འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས།
རྒྱ་གར་སྐད་དུ། བཛྲ་ནཾ་ཀ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། སྡིག་པ་བཤགས་པ་ལ་སོགས་པ་སྔར་བཞིན་དུ་བྱས་ལ། སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ཡི་གེ་ཧཾ་ལས་བྱུང་བའི་མདའ་ལྟོངས་པ་དང་ལྡན་པའི་གཞུ་ཡི་གེ་ཧཾ་ཆང་ཟུངས་ཀྱི་དཀྱིལ་ན་གནས་པར་བསྒོམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་ནི་རྡོ་རྗེ་ལུས་མེད་ཅེས་བྱ་བའི་འཇམ་པའི་དབྱངས་ཏེ། མདོག་སེར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་ནི་ཨུཏྤལ་དམར་པོ་ལས་བྱས་པའི་རྣ་བའི་རྩར་ཁེངས་པར་འགེངས་པའི་གཞུ་མདའ་དང་བཅས་ནས་བསྣམས་པའོ། །གཡས་པ་གཉིས་ཀྱིས་ནི་རལ་གྲི་དང་མེ་ལོང་བསྣམས་པའོ། །གཡོན་པ་གཉིས་ཀྱིས་ནི་ཨུཏྤལའི་མཆོག་མེ་ཏོག་འདབ་མ་དང་ལྡན་པའི་མྱ་ངན་མེད་དམར་པོ་བསྣམས་པའོ། །རལ་པ་དང་ལྡན་པའི་ཅོད་པན་ལ་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ། །ཞབས་གཡས་བསྐུམ་པ། ལོ་བཅུ་དྲུག་པའི་ཚོད་ཀ་འཇོ་སྒེག་ཆེན་པོ་དང་ལྡན་པའི་སྐུར་བལྟ་བར་བྱའོ། །ཡང་ན་མེ་ལོང་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའི་ཕྱག་གཉིས་དང་བྲལ་བའི་ཕྱག་བཞི་པར་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། ཨོཾ་མཉྫུ་གྷོ་ཥ་པྲི་ཤྲཱི་ཛཿ་བྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། འབུམ་གྱིས་ས་གསུམ་ན་གནས་པ་ཡང་ཅི་བགྱི་བ་ཉིད་དུ་བྱེད་དོ། །གལ་ཏེ་ཡང་འགའ་ཞིག་དགུག་པར་འདོད་ན་དེའི་ཚེ་འདས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱས་ལ། དེའི་ང་རྒྱལ་གྱིས་བརྟན་པར་གྱུར་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་
དམར་པོ་འདབ་མ་བཅུ་དྲུག་པ་ལྟེ་བར་ཡུ་བ་བབས་པ་དང་བཅས་ཤིང་རྩ་བ་དང་ལྡན་པ་དམིགས་པར་བྱ་བའོ། །དེའི་ཡང་ཡུ་བའི་རྩ་བ་ཡི་གེ་ཧཱུཾ་དམར་པོར་བལྟས་ལ། དེའི་འདབ་མ་རྣམས་ལ་ནི་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་རྣམ་པར་བསྒོམ་པར་བྱའོ། དེའི་ཟེའུ་འབྲུའི་སྟེང་དུ་ནི་ཇི་ལྟར་རིགས་པར་ཉི་མ་ཟླ་བ་འདི་དག་གི་དཀྱིལ་འཁོར་ཁ་དོག་དམར་པོ་སྟེ། དེ་དག་གི་དབུས་སུ་ཧྲཱིཿ་དམར་པོ་གཉིས་ཀྱི་སྙིང་པོར་བྱས་པའི་འཆད་པར་འགྱུར་པའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབུགས་དེ་དག་ལས་ཤིན་ཏུ་དགའ་ཞིང་རྒྱས་པའི་བུང་བ་དམར་པོ་རྣམས་རྣམ་པར་བསྒོམས་ལ། རང་གི་སྔགས་ལས་སྤྲོ་བ་དང་བསྡུ་བའི་ཚོགས་ཀྱིས་ཕྱོགས་བཅུ་དགང་བར་བྱ་ཞིང་ཇི་སྲིད་དུ་འཇིགས་པར་བྱ་བའི་བུད་མེད་ཀྱི་གནས་སུ་སོང་ལ། དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བསྐྱོན་ལ་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་རྐེ་ལེགས་པར་བཅིངས། ཤིང་ཆོས་འབྱུང་ལྕགས་ཀྱུས་དམ་པར་ཕིག་སྟེ། མདུན་དུ་ཐལ་མོ་སྦྱར་བར་བྱས་པས་ཡང་དག་པར་དགུག་པར་བྱ་ཞིང༌། མེའི་ཟོ་ཆུན་གྱི་དབུས་སུ་ཕྱུང་ལ་ཡི་གེ་ཧཱུཾ་དམར་པོས་ཁྱབ་པར་བྱས་པའི་མིག་དང་སྙིང་དང་ཡན་ལག་རྣམས་ཐམས་ཅད་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་ཡང་དེའི་སྙིང་གར་དབྱངས་ཡིག་བཅུ་དྲུག་དང་བཅས་ཤིང་ཡི་གེ་ཧཱུཾ་དང་ལྡན་པའི་ཡུ་བ་ཅན་འདབ་མ་བཅུ་དྲུག་པ་བལྟ་བར་བྱ་སྟེ། འོན་ཀྱང་མདོག་ངན་པར་རོ། །དེའི་དཀྱིལ་དུ་ཡི་གེ་ཧྲཱིཿའི་དབུས་སུ་ཆུད་པའི་མིང་གི་ཡི་གེ་བསྒོམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་ཡི་གེ་སྤྲོས་པའི་གཟི་བརྗིད་ཀྱིས་ཤིན་ཏུ་དམར་ཞིང་རྣོ་ལ་ཕྲ་པའི་ལྕགས་ཀྱུ་པདྨའི་ཡུ་བ་ལ་གནས་པའི་ཡི་གེ་ཧཱུཾ་གེ་འོད་ཟེར་གྱི་སྟེང་དུ་བསྐྱོད་ནས་འཕེན་པར་བྱེད་པ་བུང་པའི་ཚོགས་ཀྱིས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པས་རང་ཉིད་ཀྱི་སྣ་བུག་གཡས་པ་དང་ཅིག་ཤོས་ཀྱི་བུ་གནས་ངེས་པར་བྱུང་ནས་བསྒྲུབ་བྱ་མ་ཡིན་པ་བསྒྲུབ་བྱའི་སྣ་བུག་གི་བུག་ནས་དེའི་སྙིང་ལ་རབ་ཏུ་ཞུགས་ཏེ། ལྕགས་ཀྱུ་དེ་ནི་དེའི་མིང་གི་ཡི་གེ་ཀུན་ནས་འདྲེན་པར་བྱེད་ཅིང་གནས་སོ། །བུང་བ་དེས་ཀྱང་པདྨའི་རྫིང་བུ་དེ་རྩ་བ་ནས་བཤིག་ཅིང་རྙིངས་པར་བྱས་ནས་རང་དབང་དུ་གྱུར་པས་ཅུང་ཟད་སྐེམ་པར་བྱེད་པ་ཡིན་ནོ། །འདི་ནི་ཡུན་ཤིན་ཏུ་བརྟན་པར་
བལྟ་བར་བྱ་བའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་དེས་བསྐྱོད་པའི་ལྕགས་ཀྱུ་དང་བུང་བ་དེ་དག་ཀྱང་རང་ཉིད་ཀྱི་དབུགས་ཀྱིས་དེའི་སྣ་བུག་གཡས་པའི་བུ་གའི་ལམ་དུ་ཞུགས་པར་བལྟས་ལ། སླར་ཡང་དབུགས་ཀྱི་རླུང་གིས་དགུག་པར་བྱ་ཞིང་ལྕགས་ཀྱུ་དང་བུང་བས་ཡང་དག་པར་དྲངས་ལ་རང་ཉིད་ཀྱི་སྣ་བུག་གཡོན་པར་ལེགས་པར་བཅུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གི་སྔགས་ཀྱིས་དམ་པར་མནན་ཞིང༌། དེའི་དབྱངས་ཡིག་རྣམས་ཀྱང་བཏབ་ལ་སོ་སོར་ལ་བུང་བའི་མཆོག་རྣམས་ཀྱིས་དབང་དུ་བྱས་པར་རྣམ་པར་བསམ་པར་བྱ་བའོ། །རིམ་པ་འདི་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་དང། དེའི་རྣམ་པར་ཤེས་པ་གཅིག་ཏུ་བྱས་པར་ཡང་བལྟ་བའོ། །དེ་ནས་དེའི་ནུ་མ་ཨུཏྤལ་དམར་པོ་ལས་བྱས་པའི་མདའ་རྣོན་པོས་ཕུག་ཅིང་ཆགས་པས་བརྒྱལ་པར་གྱུར་པར་ཡང་བལྟས་ཤིང༌། ལྕགས་ཀྱི་ལུ་གུ་རྒྱུད་ཀྱི་གཞུས་དེའི་རྐང་པ་གཉིས་དམ་པོར་བཅིངས་ལ། རང་ཉིད་ཀྱིས་བཟུང་བའི་ཨུཏྤལའི་རྩ་བའི་བདག་ཉིད་ཀྱི་ཞགས་པས་སྐེ་བཅིངས་ཤིང་ངེས་པར་དྲངས་ཏེ། རང་ཉིད་ཀྱི་རྐང་པའི་དྲུང་དུ་བསྐྱེལ་ལ་མྱ་ངན་མེད་ཀྱིས་སྙིང་བཙོག་པར་བྱ་ཞིང་མངོན་པའི་ང་རྒྱལ་མེད་པར་བྱས་ནས་རལ་གྲིས་བསྡིགས་ཤིང་སྐྱབས་གཞན་མེད་པར་བྱས་ལ། ཡང་སྐྲ་ཞིག་ཅིང་གོས་མེད་པ་ཤིན་ཏུ་ཆགས་པས་བརྒྱལ་བའི་བདག་ཉིད་ཀྱི་གནས་སྐབས་ནི་མེ་ལོང་གིས་སོ། །ཤིན་ཏུ་འཇིགས་པར་གྱུར་བར་བྲལ་པར་བྱས་ལ་ཤིན་ཏུ་དད་པར་བསྟན་ཏེ། རང་གིས་རིག་པར་བདག་ཉིད་རྗེས་སུ་ཆགས་པར་བྱའོ། །ཨོཾ་ཆེ་གེ་མོ་ཁུག་ཅིག་མཉྫུ་གྷོ་ཥ་ཤྲཱི་ཛཱཿ་ཞེས་བྱ་བའི་རང་ཉིད་ཀྱི་སྔགས་མིང་དང་བཅས་པ་རྩེ་གཅིག་པའི་ཡིད་ཀྱིས་བཟླས་པར་བྱ་བའོ། །བཤད་མ་ཐག་པའི་རིམ་པ་དེ་ལྟར་གྱིས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་དུ་བཅུ་བཞིའི་བར་ཁྲི་ཕྲག་ཙམ་བཟླས་པར་བྱའོ། །ཡང་ཟླ་བ་ཉ་ལ་ནི་མཆོད་པ་ཆེན་པོ་བྱས་ལ་ནམ་ཡོལ་ག་བཟླས་པར་བྱའོ། །དེ་ནས་ནམ་མཁའ་བྱུང་བ་དང་དེ་ངེས་པར་འོང་བར་འགྱུར་རོ། །འོང་ནས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དོན་དུ་གཉེར་བ་དང་རང་ཉིད་ཀྱི་ལྷ་མཆོད་པའི་བསམ་པས་དེ་ཇི་ལྟར་བདེ་བར་ཉེ་བར་ལོངས་སྤྱོད་པར་བྱ་བའོ། །འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །