ལམ་རིམ་པ་ལྔ་པ།
༈ ལམ་རིམ་པ་ལྔ་པ་བཞུགས་སོ། །ན་མོ་གུ་རུ། བདེ་གཤེགས་བཀའ་ཡི་དགོངས་པ་མི་བསླུ་བས། །བཀའ་བརྒྱུད་བླ་མ་རྣམས་ལས་རིམ་གྱིས་བརྒྱུད། རྩ་བའི་བླ་མས་གསུངས་པ་ཟབ་མོའི་ཆོས། །བདག་གིས་འགྲོ་བ་སེམས་ཅན་རྣམས་ལ་བསྟན། །ལས་ཅན་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །འཁོར་འདས་གཉིས་ཀྱི་བདེ་སྐྱིད་འདི་ལས་བྱུང༌། །ལམ་གྱི་གེགས་དང་སྐྱོན་རྣམས་སེལ་མཛད་ཅིང༌། །ཡོན་ཏན་འབྲས་བུ་ཐོབ་པ་མཛད་པ་ཡི། །རིམ་ལྔ་དམར་ཁྲིད་ལམ་རིམ་བྲི་བར་བྱ། །སེམས་བསྐྱེད་བྱང་ཆུབ་སེམས་ཀྱི་རིམ་པ་དང༌། །འཁོར་འདས་ཆོས་རྣམས་སོ་སོར་རང་སྣང་རིམ་པ་དང༌། ཉོན་མོངས་བདེ་བ་ལམ་སློང་རིམ་པ་དང༌། ཐབས་ལམ་གནད་གསུམ་གནད་ཀྱི་རིམ་པ་དང༌། །ལམ་མཆོག་འབྲས་བུ་ཕྱག་རྒྱ་ཆེན་པོའི་རིམ་པའོ། །རྗེས་ལ་བཟོད་གསོལ་བསྔོ་བ་སྨོན་ལམ་བཏབ་པར་བྱ། དེ་ལ་སེམས་བསྐྱེད་ཅེས་པ་ནི། །སེམས་བསྐྱེད་ཀྱིས་ཐམས་ཅད་བྱང་ཆུབ་ལམ་དུ་བྱེད་ན་ཡང༌། གནད་མ་འཁྱུག་པ་གལ་ཆེ་སྟེ། །བཅོམ་ལྡན་འདས་ཀྱིས་ཚད་མེད་པ་བཞིའི་སྔོན་དུ་བྱམས་པ་སྟོན་པའི་རྒྱུ་མཚན་ཡང༌། བྱམས་པའི་ཡུལ་སྤྱིར་སེམས་ཅན་ཐམས་ཅད་ཡིན་ལ། ཁྱད་པར་ཕ་དང་མ་ལ་སོགས་པ་ཕན་འདོགས་ཤིང༌། དྲིན་ཆེ་བ་རྣམས་དང༌། ཡུལ་གདུག་པ་ལ་སྐྱེ་ཡང་མི་གདུག་པ་གནོད་པ་སྐྱེལ་བ་ལ་སྐྱེ་དགོས། དེ་ལྟར་ཡིན་ཡང་གནད་འཁྱུག་པ་ནི། སྡང་བ་སྔོན་དུ་བརྗོད་ན་བྱམས་པ་ཕྱི་ལ་ལུས། གནོད་སྐྱེལ་སྔོན་དུ་བརྗོད་ན་ཕན་འདོགས་ཡལ་བར་དོར། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་པ་སྔོན་དུ་བརྗོད་ན་ཕ་རོལ་པོའི་ནུས་པ་བསྐྱེད། མི་མཐུན་པའི་ཕྱོགས་གྲུབ་པར་བྱེད་པ་སྔོན་དུ་བརྗོད་ན། ཕ་རོལ་པོའི་བསམ་པ་འཁྲུགས་ཤིང་རང་གིས་བསམ་པ་མི་འགྲུབ། མཐུ་བྱས་ཀྱང་ཁོ་ཡི་སྲུང་མར་འགྲོ་ཞིང་མཐུ་མི་འཇུག དེ་བྱང་ཆུབ་ཀྱི་སེམས་ཡིན་ཡང་རང་ལ་རྩ་ལྟུང་བཅུ་པ་འབྱུང༌། དེ་དག་གཙོར་བྱས་ཕན་འདོགས་པ་རྣམས་ཡི་འཆད་པ་ལ་སོགས་ཏེ་སྐྱོན་མང་པོ་འབྱུང་བ་ཡིན། དེ་ནས་སེམས་ཅན་ཐམས་ཅད་ཨ་མར་བསྒོམས་ན་བུ་གཅིག་པའི་མ་བཞིན་དུ་ཐམས་ཅད་བྱམས་པར་འོང༌། གཞན་ཡང་གོང་མ་རྣམས་ལ་ཕན་ཡོན་ཇི་ལྟར་འབྱུང་ན། ཡུལ་སོ་མར་འགྲོ་བ་དང༌། ས་གཉན་སར་སྡོད་པ་དང༌། མི་འདྲེ་ཅན་ཁམས་བཞིའི་ནད་ཡོད་པ་དང་འཕྲད་ཀྱང་གྲིབ་དང་གནོད་པས་རང་ལ་མི་ཚུག མི་མ་ཡིན་གདུག་རྩུབ་ཅན་རྣམས་ཀྱིས་ཚུར་ལ་ཕན་འདོགས་ཤིང་མཐུན་རྐྱེན་སྦྱོར། སེམས་བསྐྱེད་རྩ་བའི་གནད་སྒོམ་ཤེས་ན་ཕན་ཐོགས་པ་དང༌། གནོད་པ་སྐྱེལ་བ་དང༌། ཕན་གནོད་མེད་པའི་སེམས་བསྐྱེད་རྣམས་བྱང་ཆུབ་སེམས་ཀྱིས་དབང་དུ་འདུ་ཞིང་ཕན་ཐོགས་པར་འོང༌། མི་ཆེན་པོ་དང་བསོད་ནམས་ཅན་ཡང་འཁོར་དུ་འདུ། སེམས་བསྐྱེད་ཀྱིས་ཟིན་ན་ཆོས་ཐམས་ཅད་ལམ་དུ་འགྲོ། དེ་ལྟར་སེམས་བསྐྱེད་ཀྱི་སྐྱོན་དང་ཕན་ཡོན་རྣམས་ཤེས་པར་བྱའོ། །དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པ་གཉིས་ཏེ། ཀུན་རྫོབ་ནི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་ལས། བྱམས་པ་ཡུལ་ལ་ཤོར་ན་རང་གིས་བདེ་བ་མི་མྱོང༌། སྙིང་རྗེ་ཞི་བ་ལ་གནས་ན་སེམས་ཀྱི་སྡུག་བསྔལ་མི་སེལ། བྱང་ཆུབ་ཀྱི་སེམས་ཀོར་ཙེར་བསྒོམ་ན། མངའ་རིས་དང་ཡུལ་ལ་རིས་སུ་ཆད་ཅིང་འཁྲུགས་རྩོད་འོང༌། འོན་ཀྱང་གྲོགས་དབང་དུ་བསྡུ་ན་ཀོར་ཙེར་བསྒོམ་ཞིང་གནད་དུ་བསྣུན། དོན་དམ་བྱང་ཆུབ་ཀྱི་སེམས་ནི་སེམས་གསུམ་གདོད་ནས་དག་ཅིང་སྐྱེ་བ་མེད་པ་སྟོང་པ་ཉིད་བློའི་ཡུལ་ལས་འདས་པའོ། །དེ་དག་ནི་གཉིས་མ་ཡིན་ཏེ། དོན་དམ་དང་ཀུན་རྫོབ་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་སོ། །འོན་ཏེ་གསུམ་བརྗོད་པའམ་དངོས་པོར་སྣང་བ་དོན་དམ་དུ་ཅང་འོང་ངམ་སྙམ་ན་སྙིང་རྗེར་སྣང་བའི་སེམས་དེ་འདི་འདྲ་བ་གཅིག་ཡིན་བྱ་བའི་བློའི་ཡུལ་དུ་གྱུར་པའམ། བརྗོད་དུ་མེད་པས་ན་དོན་དམ་མོ། །རིམ་པ་ཞེས་པ་ནི། དགེ་བ་ཅི་བྱེད་ཀྱི་སྔོན་དུ་སེམས་བསྐྱེད་འགྲོ་བ་དང༌། བྱམས་པ་ནས་དོན་དམ་གྱི་བར་དུ་རིམ་གྱིས་བསྒྲོད་པས་ན་རིམ་པའོ། །གཉིས་པ་འཁོར་འདས་ཀྱི་ཆོས་ཞེས་པ་ནི། འཁོར་བ་ན་འགྲོ་བ་རིགས་དྲུག་གི་བདེ་སྡུག་དང༌། མྱ་ངན་ལས་འདས་པའི་བདེ་བ་ཐམས་ཅད་སོ་སོར་སྣང་བ་ཡིན་ལ། ལས་དགེ་སྡིག་གང་བྱས་ཀྱི་རྣམ་པར་སྨིན་པ་དང༌། དབང་འབྲས་རང་སྣང་དུ་འཆར་བ་ཡིན་ཏེ། དེ་ལྟར་ཡིན་པར་ཡང་ཆུ་གཅིག་ལ། དམྱལ་བས་ཐལ་ཚན་གྱི་ཆུ་བོར་མཐོང༌། ཡི་དྭགས་ཀྱིས་རྣག་ཁྲག་དང་ངན་སྐྱུག་ལ་སོགས་པར་མཐོང༌། དུད་འགྲོ་ལ་གནས་གང་དུ་སྐྱེས་པ་དེའི་སྣང་བ་འདམ་རྫབ་ལ་སོགས་པར་མཐོང༌། མི་ལ་ཆུ་བོར་མཐོང༌། ལྷས་བདུད་རྩིར་མཐོང༌། འདི་ལ་སྣང་ཡུལ་སེམས་སུ་འདོད་པ་ཡོད་དེ། སྣང་ཡུལ་སེམས་མ་ཡིན། སྣང་ཡུལ་ཇི་ལྟར་སྣང་བ་བཞིན་དུ་སེམས་དེ་ལྟར་སྣང་བ་ཡིན། གལ་ཏེ་སྣང་ཡུལ་སེམས་ཡིན་ན། མི་ཤི་བ་ལྟར་སྐྱེས་པའི་དུས་ན་མི་ཡུལ་གྱི་སྣང་བ་འབྱུང་དགོས་ཏེ་མི་འབྱུང༌། ལྷའི་སྣང་བར་སྣང་བས་ན་དེས་ཤེས། འོ་ན་དེ་གཉིས་གཅིག་གམ་ཐ་དད་སྙམ་ན། དེ་གཉིས་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་ཏེ། སྣང་སེམས་འཕྲོས་པའི་དུས་སུ་གཅིག་པ་བཞིན་སྣང་ཡང་གཅིག་པ་མ་ཡིན། ཡུལ་ཇི་ལྟར་ཡོད་ཀྱང་ཡུལ་སེམས་མ་འཕྲོད་ཙམ་ན་གཅིག་ཀྱང་མི་སྣང༌། དེས་ན་སེམས་ཅན་ལ་མ་དག་པར་འཁྲུལ་པ་ཡི་སྣང་བ་རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དག་པའི་སྣང་བ་ཞེས། སློབ་དཔོན་ཆེན་པོ་བཱིར་ཝཱ་པས་སོ་སོའི་སྣང་བ་ཡིན་པར་གསུངས། དེ་ཡང་སྡིག་པ་མི་དགེ་བའི་ལས་དང༌། དཀར་པོ་དགེ་བའི་ལས་གཉིས་ཀྱི་སྣང་ཡུལ་སོ་སོ་ཡིན། དེ་ལ་སེམས་ཅན་ཐམས་ཅད་ཀྱི་རང་སེམས་ཁམས་རང་བཞིན་རྣམ་དག་ཡིན་པར་མ་རིག་པས། མ་རིག་པའི་དབང་གིས་ང་དང་བདག་ཏུ་བཟུང༌། གཟུང་འཛིན་རྟོག་པའི་འཁྲུལ་པས་ཉོན་མོངས་པ་བསྐྱེད། དེས་ཀུན་ནས་བསླང་ནས། མི་དགེ་བའི་ལས་སྤྱད་ནས། འབྲས་བུ་རིགས་དྲུག་གི་རྩིས་ལ་འཁོར་བའི་སྡུག་བསྔལ་དུ་བསྐོར་བས་མ་དག་པའི་སྣང་བའོ། །གཞི་ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་བ་དང་འབྱུང་བ་ལས་གྱུར་པའོ། །རྩ་དང་འཁོར་འདས་གཉིས་ཀྱི་ཡི་གེ ལུས་ཀྱི་གནས་གང་དང་གང་དུ་རླུང་སེམས་འདུས་པས། ཉམས་འདི་འབྱུང་ལ་འདི་མི་འབྱུང་བ་མེད་པས་ན། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བའོ། །བདེ་བར་གཤེགས་པ་སྒྲིབ་པ་ཐམས་ཅད་དག་པས་ཤེས་བྱ་མ་ལུས་པ་མཁྱེན་པ་ནི་དག་པའི་སྣང་བའོ། །དེ་ལས་ཐམས་ཅད་མཁྱེན་པས་ཡུལ་འཁྲུལ་པ་སྣང་བ་རྫུན་པ་ཅན་འདི་མཁྱེན་ནམ་མི་མཁྱེན། མི་མཁྱེན་ན་ཐམས་ཅད་མཁྱེན་པ་མ་ཡིན་ལ། མཁྱེན་ན་ཡུལ་འཁྲུལ་སྣང་ལ་འཁྲུལ་སྣང་དུ་མཁྱེན་ནམ། འཁྲུལ་སྣང་མ་ཡིན་པར་མཁྱེན། དང་པོ་ལྟར་ན་ཡུལ་ལ་ཇི་ལྟར་ཡོད་པ་བཞིན་དུ་མཁྱེན་ཡང་འཁྲུལ་པ་ཅན་དུ་མི་འགྱུར་ཏེ། ཆོས་ཐམས་ཅད་རང་སྣང་ཡིན་པའི་ཕྱིར། སངས་རྒྱས་ལ་དག་པའི་སྣང་བ་ཡེ་ཤེས་སུ་སྣང་བས་འཁྲུལ་པར་མི་འགྱུར། སྨན་པ་མཁས་པས་ནད་པ་ལ་ནད་ཇི་ལྟར་ཡོད་བཞིན་དུ་ཤེས་ཀྱང༌། སྨན་པས་ནད་མི་མྱོང་བ་བཞིན་ནོ། །གཉིས་པ་འཁྲུལ་པ་ཅན་དེས་འཁྲུལ་པ་ལ་འཁྲུལ་པར་མ་ཤེས་པས་འཁྲུལ་པ་དེ། དག་པའི་སྣང་བ་ལ་བསྒྲིལ་མི་ཉན། ཅི་ནས་ཡུལ་སྡུག་པ་དང་མི་སྡུག་པ་དང་བར་མ་གསུམ་སེམས་ཅན་འཁྲུལ་པ་ཅན་གྱིས་མཐོང་ནས་ཆགས་སྡང་རྨོངས་གསུམ་སྐྱེ་བ་ཡིན་ལ། སངས་རྒྱས་ལ་འཁྲུལ་པ་མེད། སངས་རྒྱས་ལ་ཉོན་མོངས་པ་མི་མངའ་བས་སོ། །དེ་ཡང་སྣང་བ་ཡུལ་དུ་ཤོར་ན་ཉོན་མོངས་པ་སྐྱེ་བས། སྣང་བ་རང་སེམས་ཕྱག་རྒྱ་ཆེན་པོར་མྱོང་བར་བྱའོ། །ཕྱག་རྒྱ་ཆེན་པོ་མྱོང་བ་ཡིན་ན་ཉོན་མོངས་པ་མ་ཡིན། ཉོན་མོངས་སུ་མྱོང་བ་ཡིན་ན་ཕྱག་རྒྱ་ཆེན་པོ་མ་ཡིན། དེས་ན་བསྒོམ་དགོས་པ་ཡིན། བསྒོམས་ནས་ཀུན་གཞི་རང་བཞིན་རང་རིག་ཆོས་སྐུར་མྱོང་ཙམ་ན། རྣམ་ཤེས་བདུན་པོ་ཡུལ་ཅན་གྱིས་དབང་དུ་བསྡུས་པ་ཡིན་པ་ལས། དེ་རང་དག་ནས་འོང༌། དེ་ཡང་རླུང་ཞི་ནས་མེད་ཙ་ན་རྣམ་ཤེས་ཞི་སྟེ། ཉོན་མོངས་ཅན་གྱི་ཡིད་བག་ལ་ཞ་ཙམ་ན། སྒོ་ལྔ་རྟོག་མེད་ཡིན་ལ། ཀུན་གཞིའི་རང་བཞིན་སྟོང་པ་ཉིད་དེ་རང་གིས་མྱོང་ཙམ་ན། ཆོས་རྣམས་རང་སེམས་རིག་པའི་ངང་དུ་འདུ། རང་སྣང་ཕྱག་རྒྱ་ཆེན་པོར་མྱོང་ནས་གཞན་སྣང་དབང་དུ་འདུ། དེ་ལྟར་ཡིན་པ་འཕགས་པ་སྡུད་པ་ལས། རྒྱལ་པོ་གྲོང་དུ་མི་འགྲོ་ཡུལ་འཁོར་མི་འགྲོ་ལ། །རང་གིས་ཡུལ་ནས་འདུ་བ་ཐམས་ཅད་སྡུད་པ་ལྟར། །བྱང་ཆུབ་སེམས་དཔའ་ཆོས་ཉིད་གང་དུ་ཡང་མི་འགྲོ་ལ། །སངས་རྒྱས་ས་ཡི་ཡོན་ཏན་གང་བྱུང་ཐམས་ཅད་སྡུད། །ཅེས་གསུངས་སོ། །སྣང་བ་རང་སྣང་དུ་རྟོགས་པས་ཕྱི་བཟུང་བའི་ཡུལ་དང༌། ནང་འཛིན་པའི་སེམས་དང༌། དངོས་པོར་འཛིན་པ་ཐམས་ཅད་དང༌། ནང་སེམས་གཉིས་སུ་མེད་པར་རང་སྣང་འོད་གསལ་དུ་ཤར་ཙམ་ན་བག་ཆགས་ཀྱི་སྣང་བ་འདག རི་དང་རྩིག་པ་ལས་ཐལ་བ་དངོས་པོ་ཐམས་ཅད་ལ་ཐོགས་པ་མེད་པ་ནི། རི་དང་རྩིག་པ་ལ་སོགས་པའི་དངོས་པོ་ཐམས་ཅད་མེད་པར་སོང་བ་མ་ཡིན་ཡང༌། སེམས་གཟུང་བ་དང་འཛིན་པའི་དངོས་པོར་རྟོག་པ་མེད་ན་འོད་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པ་གཞན་མེད་པའོ། །གསུམ་པ་ཉོན་མོངས་པ་བདེ་བ་ལམ་སློང་ཞེས་པ་ནི། སྤྱིར་དྲུག་རྩ་བའི་ཉོན་མོངས་ཉི་ཤུ་ཉེ་བ་ལ་སོགས་པ་མང་གིས་ཀྱང༌། དེ་དག་གི་རྩ་བ་ཉོན་མོངས་པ་ལྔ་ཡིན། དེ་མ་རྟོགས་པ་ཉོན་མོངས་པར་སྣང་བ་ཡིན། རྟོགས་ན་སྐུ་དང་ཡེ་ཤེས་ཡིན་པས། དེ་ཡང་སྐུ་ནི་རིགས་ལྔ་ཡིན་ཏེ་ཞེ་སྡང་མི་བསྐྱོད་པ། ང་རྒྱལ་རིན་ཆེན་འབྱུང་ལྡན། འདོད་ཆགས་སྣང་བ་མཐའ་ཡས། ཕྲག་དོག་དོན་ཡོད་གྲུབ་པ། གཏི་མུག་རྣམ་པར་སྣང་མཛད། ཉོན་མོངས་པ་ལྷ་སྐུར་ལམ་དུ་སློང་བའོ། །ཡང་ཞེ་སྡང་མེ་ལོང་ལྟ་བུའི་ཡེ་ཤེས། ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས། ཕྲག་དོག་བྱ་བ་ནན་ཏན་གྱི་ཡེ་ཤེས། གཏི་མུག་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེས་ན་ཞེ་སྡང་མེད་ན་ཆོས་སྐུ་མེད། ང་རྒྱལ་མེད་ན་ཡོན་ཏན་མེད། འདོད་ཆགས་མེད་ན་བདེ་བ་མེད། ཕྲག་དོག་མེད་ན་ཕྲིན་ལས་མེད། གཏི་མུག་མེད་ན་ཆོས་དབྱིངས་མེད་པས། དེ་དག་མི་སྤང་བར་སྐུ་དང་ཡེ་ཤེས་སུ་སོ་སོར་རིག་པར་ཤེས་པར་བྱའོ། །ཉོན་མོངས་ལྔ་སྐྱེ་བའི་ཡུལ་ལྔ་སེམས་ཡིན་པས། སེམས་ཡེ་ཤེས་སུ་ཤེས་པར་བྱའོ། །ཞེ་སྡང་མེད་ན་ཞེ་སྡང་ཅན་དང་དྲག་པོ་མི་ཐུལ། ང་རྒྱལ་མེད་ན་ཡོན་ཏན་མེད་ཅིང་ང་རྒྱལ་ཅན་མི་ནོན། འདོད་ཆགས་མེད་ན་བདེ་བ་མེད་ཅིང་འདོད་ཆགས་ཅན་དབང་དུ་མི་འདུ། ཕྲག་དོག་མེད་ན་ཕྲིན་ལས་མེད་ཅིང་གཟེ་རེ་ཟུག་རྔུ་ཅན་ཟིལ་གྱིས་མི་ནོན། གཏི་མུག་མེད་ན་ཆོས་དབྱིངས་མེད་ཅིང་གཏི་མུག་ཅན་ལ་ཤེས་རབ་མི་སྐྱེའོ། །ཞེ་སྡང་གསལ་སྟོང་ཅན་ཉམས་སུ་མྱོང་ན། ཞེ་སྡང་ཅན་འཁོར་དུ་འདུ་ཞིང༌། ཞེ་སྡང་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ཞེ་སྡང་ཅན་ལ་གསལ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་ནུས། །ང་རྒྱལ་ནི་སེམས་ཅན་གྱི་སེམས་དང་རང་གི་སེམས་མཉམ་པ་ཉིད་དུ་ཉམས་སུ་མྱོང་ན། ང་རྒྱལ་ཅན་འཁོར་དུ་འདུ་ཞིང༌། ང་རྒྱལ་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ང་རྒྱལ་ཅན་ལ་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་སྐྱེ་བར་ནུས། འདོད་ཆགས་བདེ་སྟོང་དུ་ཉམས་སུ་མྱོང་ན། འདོད་ཆགས་ཅན་འཁོར་དུ་འདུ་ཞིང༌། འདོད་ཆགས་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། འདོད་ཆགས་ཅན་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་ནུས། ཕྲག་དོག་ལ་དགའ་སྟོང་ཉམས་སུ་མྱོང་ན། ཕྲག་དོག་ཅན་འཁོར་དུ་འདུ་ཞིང༌། ཕྲག་དོག་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། ཕྲག་དོག་ཅན་ལ་བྱ་བ་ནན་ཏན་གྱི་ཏིང་ངེ་འཛིན་སྐྱེ་བར་ནུས། གཏི་མུག་ཆོས་དབྱིངས་སུ་ཉམས་སུ་མྱོང་ན། གཏི་མུག་ཅན་འཁོར་དུ་འདུ་ཞིང༌། གཏི་མུག་ཅན་གྱིས་ཞབས་ཏོག་བྱེད་པར་འོང༌། གཏི་མུག་ཅན་ལ་ཆོས་ཀྱི་དབྱིངས་ཀྱི་ཏིང་ངེ་འཛིན་སྐྱེ་བར་ནུས་སོ། །དེ་ལྟར་ཉོན་མོངས་པ་ལྔ་ལས་གོ་བཟློག་པའི་སྦྱོར་བ་གོང་དུ་ཞིབ་པར་བསྟན་ན་ཡང༌། ཁྱད་པར་དུ་ཉོན་མོངས་པ་འདོད་ཆགས་ནི་དང་པོ་སྐྱེ་སྔ་ཞིང་བར་དུ་ཡང་སྤང་དཀའ། དེ་ཡང་བསམ་གཏན་བཞི་ནས་འདོད་ཁམས་ལྷ་གནས་དང༌། མི་ཡུལ་གླིང་དུ་བབས་པའི་སེམས་ཅན་རྣམས་ལ། དངོས་པོ་ཉོན་མོངས་པ་འདོད་ཆགས་སྔོན་དུ་སྐྱེ། འཁྲིག་པའི་སྦྱོར་བས་འཁོར་བའི་ཡུལ་རྣམས་བླངས་ཏེ། ལྷའི་ཏིང་ངེ་འཛིན་གྱི་དགའ་བདེ་སྤངས་ནས། འདོད་པའི་ཁམས་སུ་རྟོག་པ་རགས་པ་སྐྱེས་པས་ལེན། འདོད་ཆགས་ཟག་པ་མེད་པའི་བདེ་བ་ལས་དེ་མ་ཤེས་པས་ཟག་པ་ཟུག་རྔུ་གཉིས་སུ་སོང་བ་ཡིན་ཏེ། དེ་ཉིད་ཡེ་ཤེས་ཡིན་པས་ལམ་དུ་སློང་ཚུལ་བསྟན་པ་ནི། ཐེག་པ་ཆེན་པོ་གསང་སྔགས་ནས་གསུངས་ཏེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས། སྐྱེ་བོ་འདོད་ཆགས་ཅན་དོན་དུ། །དེ་ཡི་བྱེད་པ་རྡོ་རྗེ་སེམས། །ཞེས་དང༌། རྣལ་འབྱོར་མ་བླ་ན་མེད་པའི་རྒྱུད་ལས། ཇི་ལྟར་མེ་ཡིས་ཚིག་པ་ལས། །སླར་ཡང་མེ་ལ་གདུང་བར་བྱ། །རྣ་བའི་ནང་དུ་ཆུ་སོང་བས། །ཆུ་གཞན་དག་གིས་འབྱུང་བར་བྱ། །ཞེས་པ་དང༌། །གཞན་ཡང་ཁྱེའུ་འབྱིན་པར་བྱེད། །དྲི་མས་དྲི་མ་འཁྲུད་པར་བྱེད། །ཅེས་གསུངས་པས། དེ་ལ་དྲི་མ་ནི། འདོད་ཆགས་ཟག་པ་ཟུག་རྔུ་དང་བཅས་པ་དེ་ཡིན་ལ། ཞི་བའི་སྟོང་པར་བསྒོམས་པས་དག་པ་མ་ཡིན་ཏེ། འདོད་ཆགས་ཟུག་རྔུ་དང་བཅས་པ་དེ་ཉིད་བདེ་བའམ་སྟོང་པ་ཡིན་པར་རྟོགས་པས་འདག་གོ །དེ་ལམ་དུ་སློང་ཚུལ་ནི། རྗེ་ནཱ་རོ་པའི་ཞལ་ནས། རིག་མ་མཚན་ལྡན་ཡུལ་གྱི་གནད། །ཅེས་གསུངས་པས། ཆགས་ལམ་པ་ལ་རིག་མ་དངོས་ཡིན་ལ། གྲོལ་ལམ་པ་ལ་ནི་ཡིད་ཀྱི་རིག་མ་གཟུགས་མཛེས་པ་ཡིན། དེ་ཡང་འདོད་ཆགས་སྐྱེ་བའི་ཡུལ་མངོན་དུ་གྱུར་པའམ། ཡིད་ཀྱི་ཡུལ་དུ་གྱུར་པ་ལ། འདོད་ཆགས་ཀྱི་རྟོག་པ་སྐྱེས་པ་དེ་ཉིད་བདེ་སྟོང་དུ་མྱོང་བར་བསྒོམ་པར་བྱའོ། །དེ་ལྟར་མྱོང་ན་འདོད་ཆགས་བདེ་བར་ལམ་སློང་བ་ཡིན། ཉོན་མོངས་གཞན་ཡང་ཞེ་སྡང་ཞེ་སྡང་གིས་སྟོང༌། ང་རྒྱལ་ང་རྒྱལ་གྱིས་སྟོང༌། ཕྲག་དོག་ཕྲག་དོག་གིས་སྟོང༌། གཏི་མུག་གིས་གཏི་མུག་སྟོང༌། དེ་ལྟར་ཆོས་སོ་སོར་རང་རང་གིས་སྟོང་པར་ཤེས་པ་ཡིན། ཉོན་མོངས་བདེ་བ་ལམ་སློང་བ་ནི་རིམ་པའོ། །བཞི་པ་ཐབས་ལམ་ཞེས་པ་ནི། ཐབས་ལམ་རིམ་པ་གསུམ་གྱི་གཞི་ལ། གནད་བཞིན་ཉམས་སུ་ལེན་པ་ནི། ཐབས་དེ་རང་སྒོམ་པ་ནི་ལམ་མོ། དེ་ལ་གནས་ཐབས་གསུམ་ནི། དང་པོའི་གནས་ཐབས། ལམ་གྱི་གནས་ཐབས། འབྲས་བུ་སྐྱེ་བའི་རིམ་པའོ། །དང་པོ་ལུས་ཀྱི་རྩ་དང་ཡི་གེ་དང་ཐིག་ལེ་དང་རླུང་ལས་ལུས་རིལ་པོ་སྐྱོན་མེད་པ་ནི། སྒོམ་པ་ཡུལ་གྱི་གནས་ཐབས། སེམས་རིག་པ་དང་སྟོང་པ་དབྱེར་མེད་དུ་ལུས་ལ་གནས་པ་ནི། བསྒོམ་རྒྱུ་དོན་ངོ་བོ་ཡི་གནས་ཐབས་སོ། །ལམ་གྱི་གནས་ཐབས་ལ་གཉིས་ལས་དང་པོ་ལམ་གྱི་གནས་ཐབས་དངོས་ནི། རླུང་མེད་ན་གཏུམ་མོ་མི་འབར་རླུང་བཟུང་བས་གཏུམ་མོ་འབར། གཏུམ་མོ་འབར་བས་ཧྃ་དྲོས་དེས་བདེ་བ་སྐྱེ། དེས་ཁམས་ཞུ་ནས་ཐིག་ལེ་འཕེལ་ཞིང་རྒྱས། དེས་རྟོགས་པ་མཚན་ཉིད་པ་སྐྱེ། དེས་ནི་སེམས་ཀྱི་དངོས་ཉིད་མཐོང༌། ངོ་བོ་མཐོང་ན་མྱ་ངན་ལས་འདས་པའི་ས་ལ་གནས་པ་དེ་ལྟར་ཡིན་པར་ཡང༌། རྗེ་བཙུན་མི་ལ་དང༌། རྗེ་སྒམ་པོ་པ་མཇལ་བའི་དུས་སུ། སྒམ་པོ་པས་ཏིང་ངེ་འཛིན་བཟང་པོ་ཡོད་པའི་ཉམས་ཕུལ་བ་ལས། དེ་ལྟ་བུའི་ཉམས་ལྟང་ལྟིང་མ་བསྒོམ་པར། ང་ཡི་གཏུམ་མོ་སྲོག་རྩོལ་བསྒོམ་གསུངས། བཀའ་གདམས་པ་ལ་ཡང་རྫོགས་རིམ་སྒོམ་པ་ཡོད་ཞུས་པས། དེ་ཀུན་བརྟགས་དཔྱད་ཀྱི་ཏིང་ངེ་འཛིན་བྱ་བ་ཡིན་ཏེ། བརྟགས་ཤིང་དཔྱད་ནས་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་སྙམ་པའི་བརྟགས་ཤིང་དཔྱད་པའི་སྒོམ་ཡིན། དེས་ན་སེམས་ཀྱི་རྟ་རླུང་ཡིན། རླུང་བཟུང་ན་རྟོག་མེད་སྐྱེ། དེས་ན་སེམས་ཀྱི་ངོ་བོ་སྤྲོས་བྲལ་ཡིན་ནོ། །བདེ་གསལ་ཆོས་ཀྱི་སྐུ་མཐོང༌། དེ་ལ་གོམས་ཤིང་འདྲེས་ཙམ་ན། ས་ཕྱེད་དང་བཅུ་གསུམ་མམ་ས་བཅུ་རྒྱུན་གྱི་ཐ་མ་ལ་ཆོས་སྐུ་མངོན་དུ་གྱུར་ནས་སངས་རྒྱས། དེ་སངས་མ་རྒྱས་ཀྱང་འཆི་བའི་འོད་གསལ་དང༌། བསྒོམས་པའི་འོད་གསལ་གཉིས་གཅིག་ཏུ་གྱུར་ནས་བར་དོའི་གྲོང་ཁྱེར་མི་མཐོང་སྟེ། བར་དོ་སྒྱུ་མའི་ལུས་འཆར་བའི་དོད་དུ། ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུར་འགྲོ་བའི་དོན་དུ་སངས་རྒྱས། དེས་ན་གཏུམ་མོ་བསྒོམ་པ་གལ་ཆེ་གསུངས། རྨི་ལམ་མེད་ན་སྒྱུ་ལུས་མི་འབྱུང་ངོ༌། །རྨི་ལམ་བཟུང་ན་སྒྱུ་ལུས་འབྱོངས། སྒྱུ་ལུས་འབྱོངས་ན་མེ་དང་ཆུ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལ་ཡ་མི་ང༌། རྨི་ལམ་གྱི་ཤེས་པས་རིགས་དྲུག་གི་གནས་སྦྱོང་བ་དང༌། ཡུལ་གཞན་དུ་འགྲོ་བར་འདོད་པ་དང༌། སངས་རྒྱས་ཀྱི་ཞིང་ཁམས་གཞན་འདམ་དུ་འགྲོ་བ་དང༌། བླ་མ་དང་སངས་རྒྱས་དང༌། ཡི་དམ་གྱི་ལྷ་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་བལྟ་བ་དང༌། ཆོས་ཞུ་བ་ལ་སོགས་པ་དེ་རྣམས་ཐམས་ཅད་སྒྱུ་མའི་ལུས་ཀྱིས་བགྲོད་པར་ནུས་པ་ལ་སོགས་པ་ཇི་ལྟར་འདོད་པ་བཞིན་དུ་འབྱུང་བ་ནི། སྐྱེ་ཤི་བར་དོ་རྣམ་སྨིན་གྱི་ལུས་དབང་པོ་འགག་པའི་ཤེས་པ་དེ་སྒོ་ལྔ་སུབ་པས་གཉིད་དུ་སོང༌། རྨི་ལམ་སྒྱུ་ལུས་སུ་གྲོང་ཁྱེར་དུ་རང་རིག་རྣམ་པར་ཤེས་པ་དེ། རྨི་ལམ་རང་གཟུགས་གྲོང་དུ་འཁྱམས། དྲན་པས་ཟིན་ཅིང་སྒྱུ་ལུས་འབྱོངས་ཙམ་ན། སྔར་བཞིན་ཇི་ལྟར་འབྱུང་བ་དང༌། སྒྱུ་ལུས་འོད་གསལ་དུ་འཕོ་ནུས་པ་དང༌། འོད་གསལ་སྒྱུ་ལུས་སུ་འཆར་བ་ནི། དེ་གཉིས་སུ་མེད་པས་ཟུང་འཇུག་ལ་སྒོམ་པར་བྱེད་པ་སྟེ། དེ་ནི་སློབ་པའི་ཟུང་འཇུག་གོ །མི་སློབ་པའི་ཟུང་འཇུག་མཐར་ཕྱིན་པ་དང༌། ལུས་འཇའ་ཚོན་ལྟར་འཇའ་ལུས་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། གཉིད་མེད་ན་འོད་གསལ་མི་ཟིན། གཉིད་རང་འདི་འདྲ་བ་གཅིག་ཡིན་བྱ་བར་བརྗོད་དུ་མེད་ཀྱང་ཤེས་པས་མྱོང་ཡིན་འདུག་པས། གཉིད་སྣང་མེད་འོད་གསལ་ཡིན། སྣང་བ་ལ་གསུམ་གྱི་རིམ་པ་ལ་བརྟེན་ནས། འོད་གསལ་བཟུང་བ་ནི། གཏི་མུག་གཉིད་ཀྱི་ལྕགས་ཀྱུ་དེས། །འོད་གསལ་གཉིད་ཀྱི་གླང་པོ་བཟུང༌། །བྱ་བ་ཡིན་ཏེ། དེ་ཡང་བན་གླང་མེ་དང་ལྕགས་ཀྱུ་དང༌། སྐྱེས་བུ་མེད་ན་གླང་པོ་ཆེ་སྟོབས་ཆེ་བ་ཡིན་པས་བཟུང་མི་ནུས་ལ་དེ་གསུམ་ཡོད་ན་འཛིན་ནུས་པ་བཞིན་དུ། གླང་པོ་ཆེ་དང་འདྲ་བའི་རྣམ་པར་ཤེས་པ་སྣང་བ་དང་རྟོག་པ་འཕྲོ་བ་དེ་བཟུང་བར་མི་ནུས་པར། གཉིད་ཀྱི་དབང་པོ་འགགས་པས་སྣང་བ་གསུམ་གྱི་རིམ་པས། སྣང་བ་རྟོག་པའི་ཕྲ་རག་ཐིམ་པས་འོད་གསལ་འཆར་བ་ངོས་ཟིན་ན། དེ་ལ་ལོ་དང་ཟླ་བར་སྦྱངས་པས་འོད་གསལ་གྱི་མེས་ལོག་རྟོག་དང་སྒྲིབ་པ་ཐམས་ཅད་བསྲེགས་པས། མངོན་པར་སངས་རྒྱས་པ་དེ་ལྟར་ཡིན་པར་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱིས་བསྟོད་པ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །གཞན་ཡང་དྲི་མ་རྣམ་མང་བ། །བྱང་ཆུབ་སྙིང་པོར་གཤེགས་པའི་ཚེ། །ཁྱོད་ཀྱི་ཡེ་ཤེས་མེ་ཡིས་བསྲེགས། །ཞེས་གསུངས་པས། འོད་གསལ་འདི་སངས་རྒྱས་ཀྱི་ཡེ་ཤེས་ཡིན་ནོ། །འཕོ་བ་སྒྱུ་ལུས་བསྒོམས་པ་དང་ནི། རླུང་སེམས་གཉིས་ལ་དབང་ཐོབ་པ་ལས་བྱུང་བ་ཡིན། རླུང་བཟུང་བས་སྒྱུ་ལུས་འབྱོང་བ་ལ་ཚེགས་མེད་པ་ཡིན་ནོ། །བར་དོ་ནི་འཆི་བའི་རྟགས་ལྔ་ལ་བརྟེན་ནས་འོད་གསལ་ངོས་འཛིན། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཅིག་གིས་བར་དོ་ངོས་འཛིན། དེས་ན་བར་དོའི་གདམས་པ་ཡིན་ནོ། །དེ་རྣམས་ནི་ཞིབ་ཏུ་བླ་མའི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་གནད་བཞི་བསྟན་པ་ནི། སྣང་སྲིད་འཁོར་འདས་བེམ་རིག་གཉིས་ཀྱིས་བསྡུས་པ་དང༌། ལུས་ངག་ཡིད་གསུམ་ལ་བརྟེན་ཏེ་སྣང་བ་དང་རྟོག་པ་ཐམས་ཅད་ཐབས། དེ་ཉིད་གནད་བཞིའི་ཉམས་སུ་ལེན་པ་ལམ་མོ། །དེ་ལ་དུས་ཀྱི་གནད་སྣང་བ་དང་རྟོག་པ་ནམ་སྐྱེས་པའི་དུས་སུ་ལུས་ཀྱི་གནད་དཀྱིལ་ཀྲུང་ངམ་ཙོག་པུ་ལ་སོགས་པ་གང་བདེར་གནས་པར་བྱ། ཡུལ་གྱི་གནད་ནི་རྗེ་ནཱ་རོ་པའི་ཞལ་ནས། སྣང་བ་དཀར་དམར་ཡུལ་གྱི་གནད། །ཅེས་གསུངས་པས། སྣང་བ་དང་རྟོག་པ་ཡུལ་གང་ལ་སྐྱེས་པ་དེ་ཡུལ་ཡིན་ལ། ཤེས་པའི་གནད་ནི་སྣང་བ་དང་རྟོག་པ་དེ་རང་གི་སེམས་ཡིན་པས་དེ་ཉིད་ཐབས། ཐབས་དེ་དག་སོ་སོ་རང་རང་གིས་སྟོང་པར་ཤེས་པ་ཤེས་རབ། དེ་གཉིས་སུ་མེད་པ་ཐབས། ཤེས་རབ་ཟུང་དུ་འཇུག་པ་ནི། ཤེས་པའི་གནད་ཡིན། དེ་ནི་ལམ་གྱི་གནས་ཐབས་སོ། །འབྲས་བུ་སྐྱེ་བའི་རིམ་པ་ནི། ཆོས་ཐམས་ཅད་གཉིས་མེད་ཀྱི་ཡེ་ཤེས་སུ་རྟོགས་ཤིང་ཉམས་སུ་མྱོང་ན། སྐུ་དང་ཡེ་ཤེས་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡོན་ཏན་དུ་འཆར་བས་རང་གཞན་གཉིས་ཀྱི་དོན་གྲུབ་པ་ནི་འབྲས་བུ་སྐྱེ་བའི་རིམ་པའོ། །རིམ་པ་ནི་དང་པོ་དངོས་པོའི་གནས་ཐབས་ཀྱིས་གཏན་ལ་ཕབ། བར་དུ་ལམ་གྱི་གནས་ཐབས་ཀྱིས་ཉམས་སུ་བླངས། ཕྱིས་ནས་ཡོན་ཏན་སྐྱེ་བའི་རིམ་པའོ། །ལྔ་པ་ལམ་མཆོག་ཅེས་པ་ནི། ལམ་ལྔ་ཡོད་པའི་ནང་ནས་འདི་ཡི་གོང་ན་གཞན་མེད་པས་ན་ལམ་མཆོག་གོ །འབྲས་བུ་ནི་ཐེག་པ་ཆེན་པོ་གསང་སྔགས་ནས་འབྲས་བུ་ལམ་དུ་བྱེད་པར་གསུངས་པས། འདི་ཉིད་མངོན་དུ་གྱུར་པ་མ་ཡིན་པ། འབྲས་བུ་གཞན་ནས་ཐོབ་རྒྱུ་མེད་པས་འབྲས་བུ་ལ་ལམ་གྱི་བརྡའི་མིང་གིས་བཏགས་པ་ཡིན། འོ་ན་འབྲས་བུ་དེ་གང་ཡིན་ཞེ་ན་ཕྱག་རྒྱ་ཆེ་ཞེས་པས། ཕྱག་གཉིས་སུ་མེད་པའི་ཡེ་ཤེས་དེ་རྒྱ་འཁོར་འདས་ཆོས་ཅན་ཆོས་ཉིད་ལ་སོགས་པའི་ཆོས་ཇི་སྙེད་ཅིག་ཡོད་ཀྱང་གཉིས་མེད་ཀྱི་ཡེ་ཤེས་མིན་པ་གཞན་མེད། དེ་ལས་མི་འདའ་བའི་དོན་གྱིས་རྒྱ་སྟེ། དེ་ཡི་གོང་ན་གཞན་མེད་པས་ན་ཆེན་པོའོ། །རིམ་པ་ནི། སེམས་རིག་པ་གདོད་ནས་དག་ཅིང་སྟོང་པ་འོད་གསལ་ཆོས་ཀྱི་སྐུ་དེ་ནི་ཟག་པ་མེད་པས་བདེ་སྟོང་དབྱེར་མེད་དུ་གནས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ། བདེ་སྟོང་དེ་རྟོགས་པས་སྣང་བར་ཤར་བས་སྤྲུལ་པའི་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་སྟེ། རང་ཉིད་སྐུ་བཞི་མངོན་དུ་བྱས་ཙམ་ན། གཞན་དོན་འབྱུང་བས་ན་འབྲས་བུའོ། །དཔེར་ན་ཉི་མ་ཡོད་པས་འོད་ཡོད་ལ་འོད་ཀྱིས་མུན་པ་སེལ་བ་ལྟར། ཆོས་སྐུ་ཡོད་པས་གཟུགས་སྐུ་ཡོད་ལ་གཟུགས་སྐུས་གཞན་དོན་གྲུབ་པས་རིམ་པའོ། །མཇུག་གི་དོན་ལ་གསུམ། བཟོད་གསོལ་དང༌། བསྔོ་བ། སྨོན་ལམ་མོ། །བཟོད་གསོལ་ནི། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ནི་སྐུ་དང་ཡེ་ཤེས་ལྔ་ཡི་ཡོན་ཏན་ཡང་རང་བཞིན་རྐྱེན་གྱིས་མ་སྨིན་པས་གསང་བ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རང་ཆས་སུ་ཡོད་པ་གང་གིས་ཀྱང་སྒྲིབ་པ་མེད་ཀྱང་རང་གིས་རང་ཉིད་མ་རྟོགས་པས་རང་བཞིན་གྱིས་གསང་བ་དང༌། དེ་རང་ལ་ཡོད་པས་མ་བསྟེན་པས། རྐྱེན་གྱིས་གསང་བ་ཡང་དག་པའི་བླ་མ་དང་མཇལ་ཞིང༌། བླ་མ་ལ་བསྟེན་པའི་རྐྱེན་གྱིས་གསང་བ་ལས། ད་ལན་ཏེ་ཆོས་འདི་སེམས་ཅན་རྣམས་ལ་ཡོད་པས་གཅེར་མཐོང་དུ་བསྟེན་པ་ལས་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དང༌། ཆོས་ཀྱི་བདག་པོ་དང༌། ཆོས་ཀྱི་སྲུང་མ་རྣམས་ཀྱང་ཆོས་ཀྱིས་སེམས་ཅན་ལ་ཕན་པར་དགོངས་པ་མ་ཡིན་པ་གཞན་མི་མངའ་སྟེ། འོན་ཀྱང་སྣོད་མི་ལྡན་པའམ། བླུན་པོ་གཏི་མུག་ཆེ་བ་རྣམས་ཀྱིས་མ་རྟོགས་པས། ཆོས་ཟབ་མོར་མི་སྣང་ཟེར་ནས་ཆོས་ལ་སྨད་པ་འབྱུང་བས། ཆོས་བསྟན་པ་དོན་མེད་དུ་འགྲོ་བས་མི་མཉེས་པ་འབྱུང་སྟེ། འོན་ཀྱང་རང་གི་ལུས་ངག་ཡིད་གསུམ་རྫོགས་པའི་སངས་རྒྱས་དང་ཁྱད་མེད་པར་རྟོགས་པས་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡིན་པས། དེ་ཉིད་མ་རྟོགས་པ་རྣམས་ལ་ཐུགས་རྗེ་ཆེན་པོ་ཚད་མེད་པ་སྐྱེས་པས་རང་འདོད་དང་འཇིག་རྟེན་གྱི་འཁྲི་བ་མེད་ཅིང༌། རང་ཐད་ལ་བཏང་ནས་གསུངས་པ་ཡིན་ཏེ། སེམས་ཅན་གཅིག་ཙམ་ལ་ཕན་ན། དེས་སེམས་ཅན་མང་པོ་ལ་ཕན་པས། བསོད་ནམས་ཆེ་བར་སྣང་བས་གསུངས་པ་ཡིན་པ་ལས། དོན་མ་གོ་ཞིང་ཚིག་དོན་འགལ་བ་དང༌། ནོར་འཁྲུལ་བྱུང་བ་དང་གསང་བ་བསྒྲགས་པ་ལས་མི་མཉེས་གྱུར་པ་མཆིས་ན། གོང་མ་རྣམས་ལ་བཟོད་པར་གསོལ། བསྔོ་བ་ནི། ཞིང་དང་བསམ་པ་དང་དངོས་པོ་གསུམ་ཚོགས་པ་བསྔོ་རྒྱུ། དེ་ལ་ཞིང་ནི། ཡར་གྱི་དཀོན་མཆོག་གསུམ་གྱིས་བསྡུས་པ། རྒྱལ་བ་སྲས་བཅས། བླ་མ་ཡི་དམ། དཔའ་བོ་མཁའ་འགྲོ། ཆོས་སྐྱོང་སྲུང་མ་མཆོད་འོས་ཐམས་ཅད་ལ་བརྟེན་ནས་ཚོགས་རྫོགས་སྒྲིབ་པ་འབྱང་དངོས་གྲུབ་འབྱུང་བས་ཞིང་དག མར་གྱི་འགྲོ་བ་རིགས་དྲུག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ཞིང་དག་པའོ། །བསམ་པ་སེམས་ཅན་ཐམས་ཅད་ཀྱིས་སངས་རྒྱས་ཐོབ་པར་་འདོད་པས་དག་པའོ། །དངོས་པོ་རང་གིས་དུས་གསུམ་དུ་བསགས་ཤིང་ཡོད་པའི་དགེ་བ་དང༌། ཆོས་འདི་གསུངས་པས་སེམས་ཅན་ཐམས་ཅད་ཀྱིས་རང་སེམས་སངས་རྒྱས་སུ་རྟོགས་པར་འདོད་པས་དགེ་བ་དང༌། སེམས་ཅན་ཐམས་ཅད་འཕགས་པའི་ཚོགས་ཐམས་ཅད་རང་གི་སེམས་ཡིན་ལ། སེམས་ཕྱག་རྒྱ་ཆེན་པོར་རྟོགས་པ་ནི་དངོས་པོ་རྣམ་པར་དག་པའོ། །བསྔོ་བ་འཁོར་འདས་གཉིས་ཀྱི་ཐུགས་རང་བཞིན་གྱི་སངས་རྒྱས་ཀྱི་ཐུགས་ཡིན་པར་དེ་བསྔོའོ། །བསྔོ་བའི་མཁན་པོ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་རང་གི་ལུས་ངག་ཡིད་གསུམ་ཡིན་པས། དེ་ཡང་ལུས་སྐུ་རྣམ་པར་སྣང་མཛད། ངག་གསུང་སྣང་བ་མཐའ་ཡས། སེམས་ཐུགས་མི་བསྐྱོད་པ། ང་རྒྱལ་དེ་གསུམ་གྱི་ཡོན་ཏན་རིན་ཆེན་འབྱུང་ལྡན། ཕྲག་དོག་དེ་གསུམ་གྱི་ཕྲིན་ལས་དོན་ཡོད་གྲུབ་པ། བདག་ཉིད་རིགས་ལྔ་རོ་གཅིག་དྲུག་པ་རྡོ་རྗེ་འཆང་དུ་རྟོགས་པ་ནི་བསྔོ་བའི་མཁན་པོའོ། །ཚུལ་ལམ་ཐབས་བསྔོ་རྒྱུ། བསྔོ་བ། བསྔོ་བའི་མཁན་པོ་ལ་སོགས་པ་ཐམས་ཅད་ཆོས་ཐམས་ཅད་རང་གི་སེམས། སེམས་སྐྱེ་བ་མེད་པ་འོད་གསལ་ཆོས་ཀྱི་སྐུ་ལ། བསྔོ་རྒྱུ། བསྔོ་བ། བསྔོ་བའི་མཁན་པོ་ལ་སོགས་པ་བསྔོ་བྱ་སྔོ་བྱེད་གང་དུ་ཡང་མ་གྲུབ་ཀྱང་སྣོད་ཙམ་དུ་དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག ཅེས་བསྔོ་བར་བྱའོ། །སྨོན་ལམ་ནི། བསྔོ་བའི་ནུས་པ་བསྐྱེད་པ་དང༌། ཁ་ལོ་བསྒྱུར་བ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ཐེག་པ་དམན་པ་དང་འཁོར་བའི་བདེ་སྐྱིད་ཐོབ་པར་འདོད་པ་མ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཐར་ཐུག་ཐམས་ཅད་མཁྱེན་པའི་བདེ་བ་མཆོག་དང༌། ཐུན་མོང་གི་དངོས་གྲུབ་ཚེ་འདིར་བརྙེས་ནས། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པའི་རྒྱན་གྱི་འཁོར་ལོས་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་སངས་མ་རྒྱས་ཀྱི་བར་དུ་ཆོས་འདི་རྒྱུན་མ་ཆད་པར་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པར་གྱུར་ཅིག ཅེས་སྨོན་ལམ་བཏབ་བོ། །བླ་མ་རིན་པོ་ཆེ་རྣམས་ཀྱི་བཀའ་དྲིན་གྱིས་བཀའ་དང་བསྟན་ཆོས་དང་མན་ངག་གི་ཆོས་རྣམས་ཀྱི་སྤྱི་དང༌། རང་གི་མཚན་ཉིད་ཅུང་ཟད་ཅིག་གོ་བ་དང༌། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཉམས་ལེན་རྗེ་ནཱ་རོ་པའི་གདམས་ངག་ལ་སོགས་པའི་རྩ་རླུང་གི་གནད་བསྒོམས་པས། སྐྱོན་དང་ཡོན་ཏན་ཉམས་ཀྱི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་བསྒོམས་པས་རྟོགས་པ་སྐྱེས་ཏེ། ཆོས་ཀྱི་གནད་རྟེན་ཅིང་འབྲེལ་བར་འབྱུང་བ་ཅུང་ཞིག་གོ་བས། སྤྱིར་སེམས་ཅན་ཐམས་ཅད་ཁྱད་པར་དུ་རང་གི་སློབ་མ་རྣམས་ལ་ཕན་པར་སྣང་བས། ཡུལ་ལ་མཚན་དུ་གསོལ་བ་མདོ་ཁམས་ཀྱི་ས་ཁུལ་རྩི་ཡི་ཀླུ་མཁར་ཀོ་མཛོ་དགོན་ལ་ཁད་ཀྱིས་ཉེ་བའི་སར། ལམ་རིམ་པ་ལྔ་ཡི་ཉམས་ལེན། ༧ ཏི་ཤྲི་རས་པས་འགྲོ་བའི་དོན་དུ་ཡི་གེར་བཀོད་པ་རྫོགས་སོ།། །།