Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོགས་མཆོད་འདོད་དགུའི་མཆོག་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོགས་མཆོད་འདོད་དགུའི་མཆོག་སྦྱིན།next

ཚོགས་མཆོད་འདོད་དགུའི་མཆོག་སྦྱིན།


GLG025_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་འདོད་དགུའི་མཆོག་སྦྱིན་བཞུགས་སོ། །


GLG025_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྣམ་ལྔ་དགྱེས་སྐོང་ཚོགས་མཆོད་རྫས། །རྨད་བྱུང་དཔའ་བོའི་དགའ་སྟོན་ཆོ་གའི་ཁྲིགས། །རྡོ་རྗེ་འཆང་དབང་བླ་མའི་ཕྱག་བཞེས་བཞིན། །ཆོག་སྒྲིགས་འདོད་དགུའི་མཆོག་སྦྱིན་དེང་འདིར་སྤེལ། །དེ་ཡང་དཔའ་བོ་དང་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་གྱི་ཚེ་མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་དཔའ་བོའི་དགའ་སྟོན་ལ་ཚོགས་ཀྱི་འཁོར་ལོ་ཞེས་སྤྱི་མིང་སྒོས་སུ་བཏགས་པའི་ཚོགས་ཀྱི་མཆོད་པའི་ཆོ་ག་ལ་ལས་དང་པོ་པ་དང་ཐུན་མོང་བའི་ནང་ཚན་རྗེ་བཙུན་ཆེན་པོས་མཛད་པའི་ཚོགས་འཁོར་འབྲིང་པོ། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་ཚོགས་འཁོར་དཔའ་བོའི་སྟོན་མོའི་ཆོ་ག་བདེ་ཆེན་རྣམ་རོལ་སོགས་རྒྱས་པར་ཡོད་ནའང་སྒྲུབ་ཆོག་བསྐང་གསོ་སོགས་ཀྱི་དུས་ཁའུ་བྲག་རྫོང་པའི་ཕྱག་བཞེས་འཁྱེར་བདེར་མཛད་པ་བཞིན་ལག་ཏུ་བསྟར་བ་ལ། བ་ལ་དང་མ་ད་ན་གཉིས་གཙོ་བོར་གྱུར་པའི་བཟའ་བཅའ་བཏུང་བའི་རིམ་པ་སོགས་མཆོད་པའི་རྫས་རྣམས་སྟེགས་དང་གདན་གཞི་(༢ན)


GLG025_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ཁར་བཀོད་པས་མཛེས་པར་བཤད། ཐོག་མར་མཆོད་གཡོག་པས་ཕྱག་གསུམ་བཙལ་ཏེ། ཚོགས་ཀྱི་ཡོ་བྱད་རྣམས་ལ་བྱིན་རླབས་གནང་བ་ཞུ། ཞེས་བརྗོད། ཚོགས་པས་བཛྲ་ཨ་མྲྀ་ཏ་ནས་ཧ་ཧོཿཧྲཱིཿའི་བར་གྱིས་ནང་མཆོད་ལྟར་བྱིན་གྱིས་བརླབ། དེ་ནས་ཚོགས་ཀྱི་རྩེ་མོ་ནས་ཟ་ན་རང་ཉིད་ཀྱིས་ཟ་བ་ལས་སུམ་འགྱུར་གྱིས་ཆེ་བ་ཞིག་དང་། དེ་མཚུངས་པ་ལ་ཞིག་བླ་མའི་བྲིས་འབུར་གྱི་སྐུ་བརྙན་གང་ཡང་རུང་བའི་མདུན་དུ་བཤམས་རྗེས། ཕྱག་གསུམ་བཙལ་ནས་བླ་མ་དང་དཀོན་ཅོག་གི་དྲུང་དུ་ཚོགས་ཀྱི་ཕུད་འབུལ་བ་ཞུ་ཞེས་བརྗོད། ཐམས་ཅད་ཀྱིས་ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ་ཞེས་སོགས་ཀྱི་མཇུག་ཏུ། ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛི་ཏེ་ཁཱ་ཧི། ཞེས་བརྗོད། དེ་རྗེས་ཐོད་པའམ་ཏིང་པར་ལ་སོགས་པར་མ་ད་ན་སྔར་བཞིན་བཞག་ལ་ཕྱག་གསུམ་བཙལ་ཏེ། བླ་མ་དང་དཀོན་ཅོག་གི་དྲུང་དུ་མ་ད་ནའི་ཕུད་འབུལ་བཞི་ཞེས་བརྗོད་པས་ཐམས་ཅད་ཀྱིས། དམན་པའི་ཡུལ་ལས་རབ་འདས་ཤིང་། །རྒྱལ་བ་ཀུན་གྱི་དམ་ཚིག་(༢བ)


GLG025_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་བསལ་ནས། །རྟོག་པ་ཀུན་ལས་རྣམ་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། དེ་ནས་ཟན་དང་བལ་གོས་ལས་ཅུང་ཟད་ཆུང་བ་མཁའ་འགྲོ་ཆོས་སྐྱོང་གི་རྟེན་གྱི་མདུན་དུ་བཤམས་ལ་ཆབ་སྦྲན་ནས། མཁའ་འགྲོ་ཆོས་སྐྱོང་གི་དྲུང་དུ་ཚོགས་མཆོད་འབུལ་བ་ཞུ་ཞེས་བརྗོད་ཐམས་ཅད་ཀྱིས། ཨོཾ་བྷ་ག་ཝ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཧེ་བཛྲ་ས་པ་རི་ཝཱ་ར། ཀཱ་ཡ་ཝཱ་ཀ་ཙིཏྟ། ཨོཾ་ཨིནྡྲ་ཛ་མ་ཛ་ལ་ཛཀླ་བྷུ་ཏ་བཧྣི་བཱ་ཨུ་རཀྑ་ཙཎྜ་སུ་ཛྫོ་མཱ་དེ་བཱ་པྤ་ཏ་ལ་པ་ཏ་ལཾ་ཨཊྠ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུ་ཉྫ་ཛིགྷ་ཕུལླ་དྷུ་པ་མཾ་ས་པིཾ་གྷ་ཨམྦྷ་སཔྤ་ཀཛྫ་སཱ་དཱ་ཁནྟི་ཁུ་ཎི་ཕེ་ཌ་གྷ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ད། ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། བདེ་མཆོག་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ལ་མཛད་སྲོལ་འདུག་ཀྱང་མ་བྱས་པས་ཆད་ལྷག་ཏུ་མི་འགྱུར་བས་བཏང་སྙོམས་སུ་བཞག །གུར་མགོན། ཞལ་བཞི་པ། ལས་མགོན། གནོད་སྦྱིན། མཁའ་འགྲོ་དང་གཞི་བདག་སོགས་ཀྱི་གཏོར་སྔགས་ཚར་གསུམ་མམ་རེ་རེ་གང་རུང་བརྗོད་པའི་རྗེས་སུ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་ནས་ཤཔྟའི་བར་དང་། འབྲུ་གསུམ་གྱིས་ནང་མཆོད་དབུལ། དེ་རྗེས་ཕུད་ཕོར་དུ་མ་ད་ན་བླུག་པ་ནམ་མཁར་བཏེག་ལ། ནང་ཕུད་འབུལ་བ་ཞུ་ཞེས་བརྗོད། ཐམས་ཅད་ཀྱིས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་དང་། དཔལ་རྡོ་རྗེ་ནག་པོ་(༣ན)


GLG025_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་གུར་མགོན་ལྕམ་དྲལ་བྲན་གཡོག་འཁོར་དང་བཅས་པ་རྣམས་དང་། ལེགས་ལྡན་ནག་པོ་གདོང་བཞི་པ། ཡུམ་བཞི། བཀའ་སྡོད་གནོད་སྦྱིན་བེག་ཙེ་ལྕམ་སྲིང་། འཁོར་ཚོགས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་། གཞན་ཡང་ཆོས་འཁོར་བསྲུང་ཞིང་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་བཀའ་སྡོད་ཆོས་སྐྱོང་སྲུང་མ་རྣམས་དང་། ཡུལ་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་པའི་དཔའ་བོ་མཁའ་འགྲོའི་ཚོགས་རྣམས་དང་། བོད་ཁམས་སྐྱོང་བར་བྱེད་པའི་བསྟན་མ་བཅུ་གཉིས། གནས་བདག །གཞི་བདག །ཡུལ་བདག །གྲོང་བདག །གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུཾ། ཌཱ་དྲིལ་དང་རོལ་ཆེན་མཛད། རྡོ་རྗེ་སློབ་དཔོན་གྱིས། ཨེ་མའོ་ཡེ་ཤེས་ཆེན་པོ་རྣམས། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེག །འདི་འདྲའི་བདེ་བ་ཐོབ་ནས་ནི། །ཀུན་གྱིས་ཨ་ཧོ་སུ་ཁ་བརྗོད། །ཅེས་བརྗོད་ཐམས་ཅད་ཀྱིས་ལྐོག་བཏེག་ནས། ཨ་ཧོ་སུ་ཁ་བྷ་ཀྵ་ཡེ། ཨ་ཧོ་སུ་ཁ་ཧོ་ཡ་ན། མ་ཧཱ་མུནྟ་སིདྡྷི་ནི། པྲ་ཝརྡྷ་ན་ནིརྡྷི་ནི། ཨེ་མ་བདེ་བ་ལོངས་སྤྱོད་ཅེས། །ཨེ་མ་བདེ་བ་རབ་གསལ་བ། །ཕྱག་རྒྱ་ཆེན་པོ་གྲུབ་པ་འདིས། །རབ་ཏུ་འཕེལ་པའི་རོལ་གར་འདིའོ། །ཧཱུཾ་ཧེ་ཧ་ཧ་ཧ་ཧོ་ཞེས་བརྗོད། ཚོགས་རྫས་འགྲིམ་པ་ནི། མཆོད་གཡོག་པའི་ལག་པ་གཡོན་པས་ཐོད་པར་མ་ད་ན་བླུག་ལ་བཟུང་། དེའི་སྟེང་དུ་ལག་པ་གཡས་པའི་མཐེབ་སྲིན་གྱིས་བ་ལ་བཟུང་ལ་ཁ་བཀབ་པའི་ཚུལ་དུ་བྱས་ཏེ། ཐོག་མར་རྡོ་རྗེ་སློབ་དཔོན་ལ་འབུལ་བའི་རྣམ་པས། ཧོ། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེར་ཁྱི་དང་གདོལ་བ་སོགས། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་བརྗོད། དེས་ཀྱང་སྔར་(༣བ)


GLG025_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱག་རྒྱས་བླངས་ནས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་སྤངས། །གཟུང་དང་འཛིན་པ་དང་བྲལ་པའི། །དེ་བཞིན་ཉིད་ལ་གུས་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁ་ཧོ་ཞེས་བརྗོད། དེ་བཞིན་དུ་ཐམས་ཅད་ལ་བསྐོར་ཏེ། རིག་པ་འཛིན་པ་དགོངས་སུ་གསོལ། །ཞེས་སོགས་བརྗོད་པ་འགྲེ །འདི་སྒྲུབ་པ་པོ་ཉུང་འདུལ་གྱི་དབང་དུ་མཛད་ཀྱིས་ཚོགས་ཆེ་ན། སྤྱིར་རིག་པ་འཛིན་རྣམས་དགོངས་སུ་གསོལ། ཞེས་བསྒྱུར་ནས། ནང་གི་སྦྱིན་སྲེག་གི་ཚུལ་གྱིས་ཚོགས་ལ་རོལ། ལྷག་མ་བསྡུས་ལ་རྡོ་རྗེ་སློབ་དཔོན་གྱི་ཞལ་ནས་མ་ད་ན་ཧུབ་གཅིག་བཟུང་ནས་འབར་བའི་ཕྱག་རྒྱའི་ནང་ནས་ཞལ་བཀྲུ་སྦྲན་ལ། ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་བྷ་ཀྵ་སི་སྭཱ་ཧཱ། ལྷག་མ་ལ་དབང་བའི་འབྱུང་པོའི་ཚོགས་རྣམས་ཚིམ་ནས། ནང་གི་དངོས་གྲུབ་ཕྱིར་མི་གཏོང་བ་དང་། ཕྱི་ཡི་བར་ཆད་མི་གཏོང་བའི་འཕྲིན་ལས་རྣམས་ཡང་དག་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེའི་གླུ་ནི། ཀོལླ། རི་ཋི། ཨཱ་བོ་ལཱ། མུ་མྨུ་ཎི་རི། ཀ་ཀྐོ་ལཱ། གྷ་ཎ། ཀི་པཱི་ཊ་ཧོ། བཛྫ་ཨི། ཀ་རུ་ཎེཾ་ཀི །ཨ་ཨི། ན་རོ་ལཱ། ཏ་ཧིཾ། བ་ལུ། ཁཛྫ། གཱ་ཌྷེཾ། མ་ཨ་ཎ། པིཛྫ་ཨ་ཨི། ཧ་ལ། ཀཱ་ལིཉྫ་ར། པ་ཎི་ཨ་ཨི། དུ་དྷུ་རུ། བཛྫ་ཨ་ཨི། ཙ་ཨུ་ས་མ། ཀུསྠུ་རི། སིཧླ། ཀཔྤུ་ར་ལཱ་ཨ་ཨི། མ་ལ་ཨི་ཨིནྡྷ་ན། ཤཱ་ལི་ཛ། ཏ་ཧིཾ། བྷ་རུ་ཁཱ་ཨ་ཨི། ཕེཾ་ཁ་ཎ། ཁེ་ཊ། ཀ་རནྟེ། ཤུདྡྷ་ཤུདྡྷ། ཎ་མུ་ནི་ཨ་ཨི། ནི་རཾ་ཤུ། ཨཾ་ག་ཙ་ཌཱ་ཝི། ཏ་ཧིཾ་ཛ། ས་ར་ཝ། པ་ཎི་ཨ་ཨི། མ་ལ། ཨ་ཛེ་ཀུནྡུ་རུ། ཝཊྚ་ཨི། ཌི་ཎྜི་མ། ཏ་ཧིཾ། ན་བཛྫི་ཨ་ཨི། ཤིས་བརྗོད་ནི། ཧཱུཾ་ཧཱུཾ་ཧཱུཾ། དེ་ཧ་སོགས་ཡོད་ནའང་དེང་སང་ཀྱེ་རྡོར་སྒྲུབ་ཐབས་ནས་འབྱུང་བ་ལྟར་རམ། ཕུན་སུན་ཚོགས་པ་སོགས་ཀྱི་ཤིས་བརྗོད་དང་།


GLG025_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཇུག་ཆོག་དཀྱུས་ལྟར་མཛད་པ་ཡིན་ནོ། །ཐ་མལ་རོ་ལ་སྲེད་པའི་འཆིང་བའི་རྒྱ། །གཅོད་བྱེད་ཟག་མེད་བདུད་རྩིར་རྟག་རོལ་བ། །རྣལ་འབྱོར་མཆོག་གི་ཡུལ་ལས་བཟའ་བཅའ་ལ། །མངོན་ཞེན་སྔགས་རློམ་ཕལ་གྱི་སྤྱོད་ཡུལ་མིན། །ག་ཎ་ཙཀྲའི་པཱུ་ཛ་ནམ་མཁའ་མཛོད། །སྒོ་འཕར་ཕྱེ་ཚེ་གནས་གསུམ་དཔའ་བོ་དང་། །མ་དང་མཁའ་འགྲོ་དགྱེས་པའི་དགའ་སྟོན་གྱི། །རབ་སྙན་རྒྱང་གླུ་རྟག་ཏུ་མགྲིན་པར་ལེན། །འདིས་མཚོན་བསོད་ནམས་ཡོངས་བྱས་ས་བོན་ཚོགས། །སྐྱེད་དུ་བསྲིངས་པ་ཨ་མྲའི་སྡོང་པོའི་རྩེར། །གཏན་བདེ་རོ་བརྒྱ་བདའ་བའི་འབྲས་བུ་ལ། །ནམ་མཁའི་མཐའ་སྙེད་འགྲོ་ཀུན་སྤྱོད་པར་ཤོག །ཅེས་ཚོགས་མཆོད་འདོད་དགུའི་མཆོག་སྦྱིན་འདི་ནི་མཁའ་འགྲོ་ལྔ་མཉེས་པར་བྱེད་པའི་དུས་སྟོན་གལ་ཆེ་བའི་ཚེ་རྣམ་པར་རྒྱལ་པའི་ཕན་བདེ་ལེགས་བཤད་གླིང་པའི་ཕྱག་བཞེས་ཀྱི་ཆེད་དུ་ས་རྟ་ཁྲ་ཟླ་བའི་ཡར་ཚེས་ལ་ཟ་ཧོར་གྱི་བནྡེས་སྦྱར་པའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།། །།


previousཚོགས་མཆོད་འདོད་དགུའི་མཆོག་སྦྱིན།next