོ་གཅིག་ཏུ་


TNT12_Page_0816
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་པ་ཡོངས་སུ་གྱུར་པ་ལས། བརྟེན་པ་ལྷའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། རང་ཉིད་དཔལ་ཧེ་རུ་ཀ་འཁོར་ལོ་བདེ་མཆོག་སྐུ་མདོག་མཐིང་ཁ་ཨིནྡྲ་ནཱི་ལ་ལྟར་འབར་བའི་འོད་ཟེར་འཕྲོ་བ། ཞལ་གཅིག་ཕྱག་གཉིས་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོ་བ། ཁྲོ་ཞིང་སྒེག་ལ་ཆགས་པའི་ཉམས་ཅན་མཆེ་བའི་མྱུ་གུ་ཅུང་ཟད་གཙིགས་པ། བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་བསྡུས་ཤིང་འཇིགས་སུ་རུང་བ། བུང་བ་ལྟར་གནག་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་སྤྱི་བོར་བཅིངས་པ། རྩེ་མོ་རུས་པའི་འཁོར་ལོ་ལ་གནས་པའི་ནོར་བུ་དང༌། རལ་པའི་ངོས་ལ་སྣ་ཚོགས་རྡོ་རྗེ་དང༌། གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ། མི་རུས་ཀྱི་རྣ་ཆ་དང་མགུལ་རྒྱན་དང་གདུབ་བུའི་ཚོགས་དང་སྐ་རགས་དང་མཆོད་ཕྱིར་སོགས་ཀྱིས་བརྒྱན་པ། ཐལ་བ་ཆེན་པོས་ཉེ་བར་བྱུགས་ཤིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། དཔའ་བོའི་དར་དཔྱངས་དང་བཅས་པ། མིའི་རྒྱུ་མ་ལ་རྒྱུས་པའི་ཁྲག་འཛག་མགོ་བོ་ལྔ་བཅུའི་དོ་ཤལ་ཅན། སྟག་གི་པགས་པའི་ཤམ་ཐབས་གྲོལ་བ། ཕྱག་གཡས་རྡོ་རྗེ་དང༌། གཡོན་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམ་པས་འཇིགས་བྱེད་ནག་པོ་


TNT12_Page_0817
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། གཡས་བརྐྱང་བས་དུས་མཚན་མ་དམར་མོ་མནན་པ། གར་གྱི་ཉམས་དགུ་དང་ལྡན་ཞིང༌། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པའོ། །དེ་ལ་འཁྱུད་པའི་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ། །བསྐལ་བའི་མེ་ལྟར་གཟི་བརྗིད་འབར་བ། ཕྱག་གཡས་རྡོ་རྗེ་གྲི་གུག་དང་བཅས་པའི་སྡིགས་མཛུབ་ཀྱིས་ཕྱོགས་ཐམས་ཅད་གནོན་ཅིང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། གཅེར་བུ་སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔས་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་དོ་ཤལ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀ་ཡང་ལང་ཚོ་གསར་དུ་བརྔོ་བ་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །ཤར་གྱི་འདབ་མ་ལ་མཁའ་འགྲོ་མ་མཐིང་ག།བྱང་དུ་ལཱ་མ་ལྗང་ཁུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཕྲག་ཐུགས་ཀར་འཛིན་པ། མཆན་ཁུང་དུ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་བཅས་ཤིང༌། མི་རོའི་གདན་ལ་ཞབས་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྡོ་རྗེ་ཕག་མོ་དང་མཚུངས་ཤིང་ཕག་


TNT12_Page_0818
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་རིགས་ལས་བྱུང་བའོ། །མཚམས་བཞི་བདུད་རྩི་ལྔས་གང་བའི་བུམ་པ་ཐོད་པས་ཁ་བརྒྱན་པ་དང་བཅས་པ་རྣམས་འཁོད་པར་གྱུར། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ཕཻཾ། བཛྲ་ས་མཱ་ཛཿ ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨ་ཡོ་ག་ཤུདྡྷོ྅ཧཾ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། ཡང་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོའི་དབང་པོ་རྣམས་བཙུན་མོར་བཅས་པ་ཐམས་ཅད་སྤྱན་དྲངས། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ། གཙོ་བོའི་ཐུགས་ཀ་ནས་ཡུམ་ལྔ་བདུད་རྩིའི་བུམ་པ་ཐོགས་པ་སྤྲོས། ཨོཾ་བཛྲི་བྷ་བ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང༌། བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས། གཙོ་བོ་དང༌། མཁའ་འགྲོ་མ་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་སྣང༌། ལཱ་མ་ལ་དོན་ཡོད་གྲུབ་པ། དུམ་སྐྱེས་མ་ལ་འོད་དཔག་མེད། གཟུགས་ཅན་


TNT12_Page_0819
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཅུང་ཟད་རྒྱས་པ་ལ་སྤྲོ་ན་ལྷ་དབང་བསྐུར་བའི་སྐབས་འདིར། བྱང་ཆུབ་རྡོ་རྗེ་སོགས་ཀྱིས་གསོལ་བ་བཏབ། ཇི་ལྟར་བལྟམས་པ་སོགས་དང༌། ཨ་བྷི་ཥེ་ཀའི་སྔགས་ཀྱིས་དབང་བསྐུར་བའི་ལུགས་ཀྱང་ཡོད་པ་ལྟར་སྤྲོ་ན་བྱའོ། དེ་ནས་བདུད་རྩི་མྱང་བ་ནི། གཏོར་མ་ལྟར་བྱིན་གྱིས་རླབས་ཀྱང་རུང་མོད་ཀྱི། ལག་ལེན་ལ་དེ་ལྟ་བུ་གཙོ་བོར་མི་མཛད་དོ། །དེས་ན་བསང་སྦྱངས། སྟོང་པའི་ངང་ལས། ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནང་ཤ་ལྔ་བདུད་རྩི་ལྔ་དང་མྱོས་བྱེད་ཀྱིས་གང་བ། དེའི་སྟེང་དུ་དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔ་སྐད་ཅིག་གིས་བཞུགས་པར་གྱུར༌། ཨོཾ་ཧྲི་ཧ་ཧ་ཧཱུཾ་ཕཊ། ལན་བདུན་སོགས་ཅི་རིགས་བཟླ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྱན་དྲངས། ཐོད་པའི་སྟེང་གི་ཧེ་རུ་ཀ་ལྷ་ལྔའི་སྐུ་ལ་ཐིམ། སྦྱོར་མཚམས་དང༌། གསང་བའི་སྒོ་ནས་བདུད་རྩིའི་རྒྱུན་བབས། གཞིར་གནས་ཀྱི་དམ་རྫས་དང་འདྲེས་ཏེ་ཡེ་ཤེས་ཀྱི་བདུད་རྩིས་ཐོད་པ་གང་བར་གྱུར་པ་ལ། ལྷ་ལྔ་པོ་རྣམས་ཀྱང་བདུད་རྩིར་ཞུ་ཏེ་ཐིམ། སོ་སོའི་སྙིང་པོའི་མཐར་འབྲུ་གསུམ་བཏགས་ཏེ་བདུད་རྩི་མྱངས་པས། ལྷ་ཐམས་ཅད་བདེ་བས་མཉེས་པར་བསམ། བར་འདིར་རྫོགས་རིམ་རྩ་འཁོར་ལོ་བཞི་པའི་གཏུམ་མོ་དང༌། རྡོ་རྗེའི་བཟླས་པ་བྱ་སྟེ་ཡིག་རྙིང་ལས་ཤེས་པར་བྱའོ། །


TNT12_Page_0820
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་ཡིག་རྙིང་ལས་འབྱུང་བ་ལྟར་བཟླས་པའི་དམིགས་པ་ཡང་གསལ་བཏབ་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦྷ་རཾ་སྭཱཧཱ། ཡབ་ཀྱི་སྙིང་པོའོ། །ཨོཾ་ཧྲི་ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་སྙིང་ངོ༌། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། སྭཱཧཱ། ཡུམ་གྱི་སྙིང་པོའོ། །ཨོཾ་བཛྲ་བཻ་རོ་ཙ་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་སྙིང་ངོ༌། །ཨོཾ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ལཱ་མ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁནྚ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། འཁོར་རྣམས་ཀྱི་སྔགས་སོ། །ཅེས་ཅི་ནུས་སུ་བཟླ། གཏོར་ཆོག་དང་འབྲེལ་བ་ཡིན་ན་སྐབས་འདིར་གཏོར་མ་གཏོང་བ་ཡིན་ནའང༌། སྒྲུབ་ཐབས་ཙམ་སྒོམ་པ་ལ། སྐབས་འདིར་གཏོར་མ་ངེས་པར་དགོས་པ་མ་ཡིན་པས། དཀྱིལ་འཁོར་ཉེར་བསྡུ་བྱས་ཏེ། ཐུན་མཚམས་ལ་འཇུག་གོ །དེ་ཡང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་ཐམས་ཅད་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གྱུར། དེ་རྣམས་འོད་དུ་ཞུ། བདག་ཉིད་ཀྱི་བསྒོམས་པའི་དཀྱིལ་འཁོར་ལ་ཐིམ། རྟེན་གྱི་དཀྱིལ་འཁོར་འོད་དུ་ཞུ། ལྷ་མོ་བཞི་ལ་ཐིམ། ལྷ་མོ་བཞི་རང་ལ་ཐིམ། ཡུམ་ཡང་ཡབ་ཀྱི་ཐུགས་ཀར་ཐིམ། དཔལ་ཧེ་རུ་ཀ་ཡང་འོད་གསལ་གྱི་དབྱིངས་སུ་ཐིམ་


TNT12_Page_0821
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར། ཅུང་ཟད་མཉམ་པར་བཞག །འོད་གསལ་གྱི་ངང་ལས་སླར་ཡང་ཧེ་རུ་ཀའི་སྐུར་གྱུར། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཀུན་ཏུ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་འཆང་ཆེན་གོ་འཕང་ལྡན། །བདག་གི་དགེ་བ་འདིས་ཐོབ་ཏེ། །འགྲོ་ཀུན་གྱིས་ཀྱང་ཐོབ་པར་ཤོག །རྫོགས་པའི་བྱང་ཆུབ་ཕྱིར་སྤྱོད་གང༌། །རྫོགས་སངས་རྒྱས་ནས་གང་སྤྱོད་པ། །བྱང་ཆུབ་རྡོ་རྗེས་སྔགས་པ་ཡི། །སྤྱོད་པ་དེ་གཉིས་བདག་སྤྱོད་ཤོག །ཅེས་དགེ་བ་བསྔོ་བའོ། །གཏོར་མ་གཏོང་བར་འདོད་ན་ལེགས་པར་བཤམས་ཏེ། སུམྦྷས་བསངས། སྭ་བྷཱ་བས་སྦྱངས། ཡཾ་ལས་རླུང་དང༌། རཾ་ལས་མེའི་སྟེང་དུ། ཀཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་གནས་པའི་ཨ་ལས་ཀ་པཱ་ལ། དེའི་ནང་དུ་པདྨ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་བཞིར། ན་གོ་ཀུ་ད་ཧ་ལས་མི། བ་གླང༌། ཁྱི་རྟ་གླང་ཆེན་ཏེ་ཤ་ལྔ། དབུས་དང་མཚམས་བཞིར་མུ་བི་ར་ཤུ་མ་ལས། ཆུ་སྨན། རྡུལ། ཁུ་བ། ཀླད་པ་སྟེ་བདུད་རྩི་ལྔ། ཤ་ལྔའི་ཐད་ཀྱི་སྟེང་རྣམས་སུ། ཧཱུཾ་ཨོཾ་ཏྲཾ་ཧྲིཿཨ་ཡེ་ཤེས་ལྔའི་ངོ་བོ། དེའི་སྟེང་གི་ནམ་མཁའ་ལ་ཟླ་བ་ལ་ཨོཾ་ཨཱཿཧཱུཾ། དེའི་སྟེང་དུ་ཧཱུཾ་ལས་བྱུང་བ། བདུད་རྩིས་རང་བཞིན་གྱི་ཁ་ཊཱཾ་ག་དཀར་པོ་མགོ་བོ་


TNT12_Page_0822
[མ་དཔེ་གཟིགས་ན་འདིར་གནོན།]

ཐུར་དུ་བལྟ་བ། རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་བཅོ་ལྔ་དང་བཅས་པ་ཞུ། ཨོཾ་ཨཱཿཧཱུཾ་འབྲུ་གསུམ་གྱི་འོད་ཀྱིས་སྦྱངས་རྟོགས་སྦར་གསུམ་དུ་བྱས། ཁ་ཊྭཱཾ་གའི་རྩེ་མོར་ཧཱུཾ། །དེའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་བཀུག་ནས་ཁ་ཊྭཱཾ་ག་ལ་ཐིམ། ཟླ་བ་ཡི་གེ་གསུམ་ཁ་ཊྭཾ་ག་དང་བཅས་ཐོད་པའི་ནང་དུ་ལྷུང༌། ཁ་ཊྭཱཾ་གིས་དཀྲུགས་པས་ཐམས་ཅན་ཞུ་སྟེ། དམ་རྫས་དང་གཉིས་སུ་མེད་པར་གྱུར་པས། གཏོར་མ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཧ་ཧོ་ཧྲིཿལན་མང་དུ་བརྗོད། གཏོར་མ་བྱིན་གྱིས་བརླབས་པའོ། །རང་གི་མདུན་དུ་འཁོར་ལོ་བདེ་མཆོག་ལྷ་ལྔའི་དཀྱིལ་འཁོར་ལ། སངས་རྒྱས་བྱང་སེམས་མཁའ་འགྲོའི་ཚོགས་དང་བཅས་པ་དང༌། རིག་དྲུག་གི་སེམས་ཅན་ཐམས་ཅད། ཧེ་རུ་ཀ་ཡབ་ཡུམ་གྱི་རྣམ་པར་གྱུར་པས་ཕྱོགས་ཐམས་ཅད་ནས་བསྐོར་བ་གྲུབ་པར་གྱུར། འབར་བའི་ཕྱག་རྒྱ་བཅས་པས་ཕཻཾ། །ཨོཾ་བཛྲ་ཨ་རལླི་ཧོ་ཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡེ་ཤེས་འཁོར་ལོའི་རྣམ་པར་བྱོན་པ་རྣམས་དམ་ཚིག་འཁོར་ལོ་དང་རོ་གཅིག་ཏུ་གྱུར། མགྲོན་སྐྱེད་པའོ། །ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར།


TNT12_Page_0823
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་བཛྲ་ཌཱི་ཀི་ནཱི་ཨི་དཾ་བ་ལཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཡི་གེ་བདུན་པ་དང༌། བཻ་རོ་ཙ་ན་དང༌། མཁའ་འགྲོ་བཞིའི་སྔགས་རྣམས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་ལྔས་འབུལ་ཧེ་ཡེ་ཤེས་ལྷ་ལ་མཆོད་པའོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ། རཀྵ་ས་བྷུ་ཏ། པྲེ་ཏ། པི་ཤཱ་ཙ། ཨུད་མནྟ། ཨ་པ་སྨར། ནཱ་ཀ། ཌཱ་ཀི་ནྱ་ད་ཡ། ཨི་མཾ་བཱ་ལིཾ། གྲིཧྣན་ཏུ། ས་མ་ཡ་རཀྵན་ཏུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐེཥྛཾ་བྷུཉྫ་ཐ་པི་བ་ཐཱ། ཛིགྷྲ་ཐཱ། མ་ཏི་ཀྲ་མ་ཐཱ། མ་མ་སརྦ་ཀརྟ་ཡ། སད་སུ་ཁཾ། བི་ཤུདྡྷ། ས་ཧ་ཡི་ཀ་བྷནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ལན་གསུམ་གྱི་དུར་ཁྲོད་ན་གནས་པ་དང་འབྱུང་པོའི་ཚོགས་ལ་འབུལ། ཨརྒྷཾ་ནས། ཤཔྟའི་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ། ཡབ་ཡུམ་གྱི་རྐང་པ་བརྒྱད་པའི་གསང་སྔགས་ཀྱིས་བསྟོད། བཅོམ་ལྡན་བདེ་མཆོག་འཁོར་དང་བཅས། ཁྱེད་ལ་མཆོད་ཅིང་བསྟོད་པ་ཡིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་པ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །


TNT12_Page_0824
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟཽངས་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་འཕྲིན་ལས་གཞོལ་ལོ། །གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །ཞེས་པ་བཟོད་པར་གསོལ་ལོ། །ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ ཞེས་མགྲོན་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །སེམས་ཅན་ཐམས་ཅད་ནད་མེད་པ། །སངས་རྒྱས་ཉིད་དུ་འགྲོ་བ་ཡི། །ལམ་དེ་ཉིད་དུ་གྲུབ་གྱུར་ཅིག །མ་བསྒྲལ་པ་རྣམས་བདག་གིས་བསྒྲལ། །མ་སྒྲོལ་བ་རྣམས་བདག་གིས་སྒྲོལ། །རྣལ་འབྱོར་


TNT12_Page_0825
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་བསྟན་བཅོས་ལ། །ད་ལྟ་ཉིད་དུ་གནས་པར་ཤོག །ཅེས་སྨོན་ལམ་བཏབ། ལེགས་པའི་ཡོན་ཏན་རབ་རྫོགས་པ། །བླ་མ་ཡི་དམ་བཀྲ་ཤིས་ཤོག །འཕྲིན་ལས་ཐམས་ཅད་སྒྲུབ་མཛད་པ། །མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། དགེ་བའི་ཚོགས་རྣམས་བསགས་པ་ཀུན། །བདག་གིར་ཡོངས་སུ་བཟུང་མེད་པར། །སེམས་ཅན་མ་ལུས་ཀུན་དོན་དུ། །ཆོས་དབྱིངས་བླ་ན་མེད་པར་བསྔོ། །ཞེས་དགེ་བ་བྱང་ཆུབ་ཏུ་བསྔོ། ཡེ་ཤེས་མཁའ་འགྲོའི་དགོངས་དོན་གང༌། །བློ་དམན་རྣམས་ལ་ཉེར་མཁོའི་ཕྱིར། །ངག་འདོན་ཅུང་ཟད་བསྡེབས་པ་ཡི། །དགེ་བས་འགྲོ་ཀུན་གྲོལ་གྱུར་ཅིག། །། ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་སྨྲས་པའོ། །དགེའོ། །བདག་གིས་སྐྱེ་བ་འདི་ནས་འཕོས་མ་ཐག །སྔགས་ཀྱི་ཞིང་དེར་མ་འགག་བཞུགས་པའི་དྲུང༌། །ཐུགས་སྲས་མཆོག་གི་ཐུ་བོར་སྐྱེས་ནས་ཀྱང༌། །ཚེ་གཅིག་གསང་ཆེན་ལམ་བཟང་མཐར་ཕྱིན་ཤོག །མ་ཏིས་སྨྲས།


TNT12_Page_0826
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousནི་གུ་ལུགས་ཀྱི་བདེ་མཆོག་ལྷ་ལྔའི་མངོན་རྟོགས།next