རང་བྱིན་གྱིས་བརླབ་པའི་ཡིག་སྣ།
༈ རང་བྱིན་གྱིས་བརླབ་པའི་ཡིག་སྣ་བཞུགས་སོ། །དུས་གསུམ་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད། །བདེ་ལེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །དམ་པའི་གསུང་ལ་བརྟེན་ནས་བྲི་བར་བྱ། །རྗེ་བཙུན་རིན་པོ་ཆེ་བདེ་བར་གཤེགས་པའི་ཞལ་ནས། རྒྱུ་སེམས་ཅན་ལ་འབྲས་བུ་སངས་རྒྱས་བསྒྲུབ་པར་འདོད་པས། དམ་པ་རིན་པོ་ཆེའི་ཆོས་བྱ་དགོས། དེ་ཡང་ཡང་དག་པའི་བླ་མ་གཅིག་ལ་རག་ལས་པ་ཡིན་གསུངས། ཡང་དག་པའི་བླ་མ་དེ་ཅི་ལྟ་བུ་ཞིག་ཡིན་སྙམ་ན། རྩ་བ་ཅན་རྣམ་པ་བཞི་དང་ལྡན་པ་གཅིག་དགོས་པ་ཡིན། བླ་མ་གདམས་ངག་གི་རྩ་བ་ཅན། གདམས་ངག་བརྒྱུད་པའི་རྩ་བ་ཅན། བརྒྱུད་པ་བྱིན་རླབས་ཀྱི་རྩ་བ་ཅན། བྱིན་རླབས་མོས་གུས་ཀྱིས་རྩ་བ་ཅན་ཞེས་གསུངས། དེ་ཡང་བླ་མ་གདམས་ངག་གི་རྩ་བ་ཅན་ཞེས་པ་ནི། སློབ་མའི་རྒྱུད་ཚོད་ལ་མཁས་ཤིང་དེ་དང་མཐུན་པའི་གདམས་ངག་སྣ་ཚོགས་ཤེས་པ་ཞིག་དགོས། ཤེས་པ་ཅན་གྱིས་མི་ཕན། གདམས་ངག་བརྒྱུད་པའི་རྩ་བ་ཅན་ཞེས་སྨོས་ཏེ། གདམས་ངག་དེ་ཡང་རང་དགར་བྱས་པ་མ་ཡིན་པ་དང༌། བརྒྱུད་པ་བར་ཆད་པ་མ་ཡིན་པ་ཞིག་དགོས། བརྒྱུད་པ་བར་མ་ཆད་པ་ཙམ་གྱིས་མི་ཆོག་སྟེ། བརྒྱུད་པ་བྱིན་རླབས་ཀྱི་རྩ་བ་ཅན་ཞེས་དགོས་ཏེ། བཀའ་བརྒྱུད་ཀྱི་བླ་མ་དེ་རྣམས་ཀྱང་ཉམས་མྱོང་དང་རྟོགས་པར་ལྡན་ཞིང་བྱིན་རླབས་ཀྱི་ལམ་མངོན་སུམ་དུ་བྱས་པ་ཞིག་དགོས། བྱིན་རླབས་དེ་ཡང་མོས་གུས་ལ་རག་ལས་པ་ཡིན་པས། བྱིན་རླབས་མོས་གུས་ཀྱི་རྩ་བ་ཞེས་སྨོས་ཏེ། བླ་མ་གོང་མ་རྣམས་ལ་མོས་གུས་གཤའ་མ་བྱས་ཤིང་ལམ་འདི་ཉམས་སུ་བླངས་ཏེ་བྱིན་རླབས་བརྙེས་པའོ། །དེ་ལྟར་རྩ་བ་ཅན་བཞི་དང་ལྡན་པ་དེ་ནི་ཡང་དག་པའི་བླ་མ་དམ་པ་ཞེས་ཀྱང་བྱ། ཡང་དག་པའི་དགེ་བའི་བཤེས་གཉེན་ཞེས་ཀྱང་བྱའོ། །དེ་ལྟ་བུའི་བླ་མ་དམ་པ་དང་འཕྲད་པའི་དུས་སུ། ལུས་དང་སྲོག་ལ་མི་ལྟོས་པར། མོས་གུས་གཤའ་མ་བྱ་ཞིང་གདམས་ངག་ཉམས་སུ་བླངས་ན་ཐེ་ཚོམ་མི་བྱ་བར་བྱིན་རླབས་མངོན་སུམ་དུ་འགྱུར་ཞིང༌། བླ་མ་གོང་མ་རྣམས་དང་ཡོན་ཏན་མཚུངས་པར་འགྱུར། ཞིང་ཁམས་རྣམ་པར་དག་པ་རུ་ལྷན་ཅིག་ཚོགས་ནས། ཆོས་ཀྱི་དགའ་བ་དེ་ཉམས་སུ་མྱོང་བར་འགྱུར་བ་དེ་ངེས་པ་ཡིན་ཞིང་བསླུ་བ་མེད་པ་ཁོ་ན་ཡིན་གསུངས། བདེ་མཆོག་སྡོམ་པ་འབྱུང་བ་ལས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་བརྩམ་པར་བྱ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་འདི་ཐོབ་པར་འགྱུར། །ཞེས་པ་དང༌། འཕགས་པ་སྡུད་པ་ལས་ཀྱང༌། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ཏོ་ཞེས། །ཡོན་ཏན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་དང༌། འཕགས་པ་བརྒྱད་སྟོང་པ་ལས་ཀྱང༌། རིགས་ཀྱི་བུ་ཁྱོད་དགེ་བའི་བཤེས་གཉེན་ལ་གཅེས་སྤྲས་སུ་བྱའོ། །གུས་པར་བྱའོ། །བཀུར་སྟི་བྱའོ། །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ན་དེ་ལ་ངན་སོང་གི་འཇིགས་པ་མེད་དོ། །ཞེས་གསུངས་པ་ནས། རང་ཅག་རྣམས་ཀྱང་བསྐལ་པ་ཐམས་ཅད་ཀྱི་ཐ་མ་བསྟན་པའི་སྙིགས་མ་ལ། ངན་སོང་གསུམ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་ལས་ཐར་ནས་མི་ལུས་རྣམ་པར་དག་པ་ཐོབ། དགེ་བའི་བཤེས་གཉེན་དང་མཇལ། གདམས་ངག་གཉན་པོ་སྒྲུབ་པའི་སྣོད་དུ་རུང་བ་འདི། བསོད་ནམས་བསགས་པའི་མཐུ་བྱིན་ལས་འབྱུང་བ་ཡིན་པར་ཤེས་པར་གྱིས་ཤིག འདི་ལྟ་བུ་རྟེན་འབྲེལ་འཛོམས་པའི་དུས་སུ། མོས་གུས་བྱ་ཞིང་སྒྲུབ་པ་ཉམས་སུ་ལེན་པ་གལ་ཆེ་བ་ཡིན་གསུངས། དེས་ན་གདམས་ངག་འདི་ནི། དཔལ་རྡོ་རྗེ་འཆང་ཆེན་པོ་ནས། རྡོ་རྗེ་དྲིལ་བུ་པ་ལ་གསུངས། དེས་ཨ་བ་དྷཱུ་ཏི་པ་ལ། དེས་སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ལ། དེས་བྱང་ཆུབ་བཟང་པོ་ལ། དེས་རྡོ་རྗེ་གདན་པ། དེས་བླ་མ་ཨ་སྒོམ་ཀ་ར་ལ། དེས་ཙཱ་མི་ལོ་ཙཱ་བ་ལ། དེས་བླ་མ་དཔལ་ཆེན་པོ་ལ། དེས་བླ་མ་ཞང་ལ། དེས་བླ་མ་རིན་པོ་ཆེ། དེས་བདག་ལའོ། །དེ་ལྟ་བུའི་བརྒྱུད་པ་བར་མ་ཆད་པའི་བྱིན་རླབས་ཅན་གྱི་གདམས་ངག་འདི་འཆད་པ་ལ། དོན་གསུམ་གྱིས་ཤེས་པར་བྱ་སྟེ། ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་དགེ་བའི་རྩ་བ་བསྔོ་བའོ། །དང་པོ་ཀླད་ཀྱི་དོན་ལ་གསུམ། མཚན་གྱི་དང༌། ཕྱག་འཚལ་བ་དང༌། གདམས་པའི་ཆེ་བ་བསྟན་པའོ། །དང་པོ་མཚན་གྱི་དོན་ནི། རྒྱ་གར་སྐད་དུ། སྭ་ཨ་དྷིཥྛ་ན་ཀྲ་མ་ཨུ་པ་དྷེ་ས་ཀ བོད་སྐད་དུ། རང་བྱིན་བརླབ་པའི་མན་ངག །ཅེས་སྨོས་ཏེ། དེ་ཡང་སྭ་ཨ་དྷིཥྛ་ཞེས་པ་ནི་རང་བྱིན་གྱིས་བརླབ་ཅེས་པའོ། །ཀྲ་མ་ཞེས་པ་ནི་རིམ་པའོ། །ཨུ་པ་དྷེ་ས་ཀ་ཞེས་པ་ནི་མན་ངག་ཅེས་པའོ། །དེ་ལ་རང་བྱིན་གྱིས་བརླབ་པ་ཞེས་པ་ནི། ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པར་མི་ལྟོས་པས་རང་ཉིད་ཡེ་ནས་ལྷ་ཡིན་པ་དེ་ངོ་སྤྲད་ནས་ཤེས་པར་བྱེད་པར་བྱེད་པ་དེ་ལ་རང་བྱིན་བརླབ་པ་ཞེས་གསུངས་སོ། །རིམ་པ་ཞེས་པ་ནི་ཕྲིན་ལས་དང་སྦྱར་བའི་ལས་ཚོགས་མི་སྟོན་པས། དབང་པོ་ཐ་མའི་སྤྱོད་ཡུལ་མི་སྟོན། བསྐྱེད་པའི་རིམ་པ་གཙོ་བོར་མི་སྟོན་པས། དབང་པོ་འབྲིང་པོ་མ་ཡིན་ནོ། །འོ་ན་རྫོགས་པའི་རིམ་པ་གཙོ་བོར་སྟོན་པའི་ཕྱིར། ཉམས་སུ་ལེན་པའི་གང་ཟག་དབང་པོ་རབ་ཀྱི་སྤྱོད་ཡུལ་སྟོན་ཏེ། དེ་ལ་ཡང་གསུམ་ཡོད་པ་ཡིན་ཏེ། དབང་པོ་རབ་ཀྱི་ཐ་མ་ལྷ་ཡི་སྐུ་ལ་སློབ་པ་དང༌། རབ་ཀྱི་འབྲིང་པོ་འོད་གསལ་ལ་སློབ་པ་དང༌། རབ་ཀྱི་རབ་ཟུང་འཇུག་ལ་སློབ་པའི་དམིགས་པ་གསུམ་གྱི་ལམ་སྟོན་པས་ན་རིམ་པ་ཞེས་བྱའོ། །མན་ངག་ཅེས་པ་ནི། ཚིག་ཉུང་ལ་དོན་འདྲིལ་ཞིང་གནད་དུ་ཕོག་པས་ན་མན་ངག་ཅེས་པའོ། །གཞན་དག་ན་རེ། མཚན་གྱི་དོན་ནི་དེ་ལྟར་ཡིན་མོད་ཀྱི། འོན་ཀྱང་རྒྱ་གར་སྐད་དུ་ཞེས་གོང་དུ་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལ་དགོས་པ་རྣམ་པ་གསུམ་ཡོད་པ་ཡིན་གསུངས། སང་ཀྲི་ཏའི་སྐད་ལ་བག་ཆགས་བཞག་པར་བྱ་བ་དང༌། དྲིན་དྲན་པར་བྱ་བ་དང༌། གཞུང་བཙུན་པར་བྱ་བའི་ཆེད་དུ་ཡིན་ནོ་གསུངས། དེ་རྣམས་ཀྱིས་མཚན་གྱི་དོན་བསྟན་པའོ། །གཉིས་པ་ཕྱག་འཚལ་བ་ནི། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། དེ་ཡང་དཔལ་ཞེས་པ་ནི་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པའོ། །བདེ་མཆོག་ཅེས་པ་ནི། སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་བདེ་མཆོག་མངོན་སུམ་དུ་མཛད་ཅིང་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་སོ། །ལ་ཞེས་པ་ནི་ཡུལ་དུ་བྱས་པའི་དོན་ནོ། །ཕྱག་འཚལ་ལོ་ཞེས་པ་ནི་ལོ་ཙཱ་བས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་བདེ་མཆོག་ལ་ལུས་ངག་ཡིད་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ལོ། །དེ་ལྟར་ཕྱག་འཚལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། ཡ་རབ་དམ་པའི་གྲངས་སུ་རྟོགས་པར་འགྱུར་བ་དང༌། བསྟན་བཅོས་བསྒྱུར་བ་མཐར་ཕྱིན་པ་ལ་སོགས་པར་འགྱུར་བའི་དགོས་པ་ཡོད་གསུངས། དེ་རྣམས་ཀྱིས་ཕྱག་འཚལ་བ་བསྟན་ཏོ། །གསུམ་པ་གདམས་པའི་ཆེ་བ་བསྟན་པ་ནི། རིན་ཆེན་ཡོད་གནས་ཞེས་པ་ནས་འཇིགས་མེད་མཆོག་ཅེས་པའི་བར་གྱིས་སྟོན་ཏེ། དེ་ཡང་དགོས་པའི་དོན་དང༌། བསྡུས་པའི་དོན་དང༌། ཚིག་གི་དོན་གསུམ་གྱིས་ཤེས་པར་བྱའོ། །དེ་ལ་དགོས་པའི་དོན་ནི། སྒྲུབ་ཐབས་ཀྱི་ཀླད་དུ་གདམས་པའི་ཆེ་བ་བསྟན་པ་སྟེ། ཕྱི་རབས་ཀྱི་གང་ཟག་རྣམས་སྤྲོ་བ་བསྐྱེད་པ་དང༌། སྒྲུབ་ཐབས་འདི་ལ་འཇུག་པར་འགྱུར་བའི་ཡན་ལག་ཡིན་གསུང་ངོ༌། །གཉིས་པ་བསྡུས་པའི་དོན་ནི། དེ་ཡང་རིན་པོ་ཆེ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་པ་དེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་པ་བཞིན་དུ་གདམས་ངག་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ། རང་བྱིན་གྱིས་བརླབ་པའི་མན་ངག་འདི་ཁོ་ན་ཡིན་ནོ། །ཞེས་གདམས་པའི་ཆེ་བ་ཡིན་ནོ་གསུངས། གསུམ་པ་ཚིག་གི་དོན་ལ་གཉིས་ཏེ། དཔེ་རྒྱ་མཚོ་དང་སྦྱར་བ་དང༌། གང་ཟག་དང་སྦྱར་བའོ། །དང་པོ་དཔེ་རྒྱ་མཚོ་དང་སྦྱར་བ་ནི། རིན་ཆེན་ཡོད་གནས་ལས་རིན་ཆེན་ཞེས་པ་ནི། རིན་པོ་ཆེ་ལ་ཐ་མ་དང་འབྲིང་པོ་མཆོག་ཏུ་གྱུར་པ་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དེ་རྒྱ་མཚོ་ཆེན་པོའི་གཞི་ན་ཡོད་པ་བཞིན་དུ། གང་ཟག་དབང་པོ་ཐ་མའི་ལམ་དང༌། འབྲིང་གི་ལམ་དང༌། མཆོག་གི་ལམ་ལ་སོགས་གདམས་ངག་རྣམ་པ་སྣ་ཚོགས་པ་དེ་རྒྱུད་སྡེ་ཆེན་པོ་བཞི་ནས་བྱུང་བ་བཞིན་ནོ། །བློ་ཡི་ནོར་ལྡན་འགས་རྙེད་ཀྱང་ཞེས་པ་ནི། རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་ལེན་པ་རྣམས་ཀྱི་ནང་ན། བློ་ལྡན་ཕྲན་ཚེགས་དང་ལྡན་པའི་ཚོང་པ་རྣམས་ཀྱི་ནང་ནས་རིན་པོ་ཆེ་ཐ་མ་དང༌། འབྲིང་ལ་སོགས་པའི་ནོར་ཕྲན་ཚེགས་རྙེད་ཀྱང་སྲིད་ཀྱི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་དེ་ཤིན་ཏུ་དཀའ་བ་བཞིན་དུ། གང་ཟག་སྦྱངས་པ་ཆུང་བ་བློའི་ནོར་ཕྲན་ཚེགས་དང་ལྡན་པ་རྣམས་ཀྱིས། རྒྱུད་སྡེ་ཆེན་པོ་བཞི་ཡི་ནོར་བུ་ཕྲན་ཚེགས་ལྟ་བུ་གང་ཟག་དབང་པོ་ཐ་མ་བ་དང༌། འབྲིང་གི་ལམ་སྒྲུབ་ཐབས་རྒྱས་པ་དང༌། བསྡུས་པ་ལ་སོགས་པའི་མན་ངག་འགའ་ཞིག་རྙེད་ཀྱང་སྲིད་ཀྱི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་གང་ཟག་དབང་པོ་རབ་ཀྱི་ལམ་རང་བྱིན་བརླབ་པའི་མན་ངག་ཡོད་པ་འདི་ལྟ་བུ་དེ་སུས་ཀྱང་རྙེད་པར་དཀའ་བ་ཡིན་ནོ་གསུངས་སོ། །འོ་ན་རྙེད་མཁན་ཡེ་མེད་པ་ཡིན་ནམ་ཞེ་ན། ལེགས་པར་ཡོང་བརྟགས་རིན་པོ་ཆེ་ཞེས་སྨོས་ཏེ། དེ་ཡང་རིན་པོ་ཆེ་ཤིན་ཏུ་རྟོག་དཔྱོད་ལ་མཁས་པ། དེད་དཔོན་བཟང་སྐྱོང་རྒྱལ་བུ་དགེ་དོན་ལ་སོགས་པ་འགའ་ཞིག་གིས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་བཞིན་དུ། རྒྱན་པའི་དཔལ་ལྡན་འཇིགས་མེད་མཆོག །ཅེས་སྨོས་ཏེ། དེ་ཡང་རྒྱན་པ་ནི་རིན་པོ་ཆེ་རྟོག་དཔྱོད་ལ་མཁས་པ་ལྟ་བུ་མན་ངག་ཐམས་ཅད་ཐུགས་སུ་ཆུད་ཅིང་ལེགས་པར་རྒྱན་པ་དཔལ་ལྡན་ཞེས་པ་ནི་རང་གཞན་གྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པས་དཔལ་དང་ལྡན་པ། འཇིགས་མེད་ཅེས་པ་ནི། ཨ་བྷྱ་ཀ་ར་བདག་གིས་རྙེད། ཅེས་པའོ། །ཇི་རྙེད་ཅེ་ན་མཆོག་ཅེས་སྨོས་ཏེ། སྒྲུབ་ཐབས་ཐམས་ཅད་ལས་ཁྱད་པར་འཕགས་པའོ། །ལྷན་ཅིག་སྐྱེས་པའི་མན་ངག་མཆོག་ཏུ་གྱུར་པ་འདི་རྙེད་ཅེས་གསུངས་སོ། །གཉིས་པ་གང་ཟག་དང་སྦྱར་བ་ནི། རིན་ཆེན་ཡོད་གནས་ལས་རིན་ཆེན་ཞེས་པ་ནི། རྒྱ་མཚོ་ལྟ་བུའི་བླ་མ་རྡོ་རྗེ་གདན་པ་ལ། གང་ཟག་དབང་པོ་རྣོ་བརྟུལ་གྱི་བྱེ་བྲག་གིས་ལམ་སྒྲུབ་ཐབས་རྒྱས་བསྡུས་ལ་སོགས་པ་མན་ངག་གི་རིགས་རྣམ་པ་སྣ་ཚོགས་ཐུགས་ཀྱིས་མཁྱེན་པའོ། །བློའི་ནོར་ལྡན་འགའ་རྙེད་ཀྱང༌། །ཞེས་པ་ནི། གང་ཟག་སྦྱངས་པ་ཤས་ཆུང་བ་བློའི་ནོར་དང་ལྡན་པ་འགའ་ཞིག་གིས། སྒྲུབ་ཐབས་རྒྱས་བསྡུས་ཀྱི་མན་ངག་རྙེད་པར་གྱུར་ཀྱང༌། ཁྱད་པར་དུ་འཕགས་པའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་མ་རྙེད་པ་ཞེས་པའོ། །ལེགས་པར་ཡོངས་བརྟགས་རིན་པོ་ཆེ་ཞེས་པ་ནི། དེད་དཔོན་བཟང་སྐྱོང་ལ་སོགས་པ་རིན་པོ་ཆེ་རྟོག་དཔྱོད་ལ་མཁས་པ་རྣམས་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར། ཨ་བྷྱ་ཀ་ར་མན་ངག་རྟོག་དཔྱོད་ལ་མཁས་པས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་རྙེད་པའོ། །རྒྱན་པའི་དཔལ་ལྡན་འཇིགས་མེད་མཆོག །ཅེས་སྨོས་ཏེ། དེ་ལ་རྒྱན་པ་ཞེས་པ་ནི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་མ་ལུས་པ་རྙེད་པར་བྱེད་པའི་ལྷན་ཅིག་སྐྱེས་པའི་རིན་པོ་ཆེ་ཐུགས་སུ་ཆུད་པའོ། །དཔལ་ལྡན་ཞེས་པ་ནི་ཡོན་ཏན་དེ་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པར་བྱེད་པའོ། །འཇིགས་མེད་ཅེས་པ་ནི་ཨ་བྷྱ་ཀ་རའི་རབ་ཏུ་བྱུང་བའི་མཚན་ཉིད་ཡིན་ཏེ། འཇིགས་མེད་འབྱུང་གནས་སྦས་པ་ཞེས་གསུངས་སོ། །མཆོག་ཅེས་པ་ནི་བདག་གིས་སྒྲུབ་ཐབས་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་མན་ངག་འདི། ཕྱི་རབས་ཀྱི་གང་ཟག་རྣམས་ཀྱི་ཆེད་དུ་གཞུང་དུ་བཀོད་པ་ཡིན་གསུངས་སོ། །དེ་རྣམས་ཀྱིས་གདམས་པའི་ཆེ་བ་བསྟན་པའོ། །གཉིས་པ་གཞུང་གི་དོན་ལ་བཞི་སྟེ། མན་ངག་ཉམས་སུ་བླང་བའི་རིམ་པ་བསྟན་པ་དང༌། མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་དང༌། བཟླས་པ་བྱ་བ་བསྟན་པའོ། །དང་པོ་ལ་གཉིས་ཏེ། ཉམས་སུ་བླང་བའི་རིམ་པ་དངོས་དང༌། ཞར་ལ་བྱུང་བའོ། །དང་པོ་ལ་གསུམ་སྟེ། རབ་ཀྱི་ཐ་མས་ཉམས་སུ་བླང་བ་དང༌། རབ་ཀྱི་འབྲིང་གིས་ཉམས་སུ་བླང་བ་དང༌། རབ་ཀྱི་རབ་ཀྱིས་ཉམས་སུ་བླང་བའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོ་ཚོགས་གསོག་པ་དང༌། དངོས་གཞིའོ། །དང་པོ་ཚོགས་གསོག་པ་ལ་གཉིས་ཏེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་བསོད་ནམས་ཀྱི་ཚོགས་ནི་འདིར་སྙིང་རྗེ་ཆེན་པོ་ལ་ཞེས་སྨོས་ཏེ། དེ་ཡང་གང་ཟག་དབང་པོ་རབ་ཐ་མས། བཅོམ་ལྡན་འདས་བདེ་མཆོག་ལྷན་ཅིག་བསྒྲུབ་པར་འདོད་པས། རྩི་ཤིང་ནགས་ཚལ་ལ་སོགས་པ་ཕུན་སུམ་ཚོགས་པ། མེ་ཏོག་དང་འབྲས་བུས་བརྒྱན་པའི་གནས་ཡིད་དུ་འོང་བའམ། ཡང་ན་དུར་ཁྲོད་དམ། རི་རྩེའམ། ཤིང་དྲུང་ངམ། རི་ཕུག་གམ། ལྷ་ཁང་སྟོང་པ་ལ་སོགས་པ་འཇིགས་སུ་རུང་བའི་གནས་དེར། མི་མ་ཡིན་གྱིས་བར་ཆད་འབྱུང་གི་དོགས་པས། བརྩོན་འགྲུས་བརྩམས་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། བདུད་རྩིའི་རིལ་བུ་ཁར་བཅུག་སྟེ། ཐོག་མར་བསོད་ནམས་ཀྱི་ཚོགས་བསགས་པ་གལ་ཆེ། བསོད་ནམས་མ་བསགས་པ་ལ་ནི་ཡོན་ཏན་ཅི་ཡང་མི་འབྱུང༌། འཇིག་རྟེན་ལས་འདས་པའི་དབང་དུ་བྱས་ན། སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་ཡང་རྒྱུ་བསོད་ནམས་བསགས་པའི་འབྲས་བུ་ཡིན། འཇིག་རྟེན་པའི་དབང་དུ་བྱས་ན། ཚངས་པ་དང༌། བརྒྱ་བྱིན་དང༌། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་ཡང་བསོད་ནམས་བསགས་པའི་འབྲས་བུ་ཡིན། དེས་ན་བདེ་ལེགས་དང༌། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ནི་ཚོགས་གསོག་ཁོ་ན་གལ་ཆེ་བ་ཡིན་གསུངས་སོ། །རྒྱལ་བུ་བསོད་ནམས་སྟོབས་ཀྱི་རྟོགས་པ་བརྗོད་པའི་མདོ་ལས། བསོད་ནམས་བསགས་པ་བདེ་བ་སྟེ། །དེ་ཕྱིར་མི་ཡིས་བསོད་ནམས་བསག །དེ་བས་ཡང་དང་ཡང་དུ་བསག །དེ་རིང་ཉིད་ནས་བསྟུན་ཏེ་བསྒྲུབ། །ཅེས་གསུངས་པ་དང༌། བླ་མ་དཔལ་ཆེན་པོའི་ཞལ་ནས་ཀྱང༌། བདེ་བ་སྐྱིད་པ། སྐྱིད་ཡུན་རིང་བ། སྐྱིད་བར་མི་འཆད་པ། སྐྱིད་མོ་ལ་མི་གནོད་པ། ཕུན་སུམ་ཚོགས་པ་དེ། ཆོས་བྱས་ན་འོང་བ་ཡིན། ཅེས་གསུངས་པ་དང༌། བླ་མ་ཞང་གི་ཞལ་ནས་ཀྱང༌། ཆོས་སོགས་སྒྲིབ་པ་སྦྱོང་བ་འདི། །སྤྲང་པོ་ངའི་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར། ཚོགས་གསོག་པའི་ཐབས་ལ་འབད་པར་བྱའོ། །ཚོགས་གསོག་པའི་ཐབས་ཀྱང་འདིར་སྙིང་རྗེ་ཆེན་པོ་ལས་ཞེས་སྨོས་ཏེ། དེ་མཚོན་པ་ཙམ་ཡིན། ཐེག་པ་ཆེན་པོའི་རིགས་ཅན་གྱི་གང་ཟག་རྣམས་སྒྲུབ་པ་ཅི་བྱེད་ཀྱང༌། སྔོན་འགྲོ་བྱང་ཆུབ་ཀྱི་སེམས་འགྲོ་དགོས་པས། དེ་ཡང་ཚད་མེད་པ་བཞིས་རྒྱུད་མ་སྦྱང་ན། བྱང་ཆུབ་ཀྱི་སེམས་གཤའ་མ་མི་སྐྱེ་བ་ཡིན་པས། ཐོག་མར་ཚད་མེད་པ་བཞིས་རྒྱུད་སྦྱང་དགོས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་ཕྲད་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། སངས་རྒྱས་ཀྱི་བར་དུ་བདེ་བ་དང་མི་འབྲལ་བར་འདོད་པའི་དགའ་བ་དང༌། སེམས་ཅན་ཐམས་ཅད་སྟོང་པ་ཉིད་དུ་མཉམ་པར་མོས་པ་ཉེ་རིང་མེད་པའི་བཏང་སྙོམས་ཏེ། དེ་ལྟར་ཚད་མེད་པ་བཞི་བསྒོམས་པའི་རྗེས་ལ། སེམས་ཅན་དེ་དག་ཐམས་ཅད་སྲིད་པའི་སྡུག་བསྔལ་དང་བྲལ་བར་བྱ་བའི་ཆེད་དུ། ཚེ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལྷན་ཅིག་སྐྱེས་པའི་སྐུ་བསྒོམ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་བསོད་ནམས་ཀྱི་ཚོགས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས་སྤྲོས་པ་ལ་དགའ་ན། སྐབས་འདིར་ཡན་ལག་བདུན་པ་དང༌། སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ་ལ་སོགས་པ་བྱས་ཀྱང་ལེགས་གསུངས། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། ཨོཾ་སྭ་བྷཱ་ཝ་ཞེས་པ་ནས། སྟོང་པ་ཉིད་དུ་བྱས་ལ་ཞེས་པའི་བར་དུ་སྨོས་ཏེ། དེ་ཡང་ཆོས་ཐམས་ཅད་གདོད་ནས་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པས་གནས་ལུགས་དེའི་ངང་ལ་སེམས་མ་བཅོས་པར་ལྷུག་པར་བཞག་ཅེས་པའི་དོན་ཡིན་ཏེ། དེ་ཉིད་རྒྱས་པར་འཆད་ན། ཨོཾ་ཞེས་པ་ནི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སངས་རྒྱས་རྣམས་སོ། །སྭ་བྷཱ་ཝ་ཤུདྡྷ་ཞེས་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་ཞེས་པའི་དོན་ནོ། །ཅི་དག་པ་ཡིན་ཞེ་ན། སརྦ་དྷརྨ་ཞེས་སྨོས་ཏེ། ཆོས་ཐམས་ཅད་ཅེས་གསུངས་སོ། །སྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ནི་བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་ཞེས་པའི་དོན་ནོ། །ཞེས་བྱ་བའི་དོན་མངོན་དུ་བྱས་ལ་ཞེས་པ་ནི། སྔགས་བརྗོད་པ་ཙམ་གྱིས་དེའི་དོན་ཡིད་ལ་དྲན་པར་བྱ་དགོས་ཏེ། ཆོས་ཐམས་ཅད་གདོད་ནས་སྤྲོས་པ་ཐམས་ཅད་དབེན་པ། མཚན་མའི་ཡུལ་ལས་འདས་པ། མ་བཅོས་པ་འོད་གསལ་བ། འདུས་མ་བྱས་པ་སྐྱེ་འགགས་ཐམས་ཅད་དང་བྲལ་ཞིང༌། རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཞེས་མངོན་དུ་བྱའོ། །དེ་ཉིད་ལག་ཏུ་ལོན་ན་འདི་ལྟར་བྱ་སྟེ། སེམས་ཀྱིས་སེམས་ལ་དམིགས་ནས་ཆོས་ཐམས་ཅད་ཀྱི་རྩ་བ་རང་གི་སེམས་ཡིན་ཏེ། སེམས་ཉིད་ཁ་དོག་ཏུ་མ་གྲུབ། ཅིའི་ངོ་བོར་ཡང་མ་གྲུབ་ཅིང༌། ངོས་བཟུང་ཐམས་ཅད་དང་བྲལ་བ་གསལ་ལ་གོ་མ་འགགས་པ། ཀུན་ལ་ཁྱབ་པའི་རང་བཞིན་ཉིད་ཡིན་སྙམ་པའི་དོན་དྲན་པར་བྱའོ། །ཐ་མལ་པའི་ལུས་ཀྱང་སྟོང་པ་ཉིད་དུ་བྱས་ལ་ཞེས་པ་ནི། དེ་མཚོན་པ་ཙམ་ཡིན་ཏེ། དེ་ལྟར་བསམ་པའི་རྗེས་དེ་ནས་ཐ་མལ་པའི་ལུས་ལ་སོགས་པ་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནམ་མཁའ་ལས་སྤྲིན་ལྡང་བའམ། འཇའ་ཚོན་ཡལ་བ་བཞིན་དུ་སྟོང་པ་ཉིད་དུ་ཕྱམ་གྱིས་བཏང་ལ་ཅིར་ཡང་མི་བསམ། ཅིར་ཡང་མི་རྟོག གང་ཡང་ཡིད་ལ་མི་བྱེད་གྱི། མི་རྟོག་པའི་ངང་ལ་སེམས་མ་བཅོས་པར་ལྷུག་པར་ནུས་ཚད་ཀྱིས་འཇོག་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཞེས་བྱ་སྟེ། དེའི་རྒྱུ་མཚན་ཡང་འདུས་བྱས་ཀྱི་དགེ་བའི་རྩ་བ་བསོད་ནམས་ཀྱི་ཚོགས་ལ་ཞེན་ན་ཡང་ལམ་གོལ་བ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཐམས་ཅད་ལ་ཞེན་ན་ཡང་གོལ་བ་ཡིན། ཆགས་ཤིང་ཞེན་པ་སྤང་བའི་ཆེད་དང༌། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་བྱ་བའི་རྒྱུ་ཡང་འདི་ཁོ་ན་ཡིན་པས་གལ་ཆེ་བ་ཡིན་གསུངས་སོ། །བླ་མ་ཏཻ་ལོ་པའི་ཞལ་ནས་ཀྱང༌། ཆགས་ཤིང་ཞེན་པའི་རྣལ་འབྱོར་པ། །སྦྲང་མ་རྩི་ལ་འབྱར་བ་བཞིན། །ཞེན་པ་ཐོངས་ཤིག་ནཱ་རོ་པ། །ཞེས་གསུངས་པ་དང༌། རྗེ་དྭགས་པོ་རིན་པོ་ཆེའི་ཞལ་ནས་ཀྱང༌། སངས་རྒྱས་ཐོབ་པར་བྱེད་པའི་ལམ་ཉེ་བ་སྟེ། སེམས་མ་བཅོས་པར་འཇོག་པ་འདི་ཁོ་ན་ཡིན་པ་ལ། གཞན་ཡིད་ཆེས་སུ་མ་ཉན་ཞེས་གསུངས་སོ། །དེས་ན་ཡེ་ཤེས་ཀྱི་ཚོགས་བསགས་པ་འདི་ཉིད་རྫོགས་པ་ཆེན་པོ་ཞེས་སམ། ཕྱག་རྒྱ་ཆེན་པོ་ཞེས་སམ། ལྟ་བ་མཐར་ཐུག་ཅེས་ཀྱང་བྱའོ། །དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཚོགས་བསགས་པ་བསྟན་ནོ། །གཉིས་པ་དངོས་གཞིའམ་ཉམས་སུ་ལེན་པ་ནི། སྐད་ཅིག་གིས་ཞེས་པ་ནས་སྨོས་ཏེ་དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་འབྲས་བུ་སངས་རྒྱས་འབྱུང་བ་ནི་ཤེས་བྱའི་གནས་ལུགས་སམ་ཆོས་ཉིད་ཡིན་པས། དེ་བཞིན་དུ་སྔོན་འགྲོ་ཚོགས་གཉིས་བསགས་པ། དངོས་གཞིའི་དུས་སུ་རྫོགས་པའི་སངས་རྒྱས་འབྱུང་བ་ལ་སློབ་པའི་ཚུལ་ཞེས་བྱ་སྟེ། དེ་ཡང་སྟོང་པ་ཉིད་ཀྱི་ངང་ལས་ཞེས་པ་ནི། དེ་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་ལས་འབྱུང༌། གནས་ཀྱང་སྟོང་པ་ཉིད་ཀྱི་ངང་ལ་གནས། ཐིམ་ཡང་སྟོང་པ་ཉིད་ཀྱི་ངང་ལ་ཐིམ་པ་བཞིན་དུ་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་ཀྱང་ཆོས་ཀྱི་སྐུ་ལས་མ་གཡོས་པའི་ངང་ལས་འབྱུང་བས་ན་སྟོང་པ་ཉིད་ཀྱི་ངང་ལ་ཞེས་པའི་དོན་ནོ། །སྐད་ཅིག་གིས་ཞེས་པའི་དོན་ནི་སྟོང་པ་ཉིད་དེའི་ངང་ལས་ས་བོན་ཡི་གེ་ལས་རིམ་པ་བཞིན་དུ་མི་བསྐྱེད་ཅིང༌། སྐུ་རྫོགས་པ་ཆེན་པོ་དེ་ཀྲོང་གིས་དུས་གཅིག་ལ་བསྐྱེད་པས་ན་སྐད་ཅིག་ཅེས་པའོ། །སྣ་ཚོགས་པདྨ་དང་ཞེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པ་མཚོན་པའི་བརྡ་པདྨའི་གདན་ནོ། །ཉི་མ་ལ་ཞེས་པ་ནི། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་བྱེད་པའི་བརྡ་པདྨའི་ལྟེ་བ་ཉི་མས་བརྒྱན་པའོ། །དེའི་སྟེང་དུ་ཞེས་པ་ནི། པདྨ་དང་ཉི་མའི་གདན་ལ་དཔལ་ལྷན་ཅིག་སྐྱེས་པ་ཡབ་ཡུམ་བསྒོམ་པར་བྱ་ཞེས་པའི་དོན་ནོ། །དེ་རང་ཇི་ལྟ་བུ་གཅིག་ཅེ་ན། དེ་ཡང་དཔལ་ཧེ་རུ་ཀ་ཞབས་གཡས་བརྐྱང་བ་ནི་ཤེས་པས་སྲིད་ལ་མི་གནས་པའི་བརྡའོ། །གཡོན་བསྐུམ་པ་ནི། སྙིང་རྗེས་ཞི་ལ་མི་གནས་པའི་བརྡའོ། །འཇིགས་བྱེད་དང་དུས་མཚན་མནན་པ་ནི། རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་བརྡའོ། །རྡོ་རྗེ་དྲིལ་བུ་བསྣམས་པ་ནི་སྟོང་པ་དང་སྙིང་རྗེ་རོ་གཅིག་པའི་བརྡའོ། །ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ་ནི་ཐབས་དང་ཤེས་རབ་ཕན་ཚུན་མི་སྤོང་བའི་བརྡའོ། །སྐུ་མདོག་སྔོ་སྐྱ་ཞེས་པ་ནི་ཆོས་ཀྱི་དབྱིངས་ལ་འགྱུར་བ་མེད་པའི་བརྡའོ། །ནིར་ཏི་ཀ་ར་གསར་པ་ལྟར་ཞེས་པ་ནི་སྐུ་མདོག་གི་དཔེ་ཡིན་ཏེ། ཟར་མའི་མེ་ཏོག་གསར་པ་ལྟར་མདོག་སྔོ་ལ་སྐྱ་བ་དེའི་ནང་ན་ཅུང་ཟད་ཅིག་དམར་ལ་མདངས་དང་བཅས་པ་ལྟ་བུ་ཡིན་ནོ། ཞེས་གསུངས་སོ། །གར་གྱི་ཉམས་ཞེས་པ་ནི་ཞི་གནས་དང་ལྷག་མཐོང་རོ་གཅིག་ཏུ་གྱུར་པའི་བརྡའོ། །གར་གྱི་ཉམས་དགུ་དང་ལྡན་པ་ཞེས་པ་ནི། དེ་ཡང་བླ་མ་རིན་པོ་ཆེའི་ཞལ་ནས། སྒེག་དང་དཔའ་དང་འཇིགས་སུ་རུང༌། །རྒོད་དང་དྲག་པོ་འཇིགས་བྱེད་དང༌། །སྙིང་རྗེ་ངོ་མཚར་ཞི་བ་ནི། །གར་གྱི་ཉམས་དགུ་ཡིད་པར་བཤད། །ཅེས་གསུངས་སོ། །དེ་ལ་སྒེག་པའི་སྤྱོད་པ་ནི། དམ་ཚིག་གི་ཕྱག་རྒྱ་དགུ་པོ་རྣམས་དང་ལྷན་ཅིག་ཏུ་དབུས་ཀྱི་གཙོ་བོར་གྱུར་པ་དེ་ལུས་དང་ངག་དང་ཡིད་ཀྱིས་བརྡ་བསྟན་པའི་སྒོ་ནས་འཁྱུད་པ་དང༌། འོ་བྱེད་པ་དང༌། འཇིབས་པ་དང༌། སོ་འདེབས་པ་དང༌། སེན་མོ་འདེབས་པ་ལ་སོགས་པ་ལྷན་ཅིག་ཏུ་བདེ་བ་ཆེན་པོ་ལ་ཉེ་བར་ལོངས་སྤྱོད་པའི་མཚན་ཉིད་དོ། །དཔའ་བའི་སྤྱོད་པ་ནི། མཚན་མོ་རོ་ལངས་སྒྲུབ་པ་དང༌། འབྱུང་པོ་དབང་དུ་བྱ་བ་ལ་སེམས་ཞུམ་པ་མེད་ཅིང་དཔའ་བའི་སྤྱོད་པ་དང་ལྡན་པའོ། །འཇིགས་སུ་རུང་བའི་སྤྱོད་པ་ནི་གྷོ་ཀུ་ད་ཧ་ན་ཟ་བའི་མཚན་ཉིད་དེ། བཙོག་པའི་སེམས་དང༌། འཇིགས་པ་སྐྱེ་བའི་སེམས་མེད་པ་ཡིན་ནོ། །དགོད་པའི་སྤྱོད་པ་ནི་རོ་ལངས་སྒྲུབ་པའི་དུས་སུ་གད་རྒྱང་དང་ལྟ་སྟངས་ལ་སོགས་པ་སྤྱོད་པ་སྣ་ཚོགས་པ་དང་ལྡན་པའོ། །དྲག་པོའི་སྤྱོད་པ་ནི་རྡོ་རྗེ་ཧཱུྃ་མཛད་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་སྤྲོས་ནས། མ་རུངས་པ་ཐམས་ཅད་ཚར་གཅོད་པའོ། །འཇིགས་པར་བྱེད་པའི་སྤྱོད་པ་ནི། ཁྲོ་བོའི་གཟུགས་ཉིད་ཀྱིས་མ་རུངས་པ་ཐམས་ཅད་ལ་སྡིགས་པ་དང༌། སྐྲག་པར་བྱེད་པ་དང༌། སྙིང་རྗེའི་སྤྱོད་པ་ནི། སེམས་ཅན་མི་སྤོང་ཞིང་ཐབས་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་པའོ། །ངོ་མཚར་གྱི་སྤྱོད་པ་ནི་ཞི་རྒྱས་ལ་སོགས་པའི་སྒོ་ནས་སྐུ་སྣ་ཚོགས་སྤྲུལ་ནས་ཇི་སྲིད་འཁོར་བ་མ་སྟོང་བར་དུ་ཕྲིན་ལས་སྣ་ཚོགས་བྱེད་པའོ། །ཞི་བའི་སྤྱོད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་རྒྱུན་མི་འཆད་པར་དེ་ཡི་ངང་ལ་གནས་པའོ། །རལ་པ་ནག་པོའི་ཐོར་ཚུག་གི་ཞེས་པ་ནི། སེམས་ཅན་གྱི་དོན་དུ་དགེ་བའི་རྩ་བ་རྒྱ་ཆེན་པོ་དཔག་དུ་མེད་པ་བསགས་ནས་ཚོགས་རྫོགས་པའི་བརྡའོ། །རྩེ་མོར་ནོར་བུ་དང་ཞེས་པ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པའི་བརྡའོ། །སྣ་ཚོགས་རྡོ་རྗེའི་གདན་ལ་ཞེས་པ་ནི། གང་གིས་ཀྱང་བསྐྱོད་པར་མི་ནུས་ཤིང་རི་རབ་ལྟར་བརྟན་པར་གནས་པའི་བརྡའོ། །ཐུབ་པ་མི་བསྐྱོད་པ་རོལ་པར་བཞུགས་པ་ཞེས་པ་ནི། རིགས་ཀྱི་བདག་པོ་ངོ་ཤེས་པར་བྱེད་པའི་བརྡའོ། །དེའི་འོག་ཏུ་གཡོན་ཕྱོགས་ཀྱི་ཆར་ཞེས་པ་ནི་ཤེས་རབ་གཙོ་བོར་བསྟན་པའི་བརྡའོ། །འོད་ཟེར་དཀར་པོ་ཅན་གྱི་ཟླ་ཚེས་དང་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་བརྡའོ། །སྣ་ཚོགས་རྡོ་རྗེས་བརྒྱན་པའོ་ཞེས་པ་ནི། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་པའི་བརྡའོ། །དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་ཞེས་པ་ནི། སངས་རྒྱས་ལྔ་ཡི་རང་བཞིན་གྱི་བདག་ཉིད་ཡིན་ནོ་ཞེས་པའི་བརྡའོ། །ཕྱག་རྒྱ་དྲུག་དང་ལྡན་པ་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པའི་བརྡའོ། །དེ་ཡང་གཙུག་གི་ནོར་བུ་ནི་སྦྱིན་པ་རྣམ་པར་དག་པའོ། །རྣ་རྒྱན་བཟོད་པ་རྣམ་པར་དག་པའོ། །མགུལ་རྒྱན་ཚུལ་ཁྲིམས་རྣམ་པར་དག་པའོ། །ལག་གདུབ་བརྩོན་འགྲུས་རྣམ་པར་དག་པའོ། །སྐ་རགས་བསམ་གཏན་རྣམ་པར་དག་པའོ། །ཐལ་ཆེན་ཤེས་རབ་རྣམ་པར་དག་པའོ། །མི་མགོ་ལྔ་བཅུས་སྐུ་ལ་བརྒྱན་པ་ཞེས་པ་འདུ་བྱེད་རྣམ་པར་དག་པའི་བརྡའོ། །ཞལ་གཅིག་ཞེས་པ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་རོ་གཅིག་པའི་བརྡའོ། །སྤྱན་གསུམ་པ་ཞེས་པ་ནི་འདས་མ་འོངས་ད་ལྟ་དུས་གསུམ་མཁྱེན་པའི་བརྡའོ། །དགའ་བ་འཛིན་པ་ཞེས་པ་ནི་བཅུད་ཡུམ་ལ་མི་གཏོང་ཞིང་བདེ་བ་ཆེན་པོའི་རང་བཞིན་དང་རྒྱུན་དུ་མི་འབྲལ་བའི་བརྡའོ། །སྦྲང་རྩི་འཐུང་བའི་རོ་ཅན་ནི་ཞེས་པ་ནི་ཡུམ་གྱི་དགའ་བ་འདྲེན་པ་ཉམས་སུ་མྱོང་བའོ། །དེའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་སྔོན་པོ་ཅན་ནོ་ཞེས་པ་ནི། དེ་ལྟ་བུ་སྐུ་མདོག་ཞལ་ཕྱག་གི་རྣམ་པ་ཅན་གྱི་དཔལ་ཧེ་རུ་ཀའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཧཱུྃ་སྔོན་པོ་གཅིག་བསམ་པར་བྱའོ། །ཞེས་པའི་དོན་ནོ། །རྡོ་རྗེ་ཕག་མོ་ཞེས་པ་ནི་རྡོ་རྗེ་ནི་ཐབས་ཕག་ནི་ཤེས་རབ་སྟེ། མོ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་བརྡའོ། །ཕྱག་གཉིས་ན་ཞེས་པ་ནི་བདེན་པ་གཉིས་མཚོན་པའི་བརྡའོ། །རྡོ་རྗེ་ཞེས་པ་ནི་ཕྱག་གཡས་རྡོ་རྗེ་དང་གྲི་གུག་བསྣམས་ཤིང་སྡིགས་མཛུབ་མཛད་པ་དེ་དག་བདུད་དཔུང་ཐམས་ཅད་ཚར་གཅོད་པ་དང་སྐྲག་པར་བྱེད་པའི་བརྡའོ། །ཆུ་སྐྱེས་ཀྱི་སྣོད་བསྣམས་པ་ཞེས་པ་ནི་ཕྱག་གཡོན་པ་ན་ཁྲག་གིས་བཀང་བའི་ཐོད་པ་བཟུང་ནས་ཡབ་ཀྱི་མགུལ་ནས་འཁྱུད་པ་དེ་ཡེ་ཤེས་བདུད་རྩི་ལ་ལོངས་སྤྱོད་ཅིང་ཐབས་ལ་སྤྲོ་བའི་བརྡའོ། །དབུ་ལ་ཐོད་པ་ལྔས་བརྒྱན་པ་ཞེས་པ་ནི། སངས་རྒྱས་ལྔ་ཡི་བདག་ཉིད་དམ་རང་བཞིན་ཉིད་ཡིན་པའི་བརྡའོ། །མགུལ་པར་ཐོད་པ་སྐམ་པོའི་ཕྲེང་བ་འཕྱང་བ་ནི། འདུ་བྱེད་རྣམ་པར་དག་པའམ་བདུད་ཀྱི་རིགས་ཐམས་ཅད་ཚར་གཅོད་པའི་བརྡའོ། །ཕྱག་རྒྱ་ལྔ་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་དག་པའི་བརྡའོ། །དབུ་སྐྲ་ནག་པོའི་ཚོགས་གྲོལ་བ་ནི། ཆོས་ཐམས་ཅད་གདོད་ནས་མ་བཅིངས་པ་དང་མ་གྲོལ་བའི་བརྡའོ། །སྤྱན་གསུམ་པ་ཞེས་པ་ནི། དུས་གསུམ་མཁྱེན་པའི་བརྡའོ། །མེ་ཏོག་བིན་དྷུ་རི་ཀའི་མདོག་དང་ལྡན་ཞེས་པ་ནི། ཤིན་ཏུ་དམར་ལ་སེར་ཆགས་པའི་མདངས་དང་ལྡན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་མི་སྤོང་ཞིང་དབང་དུ་འདུས་པའི་བརྡའོ། །ཡབ་ལ་འཁྱུད་ཅིང་ཞེས་པ་ནི། ཐབས་དང་ཤེས་རབ་གདོད་མ་ནས་གཉིས་སུ་མེད་པའི་རང་བཞིན་ནོ་ཞེས་པའི་བརྡའོ། །དེའི་མཚོ་སྐྱེས་དང་གཉིས་སུ་མེད་པར་སྦྱོར་བ་ལས་དགྱེས་པར་འགྱུར་བ་ཞེས་པ་ནི། ཡུམ་རྡོ་རྗེ་ཕག་མོའི་པདྨ་དང་ཡབ་ཀྱི་རྡོ་རྗེ་དང་གཉིས་སུ་མེད་པར་སྦྱོར་བ་ལ་རྟག་ཏུ་དགའ་ཞིང་ཐམས་ཅད་བདེ་སྟོང་གི་རང་བཞིན་ཡིན་ཞེས་པའི་བརྡའོ། །དེ་ལྟ་བུའི་བདེ་བ་མཆོག་གི་བདག་ཉིད་སྟོང་པ་ཉིད་དང་རོ་གཅིག་པ་ཞེས་པ་ནི། གོང་དུ་བསྟན་པའི་ཞལ་ཕྱག་གི་རྣམ་པ་ཅན་གྱི་བདག་ཉིད་ཧེ་རུ་ཀ་དེ་སྟོང་པ་ཉིད་ཡུམ་རྡོ་རྗེ་ཕག་མོ་དང་ཕྱག་ཞལ་སྦྱོར་གྱི་རྣམ་པ་ཅན་གྱི་སྐུ་དེ་ལ་སེམས་གཏད་ལ་ཇི་སྲིད་ནུས་ཚད་ཀྱིས་བསྒོམ་པར་བྱའོ་ཞེས་པའི་དོན་ནོ། །དེ་ལ་སྐྱོ་ན་འོད་ཟེར་སྤྲོ་བསྡུ་ལ་དམིགས་པར་བྱ་ཞེས་གསུངས་ཏེ། དེ་ལ་རྒྱུན་མི་འཆད་པ་སྤྲུལ་པའི་སྐུ་མཐའ་ཡས་པར་སྤྲོས་པ་ནམ་མཁའི་མཐའ་ཀླས་པ་ན་གནས་པའི་གཞན་གྱི་དོན་མཐའ་དག་སྤྲུལ་ཞེས་སྨོས་ཏེ། དེ་ཡང་སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པའི་ཚུལ་ལ་སློབ་པ་ཞེས་བྱ་སྟེ། གོང་དུ་བསྟན་པའི་ལོངས་སྤྱོད་རྫོགས་སྐུ་དེ་ལ་དམིགས་པ་ལ་སྐྱོ་བའི་ཚེ། སྙིང་ཁའི་ཡི་གེ་ཧཱུྃ་གིས་འོད་ཟེར་ལས་སྤྲུལ་པའི་སྐུ་བདེ་མཆོག་དཔག་ཏུ་མེད་པ་སྤྲུལ་ཏེ། ནམ་མཁའི་མཐའ་ཀླས་པ་ཁྱབ་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་དབང་བསྐུར་སྒྲིབ་པ་སྦྱང་ཚོགས་རྫོགས་པར་བྱས་ནས། སླར་རང་ལ་བསྡུ་ཞིང་བསྒོམ་པར་བྱའོ། །དེ་ལ་ཡང་སྐྱོ་ཞིང་བཟླས་པ་བྱེད་འདོད་ན། འོག་ནས་འབྱུང་བ་བཞིན་དུ་བཟླས་པ་ཐུན་བཞིར་བྱས་ལ། དེ་ནས་རྗེས་ཀྱི་བྱ་བ་ནི། གཞུང་ནས་བཤད་པ་མེད་དེ། བླ་མ་རིན་པོ་ཆེའི་ཞལ་ནས། ལག་ལེན་ལ་འདི་རྣམས་ཁ་སྐོང་བར་བྱ་དགོས་ཏེ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ལ། ཐུན་མཚམས་སུ་རང་གི་སྙིང་གའི་ཧཱུྃ་ལ་ཡུམ་བསྡུས་ལ། རྒྱན་དང་ཕྱག་མཚན་ཡང་རང་ལ་བསྡུས་ཏེ། རང་ཧེ་རུ་ཀ་རྒྱན་མེད་པའི་ང་རྒྱལ་གྱིས་ལུས་ངག་ཡིད་གསུམ་གྱིས་སྤྱོད་ལམ་ཅི་དང་ཅི་སྤྱོད་པ་ཐམས་ཅད་ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། སྔགས་དང༌། མི་རྟོག་པའི་ཏིང་ངེ་འཛིན་དུ་བསྒྱུར་ཏེ། ཅི་དང་ཅི་མྱོང་བ་ཐམས་ཅད་བདེ་མཆོག་གི་རང་བཞིན་དུ་མོས་པར་བྱ་བ་དང༌། རང་གིས་བརྗོད་པ་དང་ཅི་ཐོས་པ་ཐམས་ཅད་སྔགས་ཀྱི་རང་བཞིན་གྲགས་པར་བསམ་པ་དང༌། རང་ཉིད་བཟའ་བཏུང་དང༌། གོན་པ་དང༌། ཁྲུས་དང༌། སྐུ་མཉེ་ལ་སོགས་པའི་དུས་སུ་ལྷ་ལ་བསྙེན་བཀུར་བྱེད་པར་མོས་ཤིང་ལྷའི་ང་རྒྱལ་དང་མི་འབྲལ་བས་ཅི་དང་ཅི་སྣང་བ་ཐམས་ཅད་བདེ་མཆོག་གི་རང་བཞིན་སྒྱུ་མ་རྨི་ལམ་ལྟ་བུའི་བློས་ཟིན་པར་བྱའོ། །དེ་ལྟར་བྱས་སྟོབས་ཀྱིས་ལུས་ངག་ཡིད་གསུམ་གྱི་འཇུག་པ་ཐམས་ཅད་སྔགས་དང་ཕྱག་རྒྱ་ལ་སོགས་པར་བསྒྱུར་ནུས་པ་ཡིན་ནོ་གསུངས། འདི་ནི་རབ་ཀྱི་བསྐྱེད་པའི་རིམ་པའོ། །ཞེས་པ་ནི་དེ་ལྟར་བྱས། གོང་དུ་བསྟན་པའི་ལག་ལེན་གྱི་རིམ་པ་ནི། དེ་རྣམས་གང་ཟག་དབང་པོ་རབ་ཀྱི་ཐ་མ་སྐུ་ལ་དམིགས་པའི་ལམ་ཡིན་ཞེས་མཇུག་བསྡུ་བའི་ཚིག་གོ །འདི་ནི་རྫོགས་རིམ་ཡིན་མོད་ཀྱི། འབད་རྩོལ་ལ་སོགས་པ་ལ་ལྟོས་པ་དང༌། འོད་ཟེར་ལ་ལྷའི་སྐུ་གསལ་བར་རིམ་གྱིས་བསྐྱེད་པ་ཙམ་ལ་དེ་སྐད་བྱའོ། །དེ་རྣམས་ཀྱིས་རབ་ཀྱི་ཐ་མས་ཉམས་སུ་བླང་བའི་རིམ་པ་བསྟན་པའོ། །གཉིས་པ་རབ་ཀྱི་འབྲིང་གིས་ཉམས་སུ་བླང་བའི་རིམ་པ་ནི། དེ་ལས་བསྟན་པ་དང་ཞེས་པ་ནས་སྟོན་ཏེ། དེ་ཡང་དབང་པོ་རབ་ཀྱི་འབྲིང་གིས་ཉམས་སུ་ལེན་པ་ནི། སྔོན་འགྲོ་ཚོགས་གསོག་པ་དང༌། དངོས་གཞི་ལམ་ཉམས་སུ་བླང་བ་དངོས་དང་གཉིས་ལས་སྔོན་འགྲོ་ཚོགས་གསོག་པ་ནི། གོང་དུ་བསྟན་པ་བཞིན་དུ་བྱ་སྟེ། དངོས་གཞི་ལ་ཉམས་སུ་ལེན་པ་དངོས་ནི། དེ་ལྟར་ཚོགས་གཉིས་བསགས་པའི་ངང་ལས། རང་ཉིད་སྐད་ཅིག་གིས་ཁམས་གསུམ་ཐམས་ཅད་ཀྱི་ངོ་བོ་ཉིད་སྒྱུ་མ་ལྟ་བུ་བཅོམ་ལྡན་འདས་བདེ་མཆོག་ཡབ་ཡུམ་གྱི་སྐུ་རྫོགས་པར་བསྐྱེད་ལ་དེ་ལ་སེམས་གཏད་ལ་བསྒོམ། དེ་ལ་སྐྱོ་བའི་དུས་སུ་འོད་གསལ་བསྒོམ་པར་བྱ་སྟེ། དེ་ལ་བརྟན་པ་དང་གཡོ་བའི་བདག་དང་འདྲ་བའི་བཅོམ་ལྡན་འདས་བདག་ལའོ་ཞེས་པ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་འོད་དུ་ཞུ་ནས་བཅུད་ཀྱི་སེམས་ཅན་ལ་བསྡུའོ། །བཅུད་གྱི་སེམས་ཅན་འོད་དུ་ཞུ་ནས་གདན་ལའོ། །དེ་ཡུམ་རྡོ་རྗེ་ཕག་མོ་ལ་བསྡུའོ། །དེ་ཉིད་སྙིང་རྗེ་ཆེན་པོའི་བདག་ཉིད་བཅོམ་ལྡན་འདས་ཉིད་ལའོ། །ཞེས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་དེ་ཉིད་ཀྱང་འོད་དུ་ཞུ་ནས་སྙིང་རྗེ་ཆེན་པོའི་བདག་ཉིད་དཔལ་ཧེ་རུ་ཀ་ལ་བསྡུའོ། །དེ་གདན་ལའོ། །ཞེས་པ་ནི། དཔལ་ཧེ་རུ་ཀ་དེ་ཉིད་ཀྱང་ཡས་མར་ཞུ་བས་ཐུགས་ཀའི་ཧཱུྃ་གི་པདྨ་ལ་བསྡུའོ། །དེ་ཉི་མ་ལའོ། །ཞེས་པ་ནི་པདྨའི་གདན་དེ་ཉིད་ཀྱང་ཉི་མའི་དཀྱིལ་འཁོར་ལ་བསྡུའོ། །དེ་ཐུགས་ཀའི་ཧཱུྃ་གི་ཨུ་ལའོ། །དེ་དོན་ཡོད་གྲུབ་པའི་རང་བཞིན་ལ། །དེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་ཧ་ལའོ། །དེ་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་མགོ་བོ་ལའོ། །དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཟླ་ཚེས་ལའོ། །དེ་མི་བསྐྱོད་པའི་རང་བཞིན་ཐིག་ལེ་དང་བཅས་པའི་ནཱ་ད་ལའོ། །ཞེས་པ་ནི་དེ་ཡང་ཡི་གེ་ཧཱུྃ་དེ་རིགས་ལྔའི་རང་བཞིན་ཡིན་ཏེ། ཞབས་ཀྱུ་ཨུ་དེ་དོན་ཡོད་གྲུབ་པའི་རང་བཞིན། ཁོག་པ་ཧ་དེ་སྣང་བ་མཐའ་ཡས་ཀྱི། ཡིག་མགོ་དེ་རིན་ཆེན་འབྱུང་ལྡན་གྱི། ཟླ་ཚེས་རྣམ་པར་སྣང་མཛད། ཐིག་ལེ་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །དེའི་ལག་ལེན་ནི་ཉི་མའི་དཀྱིལ་འཁོར་ཞུ་ནས་ཧཱུྃ་གི་ཨུ་ལ། དེ་ཧ་ལ། དེ་མགོ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་དང་བཅས་པའི་ནཱ་ད་ལའོ། །ནཱ་ད་དེ་ཉིད་ཀྱང་རིམ་གྱིས་ཕྲ་བར་གྱུར་ཏེ་ཐིམ་ནས་སྐྲ་ཡི་རྩེ་མོ་བརྒྱར་བཤགས་པའི་ཚད་ཙམ་ལ་དམིགས་པ་ཡུན་རིང་དུ་གཏད་ལ་བསྒོམ་པར་བྱའོ། །དམིགས་པ་དེ་ལ་སྐྱོ་ཞིང་ཤེས་པ་མི་གསལ་ན། དེ་ཡང་རིམ་གྱིས་ཕྲ་བར་གྱུར་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་ཆོས་ཀྱི་སྐུ་སྟོང་པ་ཉིད་འོད་གསལ་བསམ་གྱིས་མི་ཁྱབ་པ་དེ་ལ་གཞུག་པར་བྱའོ། །ཞེས་པ་ནི་ནཱ་ད་དེ་ཡང་རིམ་གྱིས་ཕྲ་བར་གྱུར་ཏེ་རྡོ་རྗེ་ནི་སྟོང་པ། སེམས་དཔའ་ནི་བདེ་བ། དེ་ལྟ་བུ་ནི་བདེ་སྟོང་དབྱེར་མེད་པའི་རང་བཞིན་ཡིན་པའི་ངང་ལ་མ་བཅོས་པར་གློད་ནས་བཞག་པར་བྱའོ། །འདི་ཡི་རྗེས་སུ་གཞིག་པའི་རིམ་པས་མེ་ལོང་ལ་དབུགས་ཀྱིས་རླན་ཞི་བ་བཞིན་དུ། ས་བཅུའི་དབང་ཕྱུག་སྒྱུ་མའི་ལུས་ཞེས་པ་ནི་དེ་ལྟ་བུ་འོད་གསལ་བ་སྒོམ་པ་དེ་ཡང་རྗེས་སུ་གཞིག་པ་དང༌། རིལ་པོར་འཛིན་པ་གཉིས་ཡོད་པ་ལས། འདི་ནི་རྗེས་སུ་གཞིག་པའི་རིམ་པས་འོད་གསལ་ལ་གཞུག་པའི་ཚུལ་ཞེས་བྱ་སྟེ། དེ་ཡང་དཔེར་ན་མེ་ལོང་ལ་ཧས་བཏབ་པས་དབུགས་ཀྱི་རླན་དེ་མཐའ་ནས་བསྡུས་ཤིང་དཀྱིལ་ནས་ཇེ་ཕྲ་ལ་འགྲོ་བ་བཞིན་དུ། ཕྱི་སྣོད་ཀྱི་འཇིག་རྟེན་ནས་རིམ་གྱིས་ཞུ་ཞིང༌། ཐ་མ་ནཱ་ད་ལ་དམིགས་པ་གཏོད་པ་དེས་ས་བཅུའི་དབང་ཕྱུག་སྒྱུ་མའི་ལུས་ལ་བསླབ་པ་ཞེས་བྱ་བ་སྟེ། ས་བཅུའི་དབང་ཕྱུག་ལ་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡོད་པ་ལ་ཟག་པ་དང་བཅས་ཟེར་བ་ལྟར་འདིར་ཡང་ནཱ་ད་ཕྲ་བ་ལ་དམིགས་པ་གཏོད་པ་དེ། དངོས་པོར་འཛིན་པའི་འཛེར་པ་ཕྲ་མོ་ཡོད་པ་ཡིན་ནོ་གསུངས་སོ། །ས་བཅུ་གཅིག་པ་ལ་ཟག་པ་དང་བཅས་པའི་རྟེན་གནས་ཁྱད་པར་དུ་གྱུར་པའི་ངོ་བོ་འོད་གསལ་ལ་ཞུགས་པའི་ཚུལ་ཞེས་པ་ནི། དེ་ཡང་ས་བཅུའི་དབང་ཕྱུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས། ས་བཅུ་གཅིག་པ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་སུམ་དུ་མཛད་ནས། ཟག་པ་དང་བཅས་པའི་རྟེན་གནས་གྱུར་པས་ཆོས་ཀྱི་སྐུ་འོད་གསལ་ཆེན་པོའི་ངང་ལ་བཞུགས་པ་བཞིན་དུ། རྣལ་འབྱོར་པས་ཀྱང་ནཱ་ད་ལ་དམིགས་པའི་རྟོག་པ་ཕྲ་མོ་དེ་ཉིད་ཀྱང་ཕྱམ་གྱིས་གློད་ནས་ཡོད་པ་དང༌། མེད་པར་འཛིན་པའི་བློའི་རྩོལ་བ་ཐམས་ཅད་དོར་ཏེ། མ་བཅོས་པའི་ངང་ལ་གནས་པ་ནི་ཟག་པ་དང་བཅས་པའི་རྟེན་གནས་གྱུར་པ་ཆོས་ཀྱི་སྐུ་འོད་གསལ་ཆེན་པོ་ལ་ཞུགས་པའི་ཚུལ་ལ་བསླབ་པ་ཞེས་བྱའོ། །དེ་ལ་ཇི་སྲིད་ནུས་ཚད་ཀྱིས་སེམས་གནས་པར་བྱ་ཞིང༌། འོད་གསལ་དེ་ལས་ཤེས་པ་གཡོ་ན། དེ་ལ་ལྟ་བ་ནི་འོད་གསལ་དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བ་ཤར་བ་ནི་ཟུང་འཇུག་དུ་བསྟན་པ་ཞེས་བྱའོ། །ཟུང་འཇུག་གི་སྐུ་དེའི་ཐུགས་ཀའི་ཧཱུྃ་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་མ་ལུས་པའི་དོན་བྱས་ནས། སླར་ཧཱུྃ་ལ་བསྡུ་ཞིང་སྤྲོ་བསྡུ་ཡང་དུ་བྱེད་པ་ནི་སྤྲུལ་པའི་སྐུའོ། །དེ་ལ་ཡང་སྐྱོ་ན་དེ་མ་ཐག་ཏུ་ཡང་བློ་ཡི་རྩོལ་བ་ཐམས་ཅད་དོར་ནས་འོད་གསལ་ཆོས་ཀྱི་སྐུར་གཞུག་ཅིང་བསྒོམ་པར་བྱའོ། །འབྲིང་གིས་ནི་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཅིག་ཆར་འོད་གསལ་དུ་གཞུག་པ་དང༌། ལྟ་བ་ཉིད་ལའོ་ཞེས་པ་ནི་རྣལ་འབྱོར་པས་འོད་གསལ་ཆོས་ཀྱི་སྐུ་ལ་གནས་པ་དང༌། དེ་ལས་ཟུང་འཇུག་གི་སྐུར་སྒོམ་པ་དང༌། སྤྲོ་བསྡུ་བྱེད་ཅིང་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཀྱི་སྐུ་ལས་གཟུགས་སྐུ་རྣམ་པ་གཉིས་འབྱུང་བའི་ཚུལ་དུ་སློབ་པ་ཞེས་བྱ་སྟེ་དབང་པོ་འབྲིང་གི་ལམ། མཇུག་བསྡུ་བའི་ཚིག་ཡིན་གསུངས་སོ། །དེ་ལ་ཡང་སྐྱོ་ཞིང་བཟླས་པ་བྱེད་པར་འདོད་ན། ཡང་འོག་ནས་འབྱུང་བ་བཞིན་དུ་བྱས་ལ། རྗེས་ཐུན་མཚམས་ཀྱི་བྱ་བ་ནི་སྔ་མ་དང་འདྲའོ། །དེ་རྣམས་ཀྱིས་འབྲིང་གིས་ཉམས་སུ་བླང་བའི་ལམ་བསྟན་ཟིན་ནོ། །གསུམ་པ་རབ་ཀྱིས་ཉམས་སུ་བླང་བའི་རིམ་པ་ནི། དེ་ནས་བག་ཆགས་དང་བཅས་པའི་རྣམ་པར་རྟོག་པའི་དྲི་མ་མ་ལུས་པ་དྲུངས་ཕྱུང་ནས། སླར་ཡང་གདུལ་བྱ་སྐྱེ་བོ་ཡི་བསོད་ནམས་དང་རང་གི་སྨོན་ལམ་གྱི་ཤུགས་ལས་ཅིག་ཆར་དེ་ཁོ་ན་ཉིད་བདེ་མཆོག་གི་རང་བཞིན་སྤྲོས་པ་ཐམས་ཅད་སྟོང་པའི་ངོ་བོ་ཉིད་བདེ་བ་ཆེན་པོའི་རང་བཞིན། སྙིང་རྗེ་ཆེན་པོའི་ངོ་བོ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་པ་ནི། དབང་པོ་ཡང་རབ་ཀྱི་གང་ཟག་གིས་ལམ་སྔོན་དུ་འགྲོ་བ་གོང་ལྟར་བྱས་ལ། དངོས་གཞི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འོད་གསལ་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པས། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་ནས་ཕྱུང་ཡང༌། དེའི་ངང་ལ་མི་གནས་པར་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་དུས་ཀྱི་སེམས་ཅན་གྱི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་མཐུ་སྟོབས་དང༌། གདུལ་བྱ་སྐྱེ་བོ་བསོད་ནམས་བསགས་པ་རྣམས་ཀྱི་སྣང་བ་ལ་ཆོས་སྐུ་དེ་ཉིད་གཟུགས་ཀྱི་སྐུའི་སྣང་བ་ཤར་ནས་གདུལ་བྱ་རྣམས་ཀྱི་དོན་མཛད་པ་བཞིན་དུ། དབང་པོ་རབ་ཀྱི་ཡང་རབ་ཀྱི་རྟེན་གྱི་གང་ཟག་ཆོས་ཐམས་ཅད་གདོད་མ་ནས་རྣམ་པར་དག་པ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཆོས་ཀྱི་སྐུ་ཡི་རང་བཞིན་ཉིད་དུ་ཤེས་པར་བྱས་ལ། ཆོས་སྐུ་ཉིད་སྐད་ཅིག་གིས་ལོངས་སྤྱོད་རྫོགས་པའི་སྐུ། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ནམ་མཁའི་འཇའ་ཚོན་ལྟ་བུ། ཆུ་ཟླ་ལྟ་བུ་སྣང་ལ་རང་བཞིན་མེད་པར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པ། ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་སྐུ་དེ་ཉམས་མྱོང་སྣང་བའི་ཆ་ཡང་མ་དོར། དེའི་རང་བཞིན་བདེན་པར་མི་འཛིན་པས་སྟོང་པའི་ཆ་ཡང་མ་དོར་བས། གཉིས་མེད་ཟུང་འཇུག་གི་སྐུ་དེ་ལ་དངོས་པོ་འདིའམ་ཞེས་པ་དམིགས་སུ་མེད་ཅིང༌། སྤྲོས་པ་དང་མཚན་མ་ཐམས་ཅད་ལས་འདས་པའི་སྐུར་ལངས་པ་འབའ་ཞིག་ལ་བསླབ་པར་བྱའོ། །དེ་ལ་སྐྱོ་བའི་དུས་སུ་ཐུགས་ཀའི་ཧཱུྃ་ལས་བདེ་མཆོག་དཔག་ཏུ་མེད་པ་སྤྲོས་པས། སེམས་ཅན་གྱི་དོན་བྱེད་པའི་སྤྲོ་བསྡུ་ལ་ཞེན་པ་མེད་པའི་ཚུལ་གྱིས་ཡང་དང་ཡང་དུ་བསླབ་པར་བྱའོ། །རབ་ཀྱིས་ཟུང་འཇུག་གི་བདག་ཉིད་ཀྱིས་ལངས་པ་ཁོ་ནའོ། །ཞེས་པའི་དོན་ནོ། །དབང་པོ་ཐ་མ་དང་རབ་གཉིས་ལྷའི་སྐུར་འདྲ་ཡང་ཁྱད་པར་ཤིན་ཏུ་ཆེ་སྟེ། དབང་པོ་ཐ་མའི་དམིགས་པ་ལ་ཟུང་འཇུག་གི་རྟོགས་པ་མེད་པ་ལྷའི་སྐུ་རྐྱང་པ་སྟེ། ཐབས་རྐྱང་པ། སྣང་བ་རྐྱང་པ། བདེ་བ་རྐྱང་པ། ཀུན་རྫོབ་རྐྱང་པ་དང༌། ཉམས་མྱོང་རྐྱང་པ་ཤས་ཆེ་བས་ལམ་གྱི་སྟེགས་ཙམ་དུ་འགྲོ་བས་སོ། །དབང་པོ་ཡང་རབ་ཀྱིས་ལམ་བསྐྱེད་རྫོགས་རིམ་གྱིས་སྒོམ་པ་མ་ཡིན། རྫོགས་རིམ་དེ་ཉིད་བསྐྱེད་རིམ་ཉིད་དུ་ཤར། བསྐྱེད་རིམ་དེ་ཉིད་རྫོགས་རིམ་ཉིད་དུ་ཤེས་པས་ཟུང་འཇུག་གི་སྐུར་ལྡང་བ་དེ་ཁོ་ན་དབང་པོ་ཡང་རབ་ཀྱི་ལམ་ཡིན་ཁྱད་ཤིན་ཏུ་ཆེ་བ་ཡིན་ནོ་གསུངས་སོ། །དེ་ལ་ཡང་སྐྱོ་ན་བཟླས་པ་བྱེད་པར་འདོད་ན་ཡང་མན་ངག་བཞིན་དུ་བྱས་ལ། རྗེས་ཐུན་མཚམས་ཀྱི་བྱ་བ་ལ་སོགས་པ་འདི་སྔ་མ་བཞིན་དུ་ཤེས་པར་བྱའོ། །དེ་རྣམས་ནི་དབང་པོ་ཡང་རབ་ཀྱིས་ཉམས་སུ་ལེན་པའི་རིམ་པ་ཡིན་ནོ། །གཉིས་པ་ཞར་ལ་བྱུང་བ་ནི། ལས་དང་པོ་པས་སོ་སོར་ཡང་དང་ཡང་དུ་བསྒོམ་པར་བྱའོ། །ཞེས་པའི་དོན་ནི། ལས་དང་པོ་པས་གོང་དུ་བསྟན་པའི་དམིགས་པ་གསུམ་པོ་དེ་ཡང་དང་ཡང་དུ་བསྒོམ་པ་གལ་ཆེ་བ་ཡིན་ནོ་གསུངས་སོ། །དེ་ལྟ་བུའི་སྒོམ་པའི་དམིགས་པ་གསུམ་དེ་ཡང་བླ་མ་ཨ་བྷྱའི་རྗེས་སུ་འབྲངས་ནས། དང་པོ་དབང་པོ་རབ་ཀྱི་ཐ་མ་ལྷའི་སྐུ་ལ་དམིགས་པ་ལ་སོགས་པ་བྱས་པས་དབང་པོ་རབ་ཀྱི་འབྲིང་དུ་སོང་བ་དང༌། འོད་གསལ་ལ་བསླབ་པར་བྱའོ། །དེ་ལ་བསླབ་ཅིང་གོམས་པ་དབང་པོ་རབ་ཀྱི་རབ་ཏུ་སོང་བ་དང༌། ཟུང་འཇུག་ལ་དམིགས་པའི་ལམ་ལ་བསླབ་པར་བྱའོ་གསུངས། འདི་ལ་དཔལ་རྒྭ་ལོའི་ཞལ་ནས། གང་ཟག་སྐྱེ་བ་སྔ་མའི་སྦྱངས་པ་ཆེ་ཆུང་མ་ངེས་པས། དང་པོ་ཉིད་ནས་ཟུང་འཇུག་ལ་སློབ་པ་ཡོད། འོད་གསལ་ལ་སློབ་པ་ཡང་ཡོད། ལྷའི་སྐུ་ལ་དམིགས་པ་ཁོ་ན་ལ་སློབ་དགོས་པ་ཡང་ཡོད་པས། གང་ཟག་རེ་རེའི་ལམ་རེ་རེ་ཡིན་ཏེ་ཅི་ནས་ཀྱང་རིམ་པ་བཞིན་དུ་སློབ་དགོས་པ་མ་ཡིན་ནོ། །དམིགས་པ་གསུམ་པོ་གང་རུང་རེ་རེ་ལ་ཡང་སྦྱོར་བའི་དུས་སུ་ཚོགས་གཉིས་བསགས་པ་དང༌། དངོས་གཞིའི་དུས་སུ་དམིགས་པ་གསུམ་པོ་གང་རུང་ཞིག་བསྒོམ་པ་དང༌། རྗེས་ཐུན་མཚམས་ཀྱི་བྱ་བར་གསལ་ལོ། །ཞེས་གསུངས་སོ། །བདག་གི་བླ་མ་རིན་པོ་ཆེ་བདེ་བར་གཤེགས་པའི་ཞལ་ནས། གང་ཟག་དབང་པོ་ཐ་མ་དང་འབྲིང་དང་རབ་གསུམ་གྱི་ལམ་གང་ཟག་གཅིག་གིས་ཐུན་གཅིག་ལ་རྫོགས་པར་བསྒོམ་པར་འདོད་ན། སྦྱོར་བ་ཚོགས་གཉིས་བསགས་ནས། སྟོང་པའི་ངང་ལས་སྐད་ཅིག་ལྷའི་རྣམ་པར་བྱས་པ་ལ་དམིགས་པ་ནི་ལྷའི་སྐུ་ལ་སློབ་པ་ཞེས་བྱའོ། །དེ་ནས་སྟེང་འོག་གི་རླུང་བཟུང་ལ་རིམ་གྱིས་འོད་གསལ་ལ་བསྒོམ་པའམ། ཡང་ན་སྐད་ཅིག་གིས་ཡོད་པ་དང་མེད་པ་ལ་སོགས་པ་བློ་ཡི་འཛིན་པ་ཐམས་ཅད་དོར་ཏེ། ཤེས་པ་མ་བཅོས་པའི་ངང་ལ་ལྷོད་དེ་བཞག་པ་ནི་འོད་གསལ་ལ་སློབ་པ་ཞེས་བྱའོ། །དེ་ལ་སྐྱོ་བའི་དུས་སུ་འོད་གསལ་དེ་ཉིད་ལྷའི་རྣམ་པར་གསལ་བཏབ་ལ། ཉམས་མྱོང་སྣང་བའི་ཆ་ཡང་མ་དོར་དེའི་རང་བཞིན་བདེན་པར་མི་འཛིན་པས་སྟོང་པའི་ཆ་ཡང་མ་དོར། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྣང་ཙམ་ཉིད་ནས་སྟོང༌། སྟོང་ཙམ་ཉིད་ནས་སྣང༌། སྣང་སྟོང་དབྱེར་མེད་པའི་སྐུ་དེ་ཏིང་འཛིན་གྱིས་དམིགས་པའི་ཡུལ་ཡིན་ལ། དེ་ལ་ཡོད་མེད་དུ་འཛིན་པའི་བློ་ཡི་རྩོལ་བ་ཐམས་ཅད་དོར་ཏེ། ཤེས་པ་མ་བཅོས་པའི་ངང་ལ་བཞག་ནས་རླུང་དྲག་ཏུ་མནན་ཅིང་སྒོམ་པ་ནི་ཟུང་འཇུག་ལ་སློབ་པ་ཞེས་བྱ་བ་ཡིན་ནོ། །དེ་ལ་སྐྱོ་བའི་ཚེ་བཟླས་པ་བྱ་བ་དང་རྗེས་ཐུན་མཚམས་ཀྱི་བྱ་བ་གོང་ལྟར་བྱའོ། །དེ་ལྟར་སྒོམ་པའི་ཚེ། དམིགས་པ་དང་རྣམ་པ་ནི་གསལ་ལ་རང་གི་ངོ་བོ་བདེན་པར་འཛིན་པའི་མཚན་མ་སྟོང་པའི་ཉམས་སྐྱེས་པ་ནི་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ། །དེའི་ཚེ་རླུང་ནང་དུ་ལོག་ནས་རྩ་དྲལ་ཏེ་དྲོད་སྐྱེས་པས་ལུས་ཀྱི་ཁམས་ཐམས་ཅད་ཞུ་ནས་ལུས་ལ་ཐིམ་པའི་བདེ་བ་སྐྱེ། དེ་ལ་ཏིང་ངེ་འཛིན་ལ་མི་རྟོག་པའི་ཉམས་སྐྱེས་པ་ནི་ཤེས་པ་གསལ་སྟོང་ཟུང་འཇུག་གི་ཏིང་ངེ་འཛིན་ཡིན་ནོ་གསུངས་སོ། །དེ་རྣམས་ཀྱིས་ཞར་ལ་བྱུང་བ་བསྟན་ནོ། །གསུམ་པ་ཉམས་སུ་བླང་བའི་འབྲས་བུ་བསྟན་པ་ནི། དེ་བསྒོམ་པ་ཞེས་པ་ནས་ཐོབ་པར་འགྱུར་རོ་ཞེས་པའི་བར་གྱིས་སྟོན་ཏེ། །དེ་ཡང་རྟེན་གྱི་གང་ཟག་དེས་དེ་ལྟར་བསྒོམས་པས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་ཧེ་རུ་ཀ་མངོན་དུ་བྱེད་དོ། །ཞེས་སྟོན་པ་ཡིན་ཏེ། དེ་བསྒོམས་པས་ལྷུན་གྱིས་གྲུབ་པ་ལས་རབ་ཀྱི་མཆོག་མཐར་ཕྱིན་པ་དང་ཞེས་པ་ནི། དཔལ་བདེ་མཆོག་སྒྲུབ་པའི་རྟེན་གྱི་གང་ཟག་དེས་འཇིག་རྟེན་གྱི་གཡེང་བ་ཐམས་ཅད་སྤངས་ནས། བརྩོན་འགྲུས་དྲག་པོའི་སྒོ་ནས་སྒྲུབ་པ་བར་མ་ཆད་པར་བྱས་པས་ལྷུན་གྱིས་གྲུབ་པ་སྟེ། ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་འབད་པ་དང་རྩོལ་བ་མི་དགོས་པར་ཏིང་ངེ་འཛིན་འབའ་ཞིག་ཏུ་གྱུར་པའི་ཚེ་རབ་ཀྱི་མཆོག་མཐར་ཕྱིན་པ་ཞེས་བྱའོ། །དེ་ལྟར་གྱུར་པའི་དུས་སུ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་དོན་ཡང༌། དེ་ཕྱག་རྒྱ་ཞེས་པ། འཁོར་བ་དང༌། མྱ་ངན་ལས་འདས་པས་བསྡུས་པའི་ཆོས་ཅན་གྱི་རྣམ་པ་སྣ་ཚོགས་པ་ལ་ཕྱག་ཅེས་བྱའོ། །རྒྱ་ཞེས་པ་ནི་ཆོས་ཅན་སྣང་བ་སྣ་ཚོགས་པ་དེ་ཉིད་རང་གི་ངོ་བོ་སྟོང་ཞིང་ཅིར་ཡང་མ་གྲུབ་པའི་ཆོས་དེ་རྒྱ་ཞེས་བྱའོ། །ཆེན་པོ་ཞེས་པ་ནི་སྣང་བ་དང་སྟོང་པ་དབྱེར་མེད་པའི་དོན་དེ་ལས་ལྷག་པར་གྱུར་པའི་ཆོས་གཞན་མེད་པས་ན་ཆེན་པོ་ཞེས་བྱའོ། །དངོས་གྲུབ་ཅེས་བྱ་བ་ནི་གཉིས་སུ་མེད་པའི་དོན་ཉིད་མངོན་སུམ་དུ་མཛད་ནས་ཉམས་སུ་མྱོང་བ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །དེ་ཡང་དབྱིངས་དེ་ཡང་རང་བཞིན་གྱིས་རྣམ་པར་སངས་རྒྱས་ཀྱིས་མ་བྱས། བདེ་བར་གཤེགས་པས་བྱིན་གྱིས་མ་བརླབ། སེམས་ཅན་གྱི་བསོད་ནམས་ཀྱིས་མ་བྱུང་བ་ཤེས་བྱའི་གནས་ལུགས་དེ་ཉིད་ཆོས་ཀྱི་སྐུ་ཡིན་ལ། དེ་རྟོགས་པ་ལ་སངས་རྒྱས་ཞེས་བྱའོ། །འོ་ན་སངས་རྒྱས་ན་སེམས་ཅན་གྱི་དོན་ཇི་ལྟར་བྱ་སྙམ་ན། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནི། དེ་ལྟར་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་ཀྱང༌། དེའི་ངང་ལ་མི་གནས་པར་གདུལ་བྱའི་བསོད་ནམས་དང༌། རང་གི་སྨོན་ལམ་གྱི་ཤུགས་ལས་ཆོས་ཀྱི་སྐུ་དེ་ཉིད་གཞན་དོན་དུ། ཚེ་འདི་ཉིད་ལ་ལུས་འཇའ་ཚོན་ལྟ་བུ། ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད། དཔལ་ཧེ་རུ་ཀའི་རྣམ་པ་ལ་སོགས་པར་གྱུར་ནས་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་རིགས་དྲུག་གང་ལ་གང་འདུལ་བར་སྤྲུལ་ནས་ཕྲིན་ལས་རྒྱུན་མི་འཆད་པར་མཛད་པ་ནི། དབང་པོ་རབ་ཚེ་འདི་ཉིད་ལ་སྒྲུབ་པ་བྱས་པའི་འབྲས་བུ་ཡིན་ནོ་གསུངས་སོ། །འབྲིང་གིས་ཚེ་འདི་ལ་མ་ཐོབ་ཀྱང་བར་དོ་ཡིད་ཀྱི་རང་བཞིན་གྱི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་གྱུར་ནས། གྲོང་ཁྱེར་བས་ཚོར་བའམ། མ་ཚོར་བར། དཔའ་བོ་དང་དཔའ་མོས་རོལ་མོའི་སྒྲ་ལ་སོགས་པ་དང་བཅས་པ་སྟེ་བསུས་ནས་མཁའ་སྤྱོད་དུ་འགྲོ་སྟེ། འཆི་ཁའི་ཚེ་བདག་གིས་དངོས་གྲུབ་ཐོབ་བམ་མི་ཐོབ་སྙམ་ཡང་ཐོབ་པར་འགྱུར་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་འགྱུར་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམས་ཡང་གྲོལ་བར་འགྱུར། །ཞེས་གསུངས་སོ། །ཐ་མས་ནི་སྐྱེ་བ་བདུན་ཚུན་ཆད་དུ་མིའི་སྐྱེ་བ་རྒྱུད་དེ། མཐར་དངོས་གྲུབ་ཐོབ་པར་འགྱུར་རོ། །བཞི་པ་མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་ནི། དེ་ལྟར་ཤེས་པས་ནས་ངེས་པར་བྱའོ་ཞེས་པའི་བར་གྱིས་བསྟན་ཏེ། བླ་མ་རྣམས་ཀྱི་ཞལ་གྱི་གདམས་པ་དེ། འགྲོ་བ་སེམས་ཅན་ཆོས་ཀྱི་སྣོད་དུ་གྱུར་པའི་ཆེད་དུ་བརྩམས་པ་ཡིན་ཞེས་གསུངས་ཏེ། དེ་ཡང་དེ་ལྟར། རང་བྱིན་བརླབ་པའི་མན་ངག་བཅོམ་ལྡན་འདས་ཀྱིས་གསང་བར་མཛད་པ་ནི། ཞེས་པ་ནི། དཔལ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས། རང་བྱིན་བརླབས་རིམ་པའི་མན་ངག་འདི། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་རྣམས་སུ་ཡང་ཤིན་ཏུ་གསང་ཞིང་ཚིག་དང་བརྡ་ཡི་སྒོ་ནས་སྟོན་ཅིང་སྦས་པར་མཛད་པའི་བླ་མའི་ཞལ་གྱི་གདམས་པ་ཞེས་པ་ནི། བླ་མ་རྡོ་རྗེ་གདན་པ་ལ་སོགས་པས་རྒྱུད་སྡེ་རྣམས་ཀྱི་ནང་ན་སྦས་པའི་སྒྲུབ་ཐབས་ཀྱི་མན་ངག་འདི་རྙེད་ནས། སྙན་ནས་སྙན་དུ་བརྒྱུད་ཅིང་ཞལ་ནས་ཞལ་དུ་བརྒྱུད་པ་ཡིན་ནོ། །པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས། གཉིས་པ་འགྲོ་བ་དྲངས་པའི་ཕྱིར་གསལ་ཞིང་ངེས་པར་བྱས་པའོ། །ཞེས་པ་ནི། པཎྜི་ཏ་ཨ་བྷྱ་ཀ་ར་རང་དང་སྐལ་པ་མཉམ་པ་དེ་འདྲ་བ་ལ་སོགས་པ་དེ་དྲང་བའི་དོན་ཆེད་དུ། བླ་མའི་ཞལ་གྱི་གདམས་པ་དེ་མ་ནོར་བར་ཚིག་དོན་ཡི་གེར་བཀོད་ནས་གསལ་ཞིང་ངེས་པར་བྱས་པ་ཡིན་ནོ། །དེ་རྣམས་ཀྱིས་མན་ངག་ཇི་ལྟར་བརྩམས་པའི་ཚུལ་བསྟན་པ་ཡིན་ནོ། །ལྔ་པ་ཐུན་མཚམས་སུ་བཟླས་པ་བྱ་བར་བསྟན་པ་ནི། གང་ཞིག་ཅེས་པ་ནས་སྔགས་བཟླའོ་ཞེས་པའི་བར་གྱིས་སྟོན་ཏེ། ལས་དང་པོ་པའི་གང་ཟག་སྒྲུབ་པ་ཉམས་སུ་ལེན་པ་ལ་སྔགས་བརྗོད་དགོས་པ་ཡིན་གསུངས་ནས་སྔགས་འདོན་པའོ། །གདམས་ངག་འདི་གཞུང་ལ་དང་པོ་མེད་དོ། །ཙཱ་མི་ལོ་ཙཱ་བས་འདི་གཞུང་ལ་བསྣན་པ་ཡིན་གསུངས་སོ། །གང་ཞིག་འདི་སྒོམ་པ་དག་གིས། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀྃ་ཧཱུྃ་ཧཱུྃ་ཕཊ྄། དྷ་ཀི་ནི་ཛཱ་ལ་སཾ་བྷ་རཾ་སྭཱ་ཧཱ། །ཞེས་བྱ་བའི་སྔགས་བཟླའོ་ཞེས་པའི་དོན་ནི། ལས་དང་པོ་པའི་རྟེན་གྱི་གང་ཟག་གིས་སྒྲུབ་པ་ཉམས་སུ་ལེན་པར་དམིགས་ལ། དེ་རྣམས་ཡུན་རིང་དུ་གཏད་པས་དེ་ལ་སྐྱོ་བའི་དུས་སུ་སྔགས་བརྗོད་དགོས་པ་ཡིན་གསུངས་ནས་སྔགས་འདོན་པའི་གདམས་ངག་སྟོན་པ་ཡིན་ཏེ་དངོས་གཞི་སྒོམ་པའི་གནས་སྐབས་སུ་བཟླས་པ་དང༌། རྗེས་ཐུན་མཚམས་གྱི་དུས་སུ་བཟླས་པ་བྱེད་པ་དང་གཉིས་ཡིན་གསུངས། དང་པོ་དངོས་གཞིའི་གནས་སྐབས་སུ་བཟླས་པ་བྱ་ལུགས་ལ་ཡང་གསུམ་ཡོད་པ་ཡིན་ཏེ་རྡོ་རྗེའི་བཟླས་པ་དང་འཁོར་ལོའི་བཟླས་པ་དང་ཕྲིན་ལས་ཀྱི་བཟླས་པའོ། །དང་པོ་རྡོ་རྗེའི་བཟླས་པ་ནི། རང་གི་སྙིང་གའི་ཧཱུྃ་ལས་སྔགས་ཁ་དོག་དཀར་པོ་གཡོན་བསྐོར་དུ་ཡོད་པར་བསམ་ལ། ངག་ཏུ་སྔགས་འདོན་པའི་ཚེ་ཐུགས་ཀའི་སྔགས་ཀྱི་ཡིག་འབྲུ་འོད་ཟེར་དཀར་པོ་དང་བཅས་པ་རང་གི་སྣ་བུག་གཡས་པར་བྱུང་སྟེ། རིགས་དྲུག་གི་སེམས་ཅན་ལ་ཕོག་པས་དཀྱིལ་འཁོར་གྱི་ལྷ་ཡི་རང་བཞིན་བྱས། དེ་རྣམས་ཚུར་འདུས་ནས་ཞུགས་ཏེ་ཧཱུྃ་ལ་ཐིམ་པར་བྱའོ། །ཚུལ་དེ་ལྟ་བུའི་དམིགས་པ་བྱས་ལ་སྔགས་ནུས་ཚད་འདོན་པ་ནི་རྡོ་རྗེའི་བཟླས་པ་བྱའོ། །གཉིས་པ་འཁོར་ལོ་ལྟར་བཟླས་པ་ནི། རང་གི་སྙིང་ཁའི་ཧཱུྃ་ལས་སྔགས་འོད་ཟེར་དཀར་པོ་དང་བཅས་པ་སྤྲོས་པ་ཨ་བ་དྷུ་ཏིའི་ནང་དུ་མར་གཤེགས་རྡོ་རྗེའི་ལམ་ནས་བྱུང་ཞིང་ཡུམ་གྱི་པད་མར་ཞུགས། ཡུམ་གྱི་ཨ་བ་དྷུ་ཏིའི་ནང་ནས་ཡར་གཤེགས་པ་ཡུམ་གྱི་ཞལ་ནས་ཐོན་ཏེ་རང་གི་ཞལ་དུ་ཞུགས་པར་བསམ་མོ། །དེ་ལྟར་ཡི་གེ་འཁོར་བ་ལ་དམིགས་པ་གཏད་དེ་བཟླས་པ་བྱེད་པ་ནི་འཁོར་ལོ་ལྟར་བཟླས་པ་ཞེས་བྱའོ། །གསུམ་པ་ཕྲིན་ལས་ཀྱི་བཟླས་པ་ནི་རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་དཀར་པོ་བྱུང་ནས་འོད་ཟེར་གྱི་སྣ་ལ་དཀྱིལ་འཁོར་ལྷ་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་རིགས་དྲུག་གི་སེམས་ཅན་རྣམས་ཚར་གཅོད་པ་དང༌། རྗེས་སུ་བཟུང་བའི་སྒོ་ནས་ཕྲིན་ལས་ཀྱི་བྱ་བ་བྱེད་པ་ལ་སེམས་གཏད་དེ་བཟླས་པ་ནི་ཕྲིན་ལས་ཀྱི་བཟླས་པ་ཞེས་བྱའོ། །གཉིས་པ་ཐུན་མཚམས་སུ་བཟླས་པ་བྱ་བ་ནི་ཉམས་ལེན་ཀྱི་དུས་སུ་སྤྱོད་ལམ་རྣམ་བཞིའི་ནང་དུ། རང་གི་སྙིང་ཁའི་ཧཱུྃ་ལས་སྔགས་ཁ་དོག་དཀར་པོ་གཡོན་བསྐོར་དུ་འཁོར་བ་ལ་སེམས་གཏད་དེ་བཟླས་པ་བྱའོ། །ཡང་ན་ལྷ་ཡི་སྐུ་དེ་ཉིད་ལ་སེམས་གཏད་དེ་བཟླས་པ་བྱེད་པ་ནི་ཐུན་མཚམས་སུ་བཟླས་པ་བྱ་བའི་མན་ངག་གོ །གསུམ་པ་མཇུག་དགེ་བའི་རྩ་བ་བསྔོ་བ་ནི། བསོད་ནམས་ཚོགས་ནི་ཞེས་པ་ནས་མྱུར་འཛིན་ཤོག་ཅེས་པའི་བར་གྱིས་སྟོན་ཏེ། པཎྜི་ཏ་ཨ་བྷྱ་ཀ་རས་སེམས་ཅན་གྱི་དོན་དུ་སྒྲུབ་ཐབས་བརྩམས་པའི་དགེ་བའི་རྩ་བ་དེས་སེམས་ཅན་གྱི་དོན་དུ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་ཧེ་རུ་ཀའི་གོ་འཕང་ཐོབ་པར་གྱུར་ཅིག ཅེས་བསྔོ་བ་ཡིན་ཏེ། པཎྜི་ཏ་ཨ་བྷྱ་ཀ་རས་སེམས་ཅན་གྱི་དོན་དུ་དཔལ་ལྡན་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བརྩམས་པའི་བསོད་ནམས་རྒྱ་ཆེན་པོ་གང་ཐོབ་པ་དེ་དག་བསྔོ་དགོས་པ་ཡིན་གསུངས། གང་དུ་བསྔོ་ཞེ་ན་དཔལ་ལྡན་བདེ་བ་མཆོག་གི་སྐུ་ཞེས་སྨོས་ཏེ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་བདེ་མཆོག་ཧེ་རུ་ཀ་ཡི་སྐུ་ཐོབ་པར་གྱུར་ཅིག ཅེས་བསྔོ་བའམ་ཐོབ་ནས་ཅི་བྱེད་ཅེ་ན། མི་འཇིགས་ངག་གི་འོད་ཟེར་གྱིས། །མུན་བཅོམ་འགྲོ་རྣམས་མྱུར་འཛིན་ཤོག །ཅེས་པ་ནི། མི་འཇིགས་པ་སྟེ། སེང་གེ་ལྟ་བུའི་ང་རོ་སྤྲུལ་སྐུ་དང་ལོངས་སྐུས་ཆོས་གསུངས་པའི་བཀའི་འོད་ཟེར་ཆེན་པོ་དེས། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་གནས་པའི་མ་རིག་པའི་མུན་པ་ཐམས་ཅད་བཅོམ་ནས་རྗེས་སུ་འཛིན་ཅིང༌། དཔལ་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་འགོད་པར་གྱུར་ཅིག་པར་བསྔོའོ། །དེ་རྣམས་ཀྱིས་མཇུག་དགེ་བའི་རྩ་བ་བསྔོ་བ་བསྟན་ཏོ། །རིན་པོ་ཆེ་ཡི་གསུང་གི་འོད་ཟེར་བཞིན། །ཚིག་དོན་དཀྲོལ་བའི་བསོད་ནམས་གང་ཐོབ་པས། །སྐྱེ་བ་གཏན་དུ་ཁྱེད་དང་མཇལ་གྱུར་ནས། །རྗེས་སུ་འཛིན་ཅིང་སྐྱབས་འོག་ཏུ་ཚུད་པར་གྱུར་ཅིག །རང་བྱིན་གྱིས་བརླབ་པའི་མན་ངག་གི་རྣམ་པར་བཤད་པ་ཞེས་བྱ་བ་ཏི་ཤྲི་རས་པས་བཀོད་པའོ། །རྫོགས་སོ། །