ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ།


JKT002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ཞེས་བྱ་བ་བཞུགས། །ན་མོ་གུ་རུ་ཝེ། སྲིད་དང་ཞི་བའི་ཕ་མཐའ་ལས། །རྣམ་པར་བརྒལ་བའི་སྒྱུ་འཕྲུལ་ནི། །འདི་ན་ལྷར་བཅས་སྟོན་པ་མཆོག །ཤཱཀྱའི་གཙོ་བོས་དགེ་ལེགས་མཛོད། །གང་དེས་འགྲོ་བའི་ཁམས་དབང་དང་། །བསམ་པའི་རིམ་པར་རྗེས་མཐུན་པའི། །ཐེག་པ་སྣ་ཚོགས་ཐབས་ཚུལ་ལ། །ཕྱོགས་རེས་བསམ་པར་མི་ནུས་ཀྱང་། །རེ་ཞིག་གསང་སྔགས་སྔ་འགྱུར་ལ། །གྲགས་པ་བརྟན་པའི་རྗེས་འབྲངས་ནས། །རིམ་དགུའི་ཐེག་པའི་རྣམ་གཞག་ཉིད། །སྙིང་པོར་དྲིལ་ཏེ་འཆད་ལ་ཕྱོགས། །དེ་ཡང་ཉན་ཐོས་རང་རྒྱལ་དང་། །བྱང་ཆུབ་སེམས་དཔའ་རྣམ་གསུམ་ལ། །ཀུན་འབྱུང་འདྲེན་པ་ཞེས་བརྗོད་དེ། །སྡེ་སྣོད་གསུམ་གྱི་བརྗོད་བྱས་བསྡུས། །སོ་སོར་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་རྣམ་བཞིར་དབྱེ་བ་ལས། །ཐོག་མར་ཉན་ཐོས་ཉིད་ལ་ཡང་། །བྱེ་བྲག་སྨྲ་དང་མདོ་སྡེ་གཉིས། །སྔ་མས་ཤེས་བྱའི་ཆོས་རྣམས་ཀུན། །སྣང་བ་གཟུགས་དང་གཙོ་བོ་སེམས། །དེ་འཁོར་སེམས་ལས་བྱུང་བ་དང་། །མི་ལྡན་འདུ་བྱེད་འདུས་མ་བྱས། །གཞི་ལྔ་ཉིད་དུ་འདུས་ཞེས་སྒྲོགས། །དེ་ཡང་འཛིན་སེམས་སྐད་ཅིག་མར། །ཤར་དང་ཆ་མེད་རྡུལ་ཕྲན་རྣམས། །བདེན་གྲུབ་ཉིད་དོ་དེ་ལས་


JKT002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །དཔྱད་འོས་མཐའ་དག་ཀུན་རྫོབ་འདོད། །ཕྱི་མས་གཟུང་འཛིན་ཕྲ་བདེན་འགོག །བཏགས་ཡོད་ཙམ་དུ་ལྐོག་ན་མོས། །བསྐྱེད་ཅེས་སྨྲ་ཞིང་འདུས་མ་བྱས། །རྐྱེན་ལས་གྲོལ་ཕྱིར་རྫས་ཡོད་མིན། །གཉིས་ཀའི་སྒོམ་པ་སྡུག་བསྔལ་དང་། །ཀུན་འབྱུང་འགོག་པ་ལམ་བདེན་ཏེ། །དེ་ལའང་བཞི་བཞིར་དབྱེ་བྱས་ནས། །བདེན་བཞི་རྣམ་པ་བཅུ་དྲུག་བསྒོམ། །སྤྱོད་པ་རང་ཉིད་ཞི་བདེ་ལ། །དམིགས་པ་སོ་ཐར་རིགས་བརྒྱད་པོ། །གང་ཡང་རུང་བ་བླངས་ནས་ཀྱང་། །སྡོམ་དང་འཇུག་པའི་ཁྲིམས་ལ་སྦྱོར། །འབྲས་བུ་ཚུལ་གནས་ཐོས་བསམ་དང་། །ཏིང་ངེ་འཛིན་ལ་ཡུན་རིང་དུ། །གོམས་པས་ཤེས་རབ་མཆོག་བརྙེས་ཏེ། །ཉོན་མོངས་ཟག་པ་རིམ་གྱིས་སྤངས། །རྒྱུན་ཞུགས་ལན་གཅིག་ཕྱིར་འོང་དང་། །ཕྱིར་མི་འོང་དང་དགྲ་བཅོམ་ལ། །ཞུགས་གནས་གཉིས་སུ་དབྱེ་བ་རྣམས། །བརྙེས་ཏེ་སྲིད་པ་བྲལ་བར་བྱེད། །གཉིས་པ་རང་རྒྱལ་ཐེག་པ་ཡིས། །ལྟ་བ་ཕྱི་རོལ་གཟུང་བའི་ཡུལ། །བདེན་མེད་ཉིད་དུ་ངེས་རྟོགས་ཀྱང་། །འཛིན་སེམས་བདེན་པར་གྲུབ་འདོད་པས། །བདག་མེད་ཕྱེད་དང་གཉིས་རྟོགས་འདོད། །སྒོམ་པ་ཕྱི་དང་ནང་གི་ནི། །རྟེན་འབྲེལ་ལུགས་ལས་འབྱུང་རྟོགས་ཏེ། །ལུགས་ལྡོག་ཉིད་དུ་གོམས་བྱས་པས། །སྲིད་པའི་རྩ་བ་འབྱིན་པར་སྒྲོགས། །སྤྱོད་པ་ཉམས་དང་བཅོམ་པ་དང་། །ཕམ་དང་ལྟུང་བ་མེད་པ་ཡི། །


JKT002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་དྲི་མ་བྲལ་བ་ལ། །ཡིད་རབ་དྭངས་བས་སྦྱོར་བ་བྱེད། །འབྲས་བུ་བསེ་རུ་བསྐལ་བརྒྱ་དང་། །ཚོགས་སྤྱོད་མི་ཚེ་གསུམ་དག་གིས། །རང་ཉིད་གཅིག་པུར་བྱང་ཆུབ་ཏུ། །འགྲོ་ལས་གཞན་ཕྱིར་དམིགས་པ་མིན། །གསུམ་པ་བྱང་སེམས་ཐེག་པ་ནི། །དམན་ལམ་ཉིད་ལས་ལྡོག་བྱས་ཏེ། །ཆེན་པོ་བདུན་གྱིས་འཕགས་པའི་ཕྱིར། །རྒྱལ་བའི་སྲས་ཀྱི་འབྱུང་གནས་མཆོག །འདི་ལ་ལྟ་བའི་ཁྱད་པར་གྱིས། །སེམས་ཙམ་དབུ་མ་རྣམ་གཉིས་ཞེས། །གྲགས་པའི་བ་དན་གཡོ་བ་ལས། །སྔ་མར་ཕྱི་རྣམ་ནང་ཤེས་ཀུན། །སེམས་སུ་བདེན་དང་རྫུན་པ་རུ། །ཁས་ལེན་པ་ཡི་བྱེ་བྲག་ལས། །གྲུབ་མཐའ་གཉིས་སུ་དབྱེ་བར་མཛད། །དེ་ཡང་དང་པོའི་ནང་གསེས་སུ། །གཟུང་འཛིན་གྲངས་མཉམ་འདོད་པ་དང་། །དེ་བཞིན་སྒོ་ང་ཕྱེད་ཚལ་བཞིན། །ཆ་གཉིས་དབྱེ་དང་གཞན་ཡང་ནི། །སྣ་ཚོགས་གཉིས་སུ་མེད་པར་སྨྲ། །གཉིས་པ་དྲི་བཅས་རྫུན་པ་དང་། །དྲི་མེད་དག་པ་ཞེས་སུ་འབྱེད། །ཕྱི་མ་དབུ་མ་པ་ལ་ཡང་། །རང་རྒྱུད་པ་དང་ཐལ་འགྱུར་གཉིས། །དང་པོས་ཆོས་རྣམས་ཐམས་ཅད་ཀུན། །ཀུན་རྫོབ་འཁྲུལ་པའི་ངོར་ཡོད་ལ། །དོན་དམ་ཡེ་ཤེས་མ་འཁྲུལ་པའི། །སྣང་ངོ་ཉིད་དུ་མེད་པར་འདོད། །དོན་བྱེད་ནུས་དང་མི་ནུས་ཕྱིར། །ཡང་དག་ལོག་པའི་ཀུན་རྫོབ་དང་། །སྤྲོས་མཐའ་བརྒལ་དང་མ་བརྒལ་བས། །རྣམ་གྲངས་


JKT002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

མིན་དང་རྣམ་གྲངས་པའི། །དོན་དམ་ཞེས་སུ་ཐ་སྙད་མཛད། །ཁྱད་པར་གཏན་ཚིག་ཆེན་པོ་ལྔས། །ཆོས་ཀུན་སྟོང་པར་བློས་གཞལ་ཏེ། །དེ་ཡང་དངོས་ཀུན་བདག་གཞན་དང་། །གཉིས་ཀའམ་ནི་རྒྱུ་མེད་ལས། །སྐྱེ་བ་ནམ་ཡང་གྲུབ་པ་མེད། །དེ་ཡི་ཕྱིར་ན་རང་བཞིན་བྲལ། །ཡོད་པ་སྐྱེ་བ་རིགས་མིན་ཏེ། །མེད་པ་ནམ་མཁའི་པདྨོ་བཞིན། །དུ་མའི་དངོས་ཀྱི་གཅིག་མིན་ཏེ། །གཅིག་གིས་དུ་མ་དེ་བཞིན་དུ། །་དུ་མས་དུ་མ་གཅིག་གིས་གཅིག །བསྐྱེད་པ་ནམ་ཡང་རིགས་མ་ལགས། །དེས་ན་གཅིག་དང་དུ་མ་ལས། །གཟོད་མ་ཉིད་ནས་ཡང་དག་འདས། །འོན་ཀྱང་སྟོང་པ་ཉིད་གང་དེ། རྟེན་འབྱུང་སྣང་ཆར་ཅིར་ཡང་གྲུབ། །ཞེས་འདི་རང་རྒྱུད་ཆུ་གཏེར་གྱི། །ཕ་རོལ་སོན་རྣམས་གཏམ་དུ་གླེང་། །ཕྱི་མ་རབ་དགའི་ས་བརྙེས་པ། །དཔལ་ལྡན་ནཱ་གཱ་རྫུ་ན་ཡིས། །ཐལ་འགྱུར་གྲུབ་མཐའི་རྒྱལ་རྔ་ཆེ། །སྲིད་རྩེའི་བར་དུ་་བརྡུང་བ་ལས། །བདེན་པ་གཉིས་ཀྱི་རྣམ་གཞག་ཀྱང་། །འཕགས་དང་སོ་སྐྱེའི་ངོ་སྐལ་ཏེ། །དཔེར་ན་གཉིད་ཀྱི་མཐུས་བསྐྱེད་པའི། །རྨི་ལམ་སད་ཚེ་མེད་བཞིན་ནོ། །སྔར་སྨོས་གཏན་ཚིག་དེ་རྣམས་ཀྱིས། །གཞན་སེལ་སྐྱེ་བ་མེད་བསྒྲུབ་ཀྱང་། །དོན་དུ་དེ་ཡང་སྒྱུ་མ་བཞིན། །བདེན་ཞེན་ཉིད་དུ་ཁས་མ་བླང་། །དེ་ཕྱིར་ཁས་ལེན་བྲལ་བ་ནི། །ལྟ་བའི་མཐར་ཐུག་ཉིད་དུ་འཇོག །གཞན་ཡང་རིག་གཞུང་ཆེར་སྨྲ་དང་། །


JKT002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་རྩོད་ངོར་བསྔགས་པ་ནི། །ཐལ་འགྱུར་ཉིད་དོ་རྩེ་གཅིག་ཏུ། །མཉམ་པར་བཞག་པའི་རྣལ་འབྱོར་དོན། །ཕྲ་བ་ནང་གི་དབུ་མའང་བསྟན། །དེ་ཡིས་ཆོས་རྣམས་ཀུན་བརྟགས་དང་། །གཞན་དབང་ཡོངས་གྲུབ་གསུམ་དུ་བསྟན། །སོ་སོར་གཉིས་ཏེ་དབྱེ་བས་དྲུག །སྦྱོང་གཞི་བདེ་གཤེགས་སྙིང་པོ་ནི། །སྣང་ཆས་གཟུགས་སྐུ་སྟོང་ཆ་ཡིས། །ཆོས་སྐུའི་ཡོན་ཏན་ལྷུན་གྱིས་གྲུབ། །དེ་ལ་ཀུན་ཏུ་བརྟགས་པ་དང་། །གཞན་དབང་རིམ་གྱིས་སྦྱངས་པ་ལས། །མཐར་ཐུག་གཞི་ཉིད་མངོན་གྱུར་པར། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་སུ་འདོད། །གཏེར་དང་འབྲས་- བུའི་ཤིང་བཞིན་དུ། །གནས་ལུགས་ཉིད་དང་རྒྱས་འགྱུར་གྱི། །རིགས་དེ་རྣམ་གཉིས་རྫོགས་པའི་མོད། །བླ་མེད་སྙིང་པོར་གཤེགས་པར་ངེས། །འདི་ནི་ས་བཅུའི་དབང་ཕྱུག་མཆོག །རྒྱལ་ཚབ་མ་ཕམ་པ་ཡིས་བཞེད། །ཚུལ་དེར་ཕྱོགས་སྡེ་སྨྲ་བ་རྣམས། །ཡིད་སྲུབས་མཐུ་ཡིས་སྒྲིབ་པར་ངེས། །ཅི་ཕྱིར་ཤིང་རྟ་ཆེན་པོ་གཉིས། །དགོངས་དོན་མཐར་ཐུག་གཅིག་བསྡུས་གང་། །འཕགས་བོད་མཁས་པའི་རྣམ་དཔྱོད་ཀྱིས། །འཆད་རྩོད་རྩོམ་པས་གསལ་མཛད་ཅིང་། །ནང་གི་རྣལ་འབྱོར་ཆེ་བརྙེས་པའི། །གྲུབ་མཆོག་ཀུན་ཀྱང་འདི་བཞེད་དོ། །གཞན་ཡང་འཁོར་ལོ་དང་པོ་ཡིས། །བསོད་ནམས་མ་ཡིན་ལས་ལྡོག་


JKT002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གཏམ་གྱིས་ཉན་རང་ཐེག་པ་བསྟན། །བར་པས་བདག་ལས་ལྡོག་བྱས་ཏེ། །བདག་མེད་དབུ་མའི་ལམ་བཟང་འཆད། །ཐ་མས་ལྟ་གཞི་ཀུན་སྤངས་ནས། །ངེས་དོན་སྙིང་པོའི་སྒྲ་ཆེན་བསྒྲགས། །་དེ་ལྟར་ཉན་ཐོས་རྣམ་གཉིས་དང་། །ཐེག་ཆེན་དབུ་སེམས་བཞི་པོ་ལ། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཞེས། །རིག་པའི་དབང་ཕྱུག་རྣམས་ཀྱིས་ཕྱེ། །བྱང་ཆུབ་སེམས་དཔའི་སྒོམ་པ་ནི། །གཞན་དོན་ཁོ་ནར་དམིགས་པ་ཡིས། །རྟོག་བྲལ་རང་གསལ་ཞི་གནས་དང་། །སོ་སོར་རྟོག་པའི་ལྷག་མཐོང་གཉིས། །ཟུང་འཇུག་ཉིད་དུ་མཉམ་བཞག་ཅིང་། །རྗེས་ཐོབ་ཀུན་རྫོབ་ལམ་བྱེད་ཕྱིར། །ཆོས་ཀུན་སྒྱུ་མའི་རོལ་མོར་ཟློ་བལྟ། །སེམས་ཅན་རྣམས་ལ་དམིགས་མེད་ཀྱི། །སྙིང་རྗེ་ཆེན་པོས་རྟག་ཏུ་བརླན། །སྤྱོད་པ་སྨོན་པའི་བསླབ་བྱ་རུ། །ཚད་མེད་རྣམ་བཞིའི་ཆུས་བྲན་ཏེ། །འཇུག་པའི་བསླབ་བྱ་ཕྱིན་དྲུག་གི །ཨུཏྤལ་དགའ་ཚལ་དར་བབས་བྱ། །དེ་ཡང་མི་མཐུན་ཕྱོགས་བྲལ་ཞིང་། །འཁོར་གསུམ་ཡང་དག་གྲོགས་དང་ལྡན། །གཞན་དོན་རྫོགས་བྱེད་གདུལ་བྱ་རྣམས། །བྱང་ཆུབ་བཀྲི་བའི་ཁྱད་པར་ལྡན། །སྦྱིན་པ་སོགས་ལ་རེ་རེར་ཡང་། །རྣམ་པ་གསུམ་དུ་དབྱེ་བ་ཡིས། །བཅོ་བརྒྱད་གྲངས་སུ་ངེས་གནས་ཤིང་། །ཀུན་ལ་ཆགས་པ་བདུན་གྱིས་དབེན། །འབྲས་བུ་དྲན་པ་ཉེར་བཞག་དང་། །ཡང་དག་སྤོང་བཞི་རྫུ་འཕྲུལ་གྱི། །


JKT002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་བཞི་ལ་བརྟེན་བྱས་ནས། །ཚོགས་ལམ་ཆེ་འབྲིང་ཆུང་གསུམ་ཐོབ། །དད་བརྩོན་དྲན་ཏིང་ཤེས་རབ་ཉིད། །དབང་པོ་ལྔ་དང་སྟོབས་ལྔ་རུ།་།རིམ་གྱིས་རྫོགས་པའི་བྱེད་ལས་ཀྱིས། །སྦྱོར་བའི་ལམ་དུ་ངེས་པར་འགྲོ། །དྲན་དང་ཆོས་རབ་རྣམ་འབྱེད་ཀྱི། །བརྩོན་འགྲུས་ཀྱིས་མཚོན་བྱང་ཆུབ་ཀྱི། །ཡན་ལག་བདུན་གྱིས་མཐོང་ལམ་དུ། །དང་པོའི་ས་མཆོག་བརྙེས་ཞེས་སྨྲ། །འཕགས་ལམ་ཡན་ལག་བརྒྱད་པོ་ཡིས། །སྒོམ་པའི་ལམ་གྱིས་གཉིས་པ་ནས། །བཅུ་པའི་བར་གྱི་ས་རྣམས་བགྲོད། །དེ་རུ་སྒྲིབ་པ་བཅུ་སྤངས་ཤིང་། །ཕར་ཕྱིན་བཅུ་ལ་གཙོ་བོར་སྤྱོད། །དེ་ལྟར་སློབ་ལམ་རྣམ་པ་བཞི། །རིམ་གྱིས་བརྙེས་པའི་རྗེས་ཐོག་དེར། །གྲངས་མེད་གསུམ་བདུན་སོ་གསུམ་གྱིས། །མི་སློབ་གོ་འཕང་རྩེ་མོར་འཛེགས། །སྐུ་གསུམ་ཡེ་ཤེས་རྣམ་ལྔ་དང་། །སྟོབས་བཅུ་མི་འཇིགས་མ་འདྲེས་སོགས། །བསམ་སྤྱོད་ཕ་མཐའ་ལས་བརྒལ་བའི། །རྨད་བྱུང་ཡོན་ཏན་དབང་དུ་འགྱུར། །ཟག་པར་བཅས་པའི་སྡུག་བསྔལ་ནད་ཀྱིས་མཐའ་མེད་འཁོར་མཚོར་བཅིང་བ་གང་། །ཀུན་ཏུ་འབྱུང་བ་དུག་གསུམ་རྒྱུ་སྟེ་ངེས་འབྱུང་བློ་ཡིས་རབ་སྤངས་ཤིང་། །ལམ་བདེན་སྨན་གྱིས་ཉེ་བར་གསོས་ལས་ཉོན་མོངས་ནད་ལས་རིང་གྲོལ་བའི། །འགོག་བདེན་དེ་ཁོ་ན་ཡི་ལང་ཚོ་འགྲོ་ཀུན་སྙིང་ལ་འབར་བར་ཤོག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་


JKT002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསལ་ལས། རྒྱུ་མཚན་ཉིད་ཀྱི་རིམ་པ་ཅུང་ཟད་ཕྱེ་བའི་ཚོམས་ཏེ་དང་པོའོ།། །།སྲིད་དང་ཞི་བའི་ཆོས་རྣམས་ཀུན། །རྣམ་པ་ཀུན་ལྡན་ཕྱག་རྒྱ་ཡིས། །མི་ཕྱེད་བསྡམས་པའི་རྡོ་རྗེ་འཛིན། །ཁྱབ་བདག་བླ་མར་ངེས་པས་འདུད། །དེ་ལྟར་ཐུན་མོང་ཐེག་པ་ཡིས། །རང་རྒྱུད་ལེགས་པར་སྦྱངས་པའི་རྗེས། །མྱུར་ལམ་རིག་པ་འཛིན་པ་ཡི། །སྡེ་སྣོད་ཉིད་ལ་འཇུག་པར་བྱ། །དེ་ཡང་ཐབས་ཚུལ་མང་བ་དང་། །ཡུན་རིང་དཀའ་བས་མི་གདུང་ཞིང་། །དབང་པོ་རྣོན་པོའི་སྤྱོད་ཡུལ་གང་། །ཟབ་དང་རྒྱ་ཆེའི་ཁྱད་པར་བྱས། །མཚན་ཉིད་སྒོ་གསུམ་སྒྱུ་མ་དང་། །བྲག་ཅ་ལྟ་བུར་རྣམ་བསམ་ཞིང་། །རང་བཞིན་སྟོང་བར་རྒྱས་འདེབས་ཀྱང་། །འདིར་ནི་རྡོ་རྗེ་གསུམ་དུ་ཤར། །ཁྱད་པར་འཁྲུལ་པའི་སྣང་ངོར་ཡང་། །བདེན་གཉིས་དབྱེར་མེད་ལྟ་བས་འཕགས། །དེ་ལྟའི་སྔགས་ཀྱི་གཞུང་ལུགས་ཆེར། །ཀྲི་ཡ་ཨུ་པ་ཡོ་ག་ལ། །དཀའ་ཐུབ་རིག་བྱེད་ཐེག་པར་གྲགས། །སོ་སོར་འཇུག་སྒོ་ལྟ་སྒོམ་དང་། །སྤྱོད་འབྲས་རྣམ་པ་ལྔ་རུ་དབྱེ། །ཐོག་མར་བྱ་བའི་རྒྱུད་རྣམས་ལ། །འཇུག་སྒོ་ཆུ་དང་ཅོད་པན་གྱི། །དབང་གིས་ལེགས་པར་སྨིན་བྱས་ནས། །དོན་དམ་མཐའ་བཞི་བྲལ་བ་ཡི། །ཡེ་ཤེས་ཉིད་ལ་ངེས་རྙེད་ཀྱང་། །ཐབས་ཀྱིས་ཀུན་རྫོབ་མི་སྤང་བར། །རྣམ་པ་རེས་འཇོག་ཅན་དུ་ལྟ། །ཡེ་ཤེས་གཟུགས་བརྙན་དཀྱིལ་འཁོར་ལ། །སྤྱན་


JKT002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་རྗེ་ཡི་འདུ་ཤེས་དང་། །རང་ཉིད་བྲན་གྱི་ཚུལ་དུ་མོས། །སྟོང་པ་ཡི་གེ་སྒྲ་དང་གཟུགས། །ཕྱག་རྒྱ་མཚན་མའི་ལྷ་དྲུག་བསྒོམ། །སྤྱོད་ལམ་ཁྲུས་གསུམ་བཏུང་བ་དང་། །དཀར་གསུམ་ཟས་དང་གོས་གསུམ་བརྗེ། །ལ་སོགས་བྲམ་ཟེའི་ངང་ཚུལ་ལྟར། །གཙང་སྦྲ་ཁོ་ན་དོན་དུ་གཉེར། །དཀོན་མཆོག་སྔགས་ལ་དད་པ་དང་། །ཐེག་ཆེན་ལ་མོས་བླ་མར་གུས། །ལྷ་རྣམས་མི་ལྡང་དུས་མཚམས་མཆོད། །གཞན་གཞུང་མི་མཆོད་གློ་བུར་བའི། །མགྲོན་ལ་མཆོད་དང་བྱམས་པ་བསྒོམ། །བསོད་ནམས་ཚོགས་འབད་སྔགས་ལ་བརྩོན། །དམ་ཚིག་གཞན་སྲུང་དམ་མེད་ལ། །སྔགས་མི་སྦྱིན་ཞིང་རྒྱུད་སྡེ་གསང་། །དེ་ལྟར་བཅུ་བཞི་སྲུང་བར་འདོད། །འབྲས་བུ་གནས་སྐབས་འདོད་པ་ཡི། །རིག་འཛིན་འགྲུབ་ཅིང་མཐར་ཐུག་ཏུ། །བསྐལ་ཆེན་བརྒྱད་ལས་རིགས་གསུམ་པོ། །དབྱེར་མེད་རྡོ་རྗེ་འཛིན་སར་སྦྱོར། །འདི་ནི་རྫོགས་ལྡན་དུས་ལ་དགོངས། །གཙང་སྤྲ་ཆོས་སུ་སྨྲ་བ་དང་། །བལྟས་པས་ཚིམས་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་ཕྱིར་དུ་བསྟན། །གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །འཇུག་སྒོ་སྔ་མའི་དབང་གཉིས་སྟེང་། རྡོ་རྗེ་དྲིལ་བུ་དང་། །མིང་གི་དབང་གིས་སྨིན་བྱས་ནས། །རྟོགས་བྱའི་ལྟ་བ་ཡོ་ག་ལྟར། །གཏན་ལ་དབབ་པའི་རྗེས་ཐོག་དེར། །བདག་མདུན་སྤུན་གྲོགས་ཚུལ་དུ་བསྒོམ། །དེ་ཡང་མཚན་


JKT002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་མཚན་མེད་ཀྱི། ཏིང་ངེ་འཛིན་གྱིས་དངོས་གྲུབ་ལེན། །སྤྱོད་པ་བྱ་བའི་རྒྱུད་བཞིན་ལ། །མི་དགེ་བཅུ་པོ་སྤོང་བའི་སྟེང་། །དམ་པའི་ཆོས་དང་བྱང་ཆུབ་སེམས། །དོར་ཞིང་སེར་སྣས་བཅིངས་པ་དང་། །སེམས་ཅན་འཚེ་བའི་ལས་རྣམས་ཀུན། །བསྡམས་པའི་རྩ་ལྟུང་བཅུ་བཞི་བསྲུང་། །འབྲས་བུ་གནས་སྐབས་རྫས་རླུང་གི །སྦྱོར་བས་རིག་པ་འཛིན་གྲུབ་ཅིང་། །མཐར་ཐུག་བསྐལ་པ་གསུམ་དག་ནས། །རིགས་བཞི་རྡོ་རྗེ་འཛིན་པར་འགྲོ། །འདི་ནི་གསུམ་ལྡན་དུས་ལ་དགོངས། །འཚེ་བ་ཆོས་སུ་སྨྲ་བ་དང་། །དགོད་པས་ཚིམས་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་ཆེད་དུ་བཤད། །གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །འཇུག་སྒོ་ཐུན་མོང་དབང་ལྔའི་སྟེང་། །རྡོ་རྗེ་སློབ་དཔོན་དབང་གིས་སྨིན། །མཚན་རྟོག་སྨོས་པ་ལས་བརྒལ་བའི། །དོན་དམ་འོད་གསལ་སྟོང་ཉིད་ཀྱི། །རང་གདངས་ཀུན་རྫོབ་སྒྱུ་མའི་ཚུལ། །རྡོ་རྗེ་དབྱིངས་ཀྱི་ལྷ་རུ་བལྟ། །ཕྱག་རྒྱ་བཞི་དང་རྣལ་འབྱོར་བཞིས། །ཡེ་ཤེས་ལྷ་ཚོགས་ཉེར་བསྙེན་ནས། །སོ་སོར་རྟོག་པའི་གནས་ལུགས་ཉིད། །དངོས་སམ་བརྒྱུད་ནས་རྟོགས་པར་བྱེད། །ལྷ་གྲངས་མཉམ་པའི་ཚོགས་སྒྲུབ་དང་། །རླུང་དང་ཚིག་གི་བཟླས་པ་ཡིས། །མཆོག་དང་ཐུན་མོང་དངོས་གྲུབ་ལ། །སྦྱོར་བའི་བསྒོམ་པ་རྒྱུད་ལ་བསྟེན། །བདག་དང་བསྒོམ་བྱ་གཉིས་མེད་དུ། །རྟོགས་པས་ཟབ་གསལ་ཏིང་འཛིན་


JKT002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེས། །སྤྱོད་པ་ཁྲུས་དང་བཟླས་པ་སོགས། །ལུས་ངག་ལས་ཀྱང་མི་འདོར་ཞིང་། །གཙོ་བོར་ཡིད་ཀྱི་རྣལ་འབྱོར་ལ། །བརྟེན་པ་བསྐྱེད་ནས་ཉམས་སུ་ལེན། །བྱང་ཆུབ་སེམས་ཀྱི་གཞི་བཟུང་ནས། །ཚུལ་ཁྲིམས་གསུམ་ལ་ལེགས་བསླབས་ཤིང་། །མི་བསྐྱོད་རྡོར་དྲིལ་ཕྱག་རྒྱ་འཆང་། །རིན་འབྱུང་ཆོས་ནོར་མི་འཇིགས་བྱམས། །སྦྱིན་ཞིང་སྣང་མཐར་ཐེག་ཀུན་འཛིན། །དོན་གྲུབ་འགྲོ་བ་ཀུན་སྒྲོལ་ཞིང་། །རྟག་ཏུ་མཆོད་ལ་བརྩོན་པ་དང་། །རྣམ་སྣང་སེམས་བསྐྱེད་ཚུལ་ཁྲིམས་སྲུང་། །སྐྱབས་སུ་འགྲོ་བ་འདོར་མི་བྱ། །འབྲས་བུ་མི་ཚེ་གསུམ་ཉིད་དམ། །བཅུ་དྲུག་མཐའ་རུ་མངོན་བྱང་ལྔའི། །རོལ་པ་རྣམ་པར་བཀོད་པ་ཡིས། །འོག་མིན་ཞིང་དུ་སངས་རྒྱས་འཐོབ། །འདི་ནི་གཉིས་ལྡན་དུས་ལ་དགོངས། །ང་རྒྱལ་ཆོས་སུ་སྨྲ་བ་དང་། །ལག་བཅངས་ཚིམ་པའི་འདོད་ཆགས་ཅན། །རྗེས་སུ་བཟུང་བའི་སླད་དུ་སྩལ། །དེ་ལྟར་ཕྱི་རྒྱུད་སྡེ་གསུམ་གྱིས། །རྣམ་པར་དབྱེ་བ་མདོར་བསྟན་ནས། །སླར་ཡང་བླ་ན་མེད་གྱུར་པ། །རྣལ་འབྱོར་ནང་གི་གཞུང་ལུགས་ལས། །བསྐྱེད་པ་མ་ཧཱ་ཡོ་ག་ཡི། །འཇུག་སྒོ་དད་བརྩོན་བརྟུལ་ཞུགས་དང་། །ལྡན་པའི་སྐལ་བཟང་སྐྱེས་བུ་ལ། །ཕན་ནུས་ཟབ་མོའི་དབང་མཆོག་བསྐུར། །རང་བཞིན་རྒྱུ་རྒྱུད་གནས་ལུགས་ཉིད། །རྟོགས་པ་བཞི་དང་དག་པ་གསུམ། །མཉམ་པ་བཞི་དང་བདག་


JKT002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཆེའི། །གཏན་ཚིགས་དག་ལ་བརྟེན་ནས་འཇལ། །བདེན་གཉིས་རྣམ་དབྱེར་མི་ཕྱེད་པ། །ལྷག་པའི་ཆོས་སྐུ་ལྟ་བར་འདོད། །འཆི་བར་སྐྱེ་བའི་བག་ཆགས་རིམ། །སྦྱོང་བྱེད་སྟོང་པ་སྙིང་རྗེ་དང་། །#་ཕྱག་རྒྱ་གཅིག་སྤྲོས་ཚོགས་སྒྲུབ་རྣམས། །བསྐྱེད་དང་རྫོགས་པར་སྦྱར་ནས་བསྒོམ། །གཞན་ཡང་སྟེང་འོག་སྒོ་གཉིས་ལ། །བརྟེན་ནས་ཟག་མེད་བདེ་བ་མྱོང་། །འདི་ནི་སྔ་འགྱུར་རྒྱུད་སྡེའི་གཙོ། །རྡོར་སེམས་སྒྱུ་དྲའི་དགོངས་པའོ། །སྤྱོད་པ་ཐབས་ལམ་བརྟུལ་ཞུགས་དང་། །གྲོལ་ལམ་བག་ཡོད་ཚུལ་ལ་བསླབ། །གནས་སྐབས་ཕྲིན་ལས་བསྒྲུབ་པའི་ཕྱིར། །གཏོར་མ་སྦྱིན་སྲེག་སོགས་ཀྱང་བསྟན། །བླ་མེད་སྤྱི་ཡི་དམ་ཚིག་ཏུ། །རྩ་བའི་ལྟུང་བ་བཅུ་བཞི་དང་། །ཡན་ལག་སྦོམ་པོར་གྱུར་པ་བརྒྱད། །ཁྱད་པར་རྩ་བ་ལྔ་སོགས་སྲུངས། །འབྲས་བུ་བསྙེན་སྒྲུབ་ཡན་ལག་བཞིའི། །ཐེམ་སྐས་མཆོག་ལ་མྱུར་འཛེགས་ནས། །རིག་འཛིན་བཞི་ཡི་སྒྱུ་འཕྲུལ་ལ། །བརྟེན་ནས་མི་སློབ་གྲོང་དུ་བགྲོད། །འདི་ནི་རྩོད་ལྡན་དུས་ལ་དགོངས། །འདོད་ཆགས་ཆོས་སུ་སྨྲ་བ་དང་། །དབང་པོ་གཉིས་སྦྱོར་བདེ་བའི་དོན། །ཀུན་བཟང་ཧེ་རུ་ཀ་ཡིས་བསྟན། །རྫོགས་པ་ཨ་ནུ་ཡོ་ག་ཡི། །འཇུག་སྒོ་ཟབ་དང་རྒྱ་ཆེ་ཡི། །རྒྱུད་དང་མན་ངག་རྗེས་འབྲངས་ནས། །ཕྱི་ནང་སྒྲུབ་གསང་དབང་བཞི་དང་། །ཐེག་དགུ་ཡོངས་སུ་རྫོགས་པར་བསྐུར། །ལྟ་བ་སྲིད་དང་


JKT002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བའི་དབྱིངས། །ཆོས་ཉིད་རང་རྩལ་འགག་མེད་པ། །ཡེ་ཤེས་ཕ་རོལ་ཕྱིན་པ་གཉིས། །མི་ཕྱེད་བྱང་སེམས་དཀྱིལ་འཁོར་མཐོང་། །ཐབས་ལམ་སྟེང་འོག་མན་ངག་གིས། །འབར་འཛག་སྦྱོར་བ་བསྒོམ་པ་དང་། །གྲོལ་ལམ་རྟོག་དཔྱོད་དོན་དང་ནི། །ཡི་གེ་ཡིད་ཀྱི་རྗེས་འགྲོ་བས། །ཇི་བཞིན་ཉིད་ཀྱི་དབྱིངས་བརྙེས་ཏེ། ཀུན་རྫོབ་དོན་དམ་ལམ་ཁྱེར་རོ། །སྤྱོད་པ་རྫོགས་རིམ་ཤེས་རབ་ལ། །གཙོ་བོར་འཇུག་ཅིང་ཁྱད་པར་དུ། །བསྲུང་སྤྱད་མི་སྤོང་མི་དོར་དང་། །ཤེས་པར་བྱ་དང་བསྒྲུབ་བྱ་དང་། །མེད་ཕྱལ་གཅིག་པུ་ལྷུན་གྲུབ་སྟེ། །རྩ་བ་འདི་བཅུ་སྲོག་བཞིན་སྲུངས། །འབྲས་བུ་འགྱུར་བ་མ་ངེས་, དང་། །བརྟན་པ་བཞི་ཡི་ས་གཉིས་ནི། །ཚོགས་ལམ་འདུན་པ་སེམས་པ་ཡི། །རྣལ་འབྱོར་ཉིད་ཀྱིས་བསྡུས་པར་བཤད། །དེ་བཞིན་གལ་ཆེན་སྦྱོང་བ་དང་། །བསླབ་པ་རྒྱུན་གྱི་ས་གཉིས་སོ། །སྦྱོར་ལམ་རིགས་ཆེན་འབྱེད་པར་གྲུབ། །ཁྱད་པར་འགྲོ་བའི་ས་ཉིད་ནི། །མཐོང་ལམ་དབུགས་ཆེན་འབྱིན་པར་རོ། །དམིགས་པ་འབྲས་བུ་སྐྱེ་བའི་ས། །སྒོམ་ལམ་ལུང་ཆེན་ཐོབ་པར་འདུས། །དེ་ནས་གནས་པ་མི་འགྱུར་དང་། །གདལ་བ་ཆོས་ཉིད་སྤྱིར་ཆིབས་ས། །མཐར་ལམ་རྩལ་ཆེན་རྫོགས་པར་རོ། །དེ་མཐར་འདོད་ཆགས་ཆེན་པོ་ཡི། །དབང་གི་བྱེད་ལས་ལ་བརྟེན་ནས། །འགྱུར་བདེ་མྱོང་བའི་བག་ཆགས་ཀུན། །


JKT002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ས་བོན་བཅས་པ་བཅོམ་པའི་མཐར། །འབྲས་ཆོས་ཉེར་ལྔར་དབང་འབྱོར་བའི། །བླ་མེད་བྱང་ཆུབ་སྙིང་པོར་འགྲོ། །གཉིས་མེད་ཨ་ཏི་ཡོ་ག་ལ། །འཇུག་སྒོ་སྤྱིར་བཏང་དབང་གསུམ་པའི། །འགྱུར་བདེའི་དཔེ་ལ་མི་ལྟོས་པར། །བཞི་པས་མངོན་སུམ་ཅར་ཕོག་ཏུ། །ངོ་སྤྲོད་རིག་པའི་རྩལ་དབང་དང་། །ཁྱད་པར་མན་ངག་སྡེ་པ་ཡིས། །སྤྲོས་བཅས་སྤྲོས་པ་མེད་པ་དང་། །ཤིན་ཏུ་སྤྲོས་མེད་རབ་སྤྲོས་མེད། །རྣམ་བཞིའི་སྨིན་བྱེད་ཟབ་མོ་བསྟན། །ལྟ་བ་སེམས་ཀློང་མན་ངག་གསུམ། །དང་པོས་ཆོས་ཅན་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་རོལ་པར་རྟོགས། །གཉིས་པས་སྣང་བ་ཅི་ཤར་ཡང་། །ཆོས་ཉིད་ཀློང་ལས་ཟླ འགྲོ་འོང་མེད། །གསུམ་པས་ཟབ་གསལ་ཕྱོགས་ལྷུང་ལས། །བརྒལ་བའི་གཞི་དོན་ཀ་དག་དང་། །ལམ་སྣང་ལྷུན་གྲུབ་ཆེན་པོར་བལྟ། །དེ་ཕྱིར་ཡིད་དཔྱོད་འཛིན་པ་ཟད། །སྒོམ་པ་ཡང་གསང་བླ་མེད་དོན། །འོད་གསལ་མན་ངག་སྡེ་པ་ཡིས། །ཕུང་པོ་ལྔ་དང་ཚོགས་བརྒྱད་ཀྱི། །གཞན་དབང་ལས་གྲོལ་ཆོས་ཀྱི་སྐུ། །སེམས་བྲལ་རིག་པ་རྗེན་པའི་ངང་། །སོར་བཞག་ཀ་དག་ཉམས་ལེན་ནི། །གྲོལ་ལུགས་ཆེན་པོ་རྣམ་ལྔར་རོལ། །ཁམས་གསུམ་ཕྱི་ནང་འབྱུང་བ་ཀུན། །འགོག་བདེན་ཐིག་ལེ་ཆེན་པོའི་དབྱིངས། །ཟད་བྱེད་རྡོ་རྗེ་ལུ་གུ་རྒྱུད། །སྣང་བཞིའི་གྲོང་ཁྱེར་མཆོག་ལ་བརྩོན། །སྤྱོད་པ་ཕ་རོལ་ཕྱིན་པ་དྲུག །བློ་བྲལ་


JKT002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

གཉུག་མའི་ངང་དུ་རྫོགས། །ཡིད་ཆོས་རིག་པའི་སྙིང་པོ་ལ། །མེད་ཕྱལ་གཅིག་པུ་ལྷུན་གྲུབ་ཀྱི། །དམ་ཚིག་འདའ་དཀའི་ཕྱག་རྒྱས་བཏབ། །འབྲས་བུ་ནང་གསལ་ཆོས་སྐུའི་སྦུབས། །གཞི་གྲོལ་དོན་གྱི་བཙན་ས་ཟིན། །ཁ་སྦྱོར་ལོངས་སྐུའི་སྣང་ཆ་དང་། །སྤྲུལ་པའི་ཟློས་གར་རྒྱུན་མི་འཆད། །དེ་ལྟར་རྣམ་གསུམ་ཡོ་གའི་གཞུང་། །ཤིན་ཏུ་བརྟག་དཀའ་རྡོ་རྗེའི་ཚིག །འདི་ན་ཅུང་ཟད་སྣང་བྱས་གང་། །s ་ཁྱབ་བདག་བླ་མའི་དྲིན་ལས་སོ། །རྨད་བྱུང་གསང་ཆེན་ངེས་པའི་ཆུ་གཏེར་གཏིང་མཐའ་བྲལ་བའི་མཁུར་ཚོས་སུ། །ཉེ་བར་མཛེས་པའི་གཏམ་གྱི་བདུད་རྩི་བློ་གྲོས་ཚངས་པའི་སྤུན་ཟླ་ཡིས། །ཅུང་ཟད་བླངས་པའི་དགའ་སྟོན་གསར་པ་འཆི་བ་མེད་པའི་བཅུད་ལེན་གང་། །སྐལ་བཟང་ལེགས་བྲིས་གཞོན་ནུའི་ཚོགས་ཀྱི་མགྲིན་པའི་རྒྱན་དུ་བཟུང་གྱུར་ཅིག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ལས། འབྲས་བུ་རྡོ་རྗེ་ཐེག་པའི་གནས་མདོར་བསྡུས་སུ་ཕྱེ་བའི་ཚོམས་ཏེ་གཉིས་པའོ།། །།ཤིན་ཏུ་ཕྲ་བའི་སྒྲ་དབྱངས་ནི། །རྡོ་རྗེ་ནཱ་དའི་རང་བཞིན་ཏེ། །གསུང་གི་དབང་ཕྱུག་མཆོག་དེ་ཡིས། །ཀུན་ནས་ཀུན་ཏུ་ཤིས་པར་མཛོད། །དེ་ལྟར་རིམ་དགུའི་ཐེག་པ་ཡི། །ལམ་མཆོག་ཅུང་ཟད་གསལ་བྱས་ཏེ། །སླར་ཡང་འཕྲོས་པར་འོས་པའི་གཏམ། །འགའ་ཞིག་བརྗོད་ལ་སྤྲོ་བ་སྐྱེས། །གང་ཚེ་བདག་ཅག་སྟོན་


JKT002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེ། །འོག་མིན་ཞིང་དུ་སངས་རྒྱས་ཀྱང་། །ཚུར་མཐོང་འགྲོ་བ་སྒྲོལ་བའི་ཕྱིར། །རྡོ་རྗེ་གདན་དུ་བྱང་ཆུབ་བརྙེས། །དེ་ནས་རིང་མིན་དུས་ཀྱི་ཚེ། །དྲང་སྲོང་ལྷུང་བ་རི་དྭགས་ཀྱི། །ནགས་སུ་ལྔ་སྡེ་ལ་སོགས་ཆེད། །བདེན་བཞིའི་ཆོས་འཁོར་ལན་གསུམ་བཟླས། །བདག་ལྟའི་ཞེན་པ་བཟློག་པའི་ཆེད། །བྱ་རྒོད་ཕུང་པོ་ལ་སོགས་སུ། །ཐེག་པ་ཆེན་པོའི་རིགས་ཅན་ལ། །མཚན་ཉིད་མེད་པའི་སྡེ་སྣོད་གསུངས། །གཉིས་ཀའི་མཚན་མ་ལས་གྲོལ་ཕྱིར། །མ་ངེས་གནས་སུ་དབང་རྣོན་ལ། །ཤིན་ཏུ་རྒྱས་པའི་མདོ་སྡེ་ནི། །ངེས་དོན་སེང་གེའི་སྒྲ་ཡིས་བསྒྲགས། །སྟོན་པ་མྱ་ངན་འདས་འོག་ཏུ། །སྡུད་པ་པོ་ཡིས་ལེགས་བསྡུས་ནས། །གཏད་རབས་བདུན་དང་འཛམ་བུའི་གླིང་། །མཛེས་བྱེད་རྒྱན་དྲུག་སོགས་ཀྱིས་སྤེལ། །ཁྱད་པར་རི་རབ་རྩེ་མོ་དང་། །རྒྱ་མཚོའི་འགྲམ་སོགས་སྣ་ཚོགས་སུ། །རིགས་གསུམ་སེམས་དཔས་གདུལ་བྱ་ལ། །་ཕྱི་རྒྱུད་སྡེ་གསུམ་རྒྱ་ཆེར་བསྟན། །རྡོ་རྗེའི་འོག་མིན་ཆེན་པོ་དང་། །ཙམ་པོ་བ་དང་བཏགས་པ་བའི། །འོག་མིན་གནས་སུ་ཧེ་རུ་ཀས། །རིགས་ལྔའི་འཁོར་ཚོགས་རྒྱ་མཚོ་ལ། །བསྐྱེད་རྫོགས་གསུམ་གྱི་ཏནར་བཤད། །དེ་དག་གསང་བ་འཛིན་པའི་བདག །ལག་ན་རྡོ་རྗེ་ལ་སོགས་པ། །སྟོན་འཁོར་རྣམ་དབྱེར་མི་ཕྱེད་པའི། །ཤིན་ཏུ་དབང་རྣོན་རྣམས་ཀྱིས་བསྡུས། །གྲུབ་པའི་དབང་ཕྱུག་བརྒྱད་ཅུ་དང་། །རིག་པ་འཛིན་


JKT002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྒྱད་ལ་སོགས། །མཆོག་གཟིགས་རྣལ་འབྱོར་སྤྱོད་པ་ཡིས། །རྒྱ་ཆེར་སྤེལ་ཞིང་དར་བར་མཛད། །བྱེ་བྲག་གངས་ཅན་ནོར་འཛིན་གཞིར། །ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས། །བསྟན་པའི་དབུ་བརྙེས་སྲོལ་བཏོད་ནས། །བཤད་སྒྲུབ་ནམ་མཁའི་མཐའ་ཁྱབ་རྒྱས། །འཕགས་པའི་ཡུལ་དུ་གསར་རྙིང་གི །དབྱེ་བ་རིས་སུ་མ་བཅད་ཀྱང་། །བོད་འདིར་སྔ་ཕྱིའི་འགྱུར་སྲོལ་ལས། །དེ་སྐད་དུ་ནི་སྒྲོ་བཏགས་ཏེ། །སློབ་དཔོན་སངས་རྒྱས་གཉིས་པ་དང་། །པཎ་ཆེན་དྲི་མེད་བཤེས་གཉེན་ཞབས། །ལོ་ཙཱ་རྣམ་པར་སྣང་མཛད་སོགས། །ས་ཆེན་བཞུགས་པའི་བྱང་སེམས་ཀྱིས། །བསྒྱུར་བཤད་གཏན་ལ་དབབ་མཛད་པ། །དེ་ཕྱིར་ཁྱད་པར་དྲུག་ལྡན་པའི། །སྔ་འགྱུར་རྡོ་རྗེ་ཐེག་པ་ལ། །གཟུ་བོར་གནས་པའི་མཁས་གྲུབ་ཀུན། །གཅིག་ཏུ་གུས་པས་འཛིན་བྱེད་ཀྱང་། །ཡིད་སྲུབས་སྙིང་ལ་ཉལ་བ་ཡི། །བླུན་པོ་སྙིང་ཁམས་ཅན་རྣམས་ཀྱིས། །རྒྱ་དཔེ་མེད་དང་བོད་ཀྱིས་བྱས། །བཅོས་མ་ཡིན་ཞེས་རྫུན་རྒྱབ་ཏུ། །རྫུན་གྱིས་སྐྱོང་བའི་ཐལ་འགྱུར་སྒྲོགས། །དེ་ལྟ་ན་ཡང་རྒྱལ་བ་ཡི། །ཕྲིན་ལས་ཉི་མའི་འོད་ཟེར་ཅན། །སྦར་མོས་སྒྲིབ་པར་འདོད་པ་ཀུན། །རང་ཉིད་ངལ་བའི་རྒྱུ་རུ་ཟད། །ཅི་ཕྱིར་ཐམས་ཅད་གཟིགས་པ་ཡིས། །འདུལ་བར་སྣང་དང་མདོ་སྡེར་འཇུག །ཆོས་ཉིད་དོན་དང་མི་འགལ་བ། །བཀའ་ཡི་ཚད་དུ་ངེས་གསུངས་


JKT002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ན། །བསྐྱེད་པ་མ་ཧཱ་ཡོ་ག་ཡིས། །ཐ་མལ་ཉོན་མོངས་ཟག་པ་ཀུན། །ཟུང་འཇུག་ཆེན་པོར་བསྡོམ་པའི་ཕྱིར། །ཐུན་མོང་མ་ཡིན་འདུལ་བར་སྣང་། །ནང་ལུང་རྗེས་སུ་རྣལ་འབྱོར་གྱིས། །ཤིན་ཏུ་ཕྲ་བའི་ཡེ་ཤེས་ཆེ། །སྤྲོས་བྲལ་བདེ་བ་མངོན་བསྟན་པས། །མཆོག་ཏུ་ཟབ་པའི་མདོ་སྡེར་འཇུག །གསང་བ་རྫོགས་པ་ཆེན་པོ་ཡིས། །ཀ་དག་ལྷུན་གྲུབ་དབྱེར་མེད་པའི། །རྡོ་རྗེའི་རྣལ་འབྱོར་ལམ་བྱས་པས། །ཆོས་ཉིད་དོན་ལ་གཅིག་ཏུ་འབབས། །གཞན་ཡང་ལུང་རིགས་མན་ངག་གི། །རྩོད་ངག་གནམ་ལྕགས་གསར་བའི་དབལ། །ལོག་རྟོག་བྲག་རིར་ཕབ་པ་ལ། །སྤོབས་པ་གཟེང་དུ་མཐོ་མོད་ཀྱང་། །རེ་ཞིག་ཡི་གེའི་ངལ་བ་ཡིས། །དེ་ཙམ་ཉིད་དུ་རྣམ་པར་བསྡུས། །བདེན་པར་གསུངས་པའི་ལམ་གྱི་མཆོག་ནི་རིག་པ་འཛིན་པའི་སྡེ་སྣོད་དེ། །དེ་ཡང་སྨིན་དང་གྲོལ་བའི་ཕ་མཐར་ངེས་པར་གནས་པའི་ཚུལ་མཐོང་ནས། །གྲུབ་པའི་རྣལ་འབྱོར་དམ་པའི་རྗེས་ཞུགས་རྩེ་གཅིག་མཉམ་པར་བཞག་པའི་མཐུས། །རྒྱུ་དང་མི་རྒྱུའི་དངོས་པོ་ཐམས་ཅད་བདེ་ཆེན་ཐིག་ལེར་དེངས་པར་ཤོག །ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་ཉུང་ངུ་རྣམ་གསལ་ལས། འཕྲོས་དོན་གྱི་ཁྱད་པར་གཞན་ཕྱེ་བའི་ཚོམས་ཏེ་གསུམ་པའོ།། །།གང་གི་མཁྱེན་པའི་ཉིན་བྱེད་ཀྱིས། །སྒྲིབ་གསུམ་མུན་པ་བཟའ་བ་དང་། །རྣམ་གྲོལ་ཨུཏྤལ་བཞད་


JKT002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཉེན། །ཁྱབ་བདག་བླ་མར་སླར་ཡང་འདུད། །དལ་འབྱོར་མི་ལུས་མཆོག་ཐོབ་ཅིང་། །བསྟན་ལ་དད་པའི་བློ་ལྡན་པའི། །སྐལ་བཟང་ཐར་པ་འདོད་རྣམས་ཀྱིས། །ཐོས་བསམ་སྒོམ་ལ་རིམ་གྱིས་བརྩོན། །ཁྱད་པར་མཚན་ལྡན་དགེ་བའི་བཤེས། །གུས་པ་ཆེན་པོས་ཉེར་བསྟེན་ནས། །གཞུང་ལུགས་གདམས་པར་ཤར་བ་ཡིས། །ཟབ་དོན་རྩེ་གཅིག་ཡིད་ཀྱིས་ཟུངས། །ད་ནི་སྙིགས་མའི་མཐར་སྐྱེས་པས། །འབད་པ་གཞན་ཀུན་དོན་མེད་དུ། །མཐོང་ནས་དབེན་པའི་ནགས་ཁྲོད་ཆེར། །ངེས་ལེགས་གོ་འཕང་བསྙེན་པར་མཛོད། །འདི་ན་ཐུན་མོང་ཐུན་མིན་གྱི། །ལམ་གནད་མདོ་ཙམ་འཆད་པས་ཀྱང་། །དཔྱོད་ལྡན་དགྱེས་པ་བསྐྱེད་མོད་ཀྱི། །བླུན་པོ་གཞན་དག་དེ་ལྟར་མིན། །ཅི་ཕྱིར་ཚེ་གཅིག་གྲུབ་པའི་སར། །གཤེགས་བྱེད་རྡོ་རྗེའི་རྣལ་འབྱོར་ལས། །ཁམ་རེའི་ཟས་ལ་འདོམས་པའི་དུས། །ཟབ་མོའི་ཚིག་གིས་ཅི་བྱར་ཡོད། །འོན་ཀྱང་རང་སེམས་དགེ་བ་ཡི། །སྤྱོད་ཡུལ་ཉེས་པ་མེད་གསུངས་ཕྱིར། །གཞན་ལ་ཕན་ཕྱིར་སྨྲས་པ་ཡི། །ཚུལ་འདི་དོན་མེད་མ་གྱུར་ཅིག །རིམ་དགུའི་ཐེག་པའི་ཀུན་གསལ་ཡངས་པ་ལས། །མདོར་བསྡུས་གཏམ་གྱི་ཟླ་ཤེལ་གཡོ་བ་ཡིས། །གཟུར་གནས་དཔྱོད་ལྡན་ཀུནྡའི་མིག་ཕྱེ་ནས། །འགྲོ་ཀུན་ཐམས་ཅད་མཁྱེན་པའི་ས་བརྙེས་ཤོག །ཅེས་ཐེག་པའི་རྣམ་དབྱེ་གསལ་བར་བྱེད་པའི་གཏམ་


JKT002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་ངུ་རྣམ་གསལ་འདི་ཡང་ཐོས་བསམ་གྱི་ཚུལ་ལ་རྣམ་དཔྱོད་འཇུག་པའི་དགེ་སློང་ཀརྨ་ཆོས་འབྱོར་ནས་ནན་ཏན་ཆེན་པོས་བསྐུལ་ངོར། རིག་འཛིན་གྱི་བཙུན་པ་གཙུག་ལག་སྨྲ་བའི་ཉི་མ་མཚོ་སྐྱེས་གཞོན་ནུའི་ལང་ཚོ་ཞེས་བགྱི་བའི་རིག་པར་སྨྲ་བས་གངས་ཅན་བོད་ཀྱི་རྡོ་རྗེ་གདན་ལྷ་གདན་སྤྲུལ་པའི་ཞིང་ཁམས་སུ་བསྐྱོད་པའི་ལམ་བར་གནས་མདོ་སྒྲོལ་མ་བྲག་གི་སྒར་དུ་གང་ཤར་ཡུད་ཙམ་ལ་གྲུབ་པར་བགྱིས་པ་ཛ་ཡནྟུ།།