གཟུངས་སྤོབས་སྒྲུབ་སྐོར་ཟབ་གསང་ནོར་བུའི་གཏེར་མཛོད་སྙིང་གི་མུན་སེལ།
གཟུངས་སྤོབས་སྒྲུབ་སྐོར་ཟབ་གསང་ནོར་བུའི་གཏེར་མཛོད་སྙིང་གི་མུན་སེལ་བཞུགས། །
དྷཱིཿ རང་སེམས་ཀ་དག་མཐའ་དབུས་བྲལ་བས་འཇམ། །ལྷུན་གྲུབ་འགགས་མེད་ཀུན་ཏུ་གསལ་བའི་དཔལ། །རིག་སྟོང་དབྱེར་མེད་ཆེན་པོར་ཡེ་གནས་པ། །སྤོབས་པའི་གཏེར་ཆེན་བརྒྱད་ཀྱི་འབྱུང་གནས་ཡིན། །རྣམ་པར་རྟོག་པའི་སེམས་དང་ལས་རླུང་གིས། །དུམ་བུར་བཅིངས་པ་ལྟ་བུའི་སྣང་འོ་ལ། །ཚད་མེད་ཡོན་ཏན་ཉེ་བར་མི་སྣང་ཡང་། །དོན་ལ་བཅིང་བྲལ་མཁའ་ཡི་མདུད་པ་བཞིན། །སྒྲིབ་བྲལ་ཡེ་ཤེས་སྐུ་ཡི་སྣང་བ་ནི། །རྟག་ཏུ་བྲི་གང་བྲལ་བར་བཞུགས་པའི་འོད། །ཤེས་རབ་རང་བྱུང་སྒྲོན་མེར་གསལ་བའི་རྩལ། །ཨ་ར་པ་ཙ་ན་དྷཱིའི་གསང་སྔགས་ཆེ། །གློ་བུར་སྒྲིབ་པའི་བུད་ཤིང་སྐམ་པོའི་ཚོགས། །ཇི་ལྟ་ཇི་ལྟར་རྣམ་པར་ཟོས་གྱུར་པ། །དེ་
ལྟ་དེ་ལྟར་གདོད་མའི་རིག་དབྱིངས་ཀྱི། །ཡོན་ཏན་རྣམས་ཀྱང་ཉེ་བར་སྣང་བས་མཛེས། །མཐའ་དག་སྒྲིབ་པའི་ཚོགས་དང་རབ་བྲལ་ཚེ། །ཆོས་དབྱིངས་ཀུན་ཁྱབ་མཁྱེན་རབ་ཡེ་ཤེས་འོད། །འཕོ་འགྱུར་དང་བྲལ་ཕྱོགས་དུས་མཉམ་པ་ཉིད། །རང་བྱུང་འབྲས་བུའི་མཐར་ཐུག་ཉིད་དུ་གསལ། །དེ་ཕྱིར་དོན་དམ་ལྷ་སྔགས་དབྱེར་མེད་ལ། །མོས་པས་མི་འཇིགས་སྤོབས་པའི་བློ་མཆོག་གི །རྒྱུ་དང་ངོ་བོ་འབྲས་བུའི་ཡོན་ཏན་གྱི། །གཏེར་ཆེན་བརྒྱད་ཀྱི་སྒོ་འཕར་དབྱེ་འདི་མཚར། ༈ །གང་ཞིག་ཚིག་དང་དོན་གྱི་གནད་རྣམས་ཀུན། །ནམ་ཡང་བརྗེད་པ་མེད་པ་ཉིད་གྱུར་ཕྱིར། །དྲན་པའི་་གཏེར་དང་ལྡན་པ་དེ་ཡིས་ནི། །བསྙེལ་བས་མི་འཇིགས་བློ་མཆོག་གྲུབ་པར་
གྱུར། །རང་དང་སྤྱི་ཡི་མཚན་ཉིད་ཀྱིས་བསྡུས་པའི། །ཆོས་ཀུན་མ་ནོར་རྣམས་པར་འབྱེད་པ་ཡི། །མི་འཕྲོག་བློ་གྲོས་གཏེར་དང་ལྡན་གྱུར་པས། །རྨོངས་པས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །དེའི་མཐུས་རྒྱལ་བའི་མདོ་སྡེ༷་ཐམས་ཅད་ཀྱི། །དོན་གྱི་རྣམ་པ་ལེགས་པར་ཁོང་ཆུད་པ། །རྟོགས་པའི་་གཏེར་དང་ལྡན་པར་གྱུར་པ་ཡིས། །འཁྲུལ་པས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །དྲན་དང་བློ་གྲོས་རྟོགས་པ་དེ་ཡིས་མཐུས། །ཐོས་པ་ཀུན་འཛིན་ཆུད་མི་ཟ་བ་ཡི། །མི་བརྗེད་གཟུངས་ཀྱི་གཏེར་དང་ལྡན་གྱུར་ནས། །བསྐྱུད་པས་མི་འཇིགས་བློ་མཆོག་གྲུབ་པར་གྱུར། །གཟུངས་རྟོགས་བློ་གྲོས་མཐུ་ལས་ལེགས་བཤད་ཀྱིས། །སེམས་ཅན་ཐམས་ཅད་ཀུན་ནས་ཚིམ་བྱེད་པ། །མི་འཇིགས་སྤོབས་པའི་གཏེར་དང་ལྡན་པ་ཡིས། །ཞུམ་པའི་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །གཟུངས་སྤོབས་བློ་ཡིས་ཚུལ་བཞིན་སྨྲ་བ་དང་། །ཆོས་མིན་ཚར་གཅོད་དམ་ཆོས་ཡོངས་བསྲུངས་པས། །ཟབ་རྒྱས་ཆོས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་ངན་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །ཚུལ་དེས་མཚུངས་མེད་དཀོན་མཆོག་རྣམ་གསུམ་གྱི། །རིགས་རྒྱུན་ཡོངས་སུ་མི་གཅོད་པ་ཡི་སྒོ། །བྱང་ཆུབ་སེམས་ཀྱི་གཏེར་དང་ལྡན་པ་ཡིས། །ལམ་དམན་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །ཡོན་ཏན་བདུན་ལྡན་སྐྱེས་བུས་གནས་ལུགས་དོན། །སྐྱེ་མེད་
ཆོས་ལ་བཟོད་པ་མཆོག་ཐོབ་པའི། །ཟབ་མོ་སྒྲུབ་པའི་གཏེར་དང་ལྡན་པ་ཡིས། །ཉམས་པས་འཇིགས་བྲལ་བློ་མཆོག་གྲུབ་པར་གྱུར། །འདི་ལྟར་རིག་སྟོང་དབྱིངས་ནས་གཏེར་ཆེན་བརྒྱད། །སྤས་པའི་སྒོ་འབྱེད་སྔགས་ཀྱི་ཐབས་མཆོག་ལ། །མཁས་པར་གྱུར་གང་འཇམ་དཔལ་དཔའ་བོ་ཡི། །ཐུགས་ནས་ལེགས་འཁྲུངས་རྒྱལ་བས་དབང་བསྐུར་རྫོགས། །ཨེ་མ་གྲངས་མེད་བསྐལ་པའི་ལེགས་བྱས་ཀྱིས། །རྒྱལ་བ་མཉེས་བྱས་རབ་སྨིན་བློ་མཆོག་ལས། །ཟབ་མོའི་གཏེར་ཆེན་བརྒྱད་ཀྱི་ཁ་བྱང་གང་། །འཛིན་པར་ནུས་ཀྱི་གཞན་དུ་མ་དམིགས་སོ། །བློ་ལྡན་གང་ཞིག་འདི་ལ་ཡིད་ཆེས་པ། །དེ་ལ་རྒྱལ་བའི་ཡོན་ཏན་ཡིད་བཞིན་མཛོད། །མཁའ་ལྟར་ཡངས་པའི་སྒོ་མོ་འདིར་ཞུགས་ཞེས། །ལྡེའུ་མིག་སྲས་བཅས་རྒྱལ་བས་གཏད་པ་ཡིན། །ཞེས་པའང་ལྕགས་སྦྲུལ་ཟླ་བ་གཅིག་པའི་ཚེས་དྲུག་ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ། ༈ ། ན་མོ་མཉྫུ་ཤྲཱི་ཡེ། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ། །རིག་སྔགས་རྒྱལ་པོར་ལེགས་ཤར་བས། །བློ་ཡི་གཏེར་འབྱེད་མན་ངག་ནི། །ཤིན་ཏུ་ཟབ་པ་ཅུང་ཟད་བཤད། །དེ་ལ་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོགས་པ་ལས། ཨ་ར་པ་ཙ་ན་ཞེས་བྱ་བ་སྟེ། འདོད་པ་ཐམས་ཅད་ཐོབ་བོ། །དེ་ཅིའི་ཕྱིར་ཞེ་ན།
ཨ་ཞེས་བྱ་བ་ནི་འདོད་པའོ། །ར་ཞེས་བྱ་བ་ནི་ཆགས་པའོ། །པ་ཞེས་བྱ་བ་ནི་དོན་དམ་མོ། །ཙ་ཞེས་བྱ་བ་ནི་སྤྱོད་པའོ། །ན་ཞེས་བྱ་བ་ནི་རང་བཞིན་མེད་པའོ། །དེ་ལྟར་འདོད་པ་དང་ཆགས་པ་དང་དོན་དམ་དང་སྤྱོད་པ་དང་རང་བཞིན་མེད་པ་ཉིད་ཀྱི་སྙིང་པོ་འདི་བསྒོམས་ཏེ་བསྒྲུབ་ན་འདོད་པ་ཐམས་ཅད་འཐོབ་པར་བྱེད་དོ། །དེ་བཞིན་གཤེགས་པ་ནི་འདོད་པ་ཐམས་ཅད་ཀྱི་སྣོད་ཡིན་ཏེ། དེ་བས་སྙིང་པོ་འདིས་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་ཡང་མྱུར་དུ་ཐོབ་པར་བྱེད་དོ། །གང་བརྗོད་པ་ཙམ་གྱིས་དེ་བཞིན་གཤེགས་པའི་མཛོད་བརྗོད་པར་འགྱུར་རོ། །ཞེས་གསུངས་པ་འཇམ་དཔལ་རིགས་ལྔ་ཡི་ཁྱབ་བདག་བྱང་ཆུབ་སེམས་རྡོ་རྗེ་ཨ་ར་པ་ཙ་ནའི་རིག་སྔགས་མཆོག་གི་ཚུལ་ལ་བརྟེན་ནས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་སླད་གཟུངས་ཀྱི་སྒོ་བསྒྲུབ་པའི་མན་ངག་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དང་། སྒྱུ་འཕྲུལ་དྲྭ་བ་སོགས་མདོ་རྒྱུད་སྙིང་པོའི་ཟབ་གནད་ཅུང་ཟད་ཕྱེ་ན། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཚན་གསོལ་བ་དེ་ཉིད་སྐུ་དང་གསུང་རྣམ་པ་ཐམས་ཅད་པར་ཡང་འཆར་བ། སྐུ་འཇམ་དཔལ་གཞོན་ནུ་དང་། གསུང་ངག་གི་དབང་ཕྱུག་ཅེས་བྱ་སྟེ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མགྲིན་པ་ཆོས་ཀྱི་དུང་ན་གསུང་རྣམ་པ་ཐམས་ཅད་པའི་འབྱུང་
གནས་སུ་ཤར་ནས་དུས་གསུམ་གྱི་སྐྱེ་བོ་ཀུན་ལ་བླང་དོར་གྱི་ལམ་གསལ་བར་མཛད་ཅིང་། དེའང་དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་རོལ་ཇི་སྙེད་པའི་སྒོ་ནས་དོན་སྟོན་ཅིང་འབྲས་བུ་ལ་འཇོག་གོ །དེས་ན་ཕྱོགས་དུས་ཀྱི་ཤེས་བྱ་ཇི་སྙེད་པ་བརྗོད་པའི་ཡི་གེ་ཐམས་ཅད་རྩ་བ་དབྱངས་གསལ་གཉིས་སུ་འདུ་ཞིང་། དེ་ཡང་ཨ་གཅིག་པུ་ལ་འདུ་སྟེ། ཨ་ཉིད་མགྲིན་རྐན་སྤྱི་བོ་སོ་མཆུའི་གནས་ལྔ་བྱེད་རྩོལ་གྱིས་བསྒྱུར་བའི་དབང་གིས་དེར་སྣང་བ་ཡིན་ཞིང་། སྐབས་འདིར་གནས་ལྔའི་ཡི་གེ་ལྔ་པོ་ནི་གཟུངས་སྒྲུབ་པ་སོགས་ཀྱི་གཞིར་གྱུར་པའོ། །དེ་ལ་ཡི་གེ་འདི་དག་གིས་དོན་དམ་པར་རྗོད་བྱེད་དང་བརྗོད་བྱ་མཉམ་པ་ཉིད་ལས་མ་གཡོས་བཞིན་དུ་རང་རང་གི་བརྗོད་དོན་སྣ་ཚོགས་གསལ་བར་བྱེད་ཅིང་། ཡི་གེ་གཅིག་གི་དོན་དང་ཚིག་གི་རྣམ་དབྱེ་ལའང་ཟད་པའི་མཐའ་མི་མངོན་པའི་བློ་གྲོས་ཀྱི་འཇུག་པ་སྐྱེས་ན་དེས་གཟུངས་སྤོབས་བློ་གྲོས་མི་ཟད་པའི་གཏེར་འབྱེད་དོ། །དེས་ན་རྒྱལ་བའི་བཀའ་མདོ་རྒྱུད་ཟབ་ཅིང་རྒྱ་ཆེ་བའི་དོན་མ་ལུས་ཡོངས་རྫོགས་འདིར་དོན་དུ་མ་འདུས་པ་ཅི་ཡང་མེད་ཀྱང་། གནས་སྐབས་མདོ་རྒྱུད་ཐམས་ཅད་ཀྱི་གནད་དྲིལ་བའི་མན་ངག་ཟབ་མོའི་དྲི་བ་བདུན་གྱི་ཚུལ་དུ་གཏན་ལ་ཕབ་པ་འདིས་ཟུང་འཇུག་རང་བྱུང་གི་ཡེ་ཤེས་ཤིན་ཏུ་གསལ་བར་བསྟན་པ་ཡིན་པས་འདི་ལ་སྦྱར་ན། ཡི་
གེ་དྲུག་པོ་འདིས་གོང་གི་དོན་བསྡུ་ཚུལ་ནི། ཨ་སྐྱེ་མེད་ཀྱི་མིང་ཡིན་པས་མེད་དགག་ཉིད་ལས་མ་གཡོས་པར་སྣང་བ་སྟེ་བདེན་པ་གཉིས་ཆར་མ་སྐྱེས་པའི་ཚུལ་དྲི་བ་དང་པོའི་དོན་མཚོན། ར་རྡུལ་མེད་པས་མཉམ་ཉིད་དུ་རྟོགས་པ་ལ། སྲིད་ལ་འཇིགས་པ་དང་། ཞི་ལ་དགའ་བའི་རང་དོན་ཡིད་བྱེད་ཀྱི་ཆགས་རྡུལ་མེད་པའི་སྒོ་མཚོན་པས་དྲི་བ་གཉིས་པ་བསྡུས། པ་དོན་དམ་པའི་མིང་གིས་མཉམ་བཞག་ལ་འཛིན་པ་མེད་ཀྱང་ལྷག་མཐོང་གི་སྣང་བ་དང་བྲལ་བའི་དྲན་མེད་མུན་པའི་འཐིབ་པོ་མ་ཡིན་པར། དོན་དམ་མཐར་ཐུག་པ་མཉམ་བཞག་དེའི་ངོར་སྣང་བའི་སྒོ་མཚོན་པས་དྲི་བ་གསུམ་པའི་དོན་བསྡུས། ཙ་ཡིས་དཔྱད་པས་དྲངས་པའི་མཉམ་བཞག་ཁྱད་པར་ཅན་ཡིན་པས་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་མེད་ཅིང་། རྟོག་པའི་འགྱུར་བའམ་བློས་བྱས་ཀྱི་ཡིད་དཔྱོད་རླབས་ལྟར་འཚུབས་པའི་འཆི་འཕོའམ་གཡོ་བ་མེད་པར་མཉམ་ཉིད་ཆོས་སྐུ་རང་གནས་རང་བབས་སུ་སྐྱོང་བ་མཚོན་ཏེ་དྲི་བ་བཞི་པའི་དོན་བསྡུས། ན་ཡིས་བདེན་གཉིས་ལ་གཙོ་ཆེ་ཆུང་མེད་དེ་སྣང་སྟོང་འབྲལ་མི་ཤེས་པའི་ཕྱིར། ཐ་སྙད་དུ་ནི་མགོ་མཉམ་པར་གནས་ཏེ་ཐ་སྙད་སྒྲ་རྟོག་གི་ཡུལ་ཡིན་ནོ། །དོན་དམ་པར་དེ་གཉིས་དབྱེར་མེད་པའི་གནས་ལུགས་ནི་སྒྲ་རྟོག་གི་ལམ་ལས་འདས་པས་ན་མིང་དང་བྲལ་བ་སྟེ་བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པར་སོ་སོ་རང་རིག་པ་ཙམ་གྱིས་རབ་ཏུ་ཕྱེ་བ་ཡིན་ཞེས་
མཚོན་ཏེ་དྲི་བ་ལྔ་པའི་དོན་ནོ། །དེ་འདྲའི་དོན་ཟབ་མོ་རྡུལ་ཕྲན་ལྟ་བུའི་ཆོས་ཅན་གཅིག་གི་སྟེང་དུའང་གཏན་ལ་ཕབ་སྟེ་ཆོས་ཐམས་ཅད་མཉམ་ཉིད་དུ་ཤེས་པ་ལ། མཐུན་པར་སྣང་དང་མི་སྣང་གི་གཞི་ལ་དཔྱད་དེ་དེ་དཔེར་བཟུང་ནས། དོན་སྤྲོས་བྲལ་མཉམ་ཉིད་ལ་ཁས་ལེན་མེད་ཚུལ་དང་། ཐ་སྙད་དུ་ཁས་ལེན་ཡོད་ཚུལ་དེ་གཉིས་མི་འགལ་བར་སྦྱར་ན། ཐ་སྙད་ཀྱི་ཁས་ལེན་ཚུལ་ཚུར་མཐོང་རྟོག་གེ་དང་། ཕར་ཕྱིན་ཐེག་པ་སྔགས་ཀྱི་བར་དུ་ཇི་ལྟ་བུ་ཡིན་པ་ཤེས་པ་ནི་དྷཱིཿཞེས་པ་བློ་གྲོས་ཟབ་མོའི་སྒོ་ཡིས་མཚོན་ཏེ་དེས་དྲི་བ་དྲུག་པ་དང་བདུན་པ་གཉིས་བསྡུས་སོ། །ཚུལ་དེ་དག་ཏུ་རྒྱལ་བའི་གསུང་རབ་མདོ་རྒྱུད་རིན་པོ་ཆེ་དགོངས་འགྲེལ་དང་བཅས་པའི་གནད་འགག་ཐམས་ཅད་འདུས་ཤིང་། ཚིག་གསལ་བས་དོན་འཇལ་སླ་ཞིང་དེ་ཤེས་པས་ཀུན་ཀྱང་ཤེས་པར་འགྱུར་བའི་ཚུལ་འདི་དྲི་བའི་ཚུལ་གྱིས་དཀའ་གནད་བརྒྱ་ཕྲག་རང་གྲོལ་བའི་གནད་གལ་པོ་ཆེ་ཞིག་ཡིན་ནོ། །དེ་ལ་དྲི་བ་དང་པོ་དངོས་གཞི་སྣང་སྟོང་ཟུང་འཇུག་གི་ཚུལ། གཉིས་པས་དེ་ཉན་རང་སོགས་ཀྱི་སྤྱོད་ཡུལ་མིན་པས་ཟབ་པར་བསྟན་ནོ། །གསུམ་པས་ཟུང་འཇུག་དེ་ཇི་ལྟར་བསྒོམ་ཚུལ། བཞི་པས་བསྒོམ་པ་དེ་རྒྱུད་ལ་ཇི་ལྟར་སྐྱེད་ཚུལ། ལྔ་པས་ཟབ་མོའི་རྟོགས་པ་བརྒྱུད་ལ་སྐྱེས་པའི་ངོར་བདེན་གཉིས་ཇི་ལྟར་འཆར་ཚུལ་དང་། དྲུག་པ་དེའི་ངོར་ཆོས་ཐམས་ཅད་མཉམ་པ་ཉིད་དུ་
འཆར་ཚུལ་གཉིས། བདུན་པས་རང་གིས་རྟོགས་པ་བཞིན་གཞན་ལ་ཟབ་མོའི་ལྟ་བ་འདོམས་ཚུལ་བསྟན་ཏེ། ཚུལ་བདུན་པོ་དེས་མདོ་སྔགས་གྲུབ་མཐའི་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ལ་གཅེས་པ་སྲོག་ལྟ་བུའི་རྣམ་བཞག་ཀུན་གྱི་གནད་ཟིན་པས་ཆོས་མཐའ་དག་ལ་ཡང་ངེས་པ་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། །འདི་དག་གི་དོན་རིག་འཛིན་བརྒྱུད་པའི་ཞལ་ལུང་ཡིན་པས། མདོ་སྔགས་ཚང་ལ་མ་ནོར་བའི་ལམ་ཡང་ཡིན། རང་གིས་རྟོགས་པ་དང་གཞན་ལ་འདོམས་པའི་སྤོབས་པའི་གཏེར་བརྒྱད་ཀྱི་སྒོ་འབྱེད་པའང་ཡིན། ཆོས་ཐམས་ཅད་མཉམ་ཉིད་ཟུང་འཇུག་གི་ངང་དུ་གཏན་ལ་ཕབ་པའང་ཡིན། སྨྲ་བ་ངན་པའི་རྟོག་གེ་ཟིལ་གྱིས་གནོན་ཅིང་ཟབ་མོའི་ཆོས་ཀྱི་གཏེར་འབྱིན་པའང་ཡིན། སྐལ་ལྡན་ལ་ཡིད་གཉིས་ཀྱི་དྲྭ་བ་གཅོད་ཅིང་ཡང་དག་པའི་གནས་ལ་དབུགས་འབྱིན་པའང་ཡིན། མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་དགོངས་པ་ཆུ་བོ་གཅིག་འདྲེས་སུ་སྦྱར་བས་བསྟན་པ་ཐམས་ཅད་འགལ་མེད་དུ་རྫོགས་པ་ཆེན་པོའི་ལམ་དུ་གཞོལ་བའང་ཡིན་ནོ། །དེ་ལ་ཡི་གེ་འདི་དག་གི་དོན་གདོད་ནས་སྐྱེ་བ་མེད་པར་ཤེས་པའི་ངོར་སྐྱེ་བ་ཉིད་སྐྱེ་མེད། བརྗོད་པ་ཉིད་བརྗོད་མེད་དུ་ངེས་པའི་དབང་གིས་ར་ཆགས་མེད་ཀྱི་བརྡ་ཡིན་པའམ། ཨ་སྔོན་དུ་བྱས་པའི་དགག་སྒྲ་ཁོང་ནས་བཏོན་པ་སོགས་ཚུལ་གཉིས་ཀྱི་དབང་གིས་བརྡའ་ངེས་དོན་དེ་ཤེས་པར་བྱེད་དོ། །དེ་ཡང་ཡི་གེའི་སྒོ་རེ་རེ་ལས་བཤད་མ་ཐག་
པ་ལྟ་བུའི་མཚོན་ཏེ་ཆོས་ཚུལ་ཚད་མེད་པ་གོ་ཞིང་རྟོགས་པ་ནི་དོན་དེ་དག་མཚོན་པའི་བརྡའ་ཞེས་བྱའོ། །དེའི་དབང་གིས་དོན་གཅིག་ལས་བརྩམས་ཏེ་བསྐལ་པར་བརྗོད་ཀྱང་བློ་གྲོས་ཕ་མཐའ་གཏུགས་པ་མེད་པ་དང་། དོན་གཅིག་གི་ནང་དུ་ཆོས་ཀུན་འདུ་བའི་ཚུལ་ཤེས་ཤིང་ཆོས་ཀྱི་གཏེར་འབྱིན་པའང་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་ཀུན་འདུ་བའི་ཚུལ་ཤེས་ཤིང་མཉམ་པ་ཉིད་དུ་རྟོགས་པས་ཚིག་ལ་དབང་ཐོབ་པའང་ཡིན། དོན་དང་ཡི་གེ་མཉམ་པ་ཉིད་དུ་ངེས་པའི་རིག་པའི་ཀློང་ནས་ཡང་དག་རིག་པ་བཞིས་སྐལ་ལྡན་རྗེས་སུ་འཛིན་ཅིང་ལོག་སྨྲ་ཚར་གཅོད་པའི་མཐུ་གྲུབ་པ་ཡིན་པས་ན་ཚུལ་དེ་ལ་འཇུག་པའི་སྒོ་ཙམ་བརྗོད་ན། ཞི་གནས་དང་ལྷག་མཐོང་གཉིས། དང་པོ་རང་བཅོམ་ལྡན་འདས་ངག་གི་དབང་ཕྱུག་གུར་གུམ་གཞོན་ནུའི་ལང་ཚོ་ཅན། ཤིན་ཏུ་ཡིད་འཕྲོག་པའི་ན་ཚོད་དང་མཚན་དཔེའི་མཛེས་སྡུག་འབར་བ། གཡས་རལ་གྲི་གཡོན་ཨུཏྤ་ལའི་སྟེང་ན་གླེགས་བམ་འཛིན་པ། དར་དང་རིན་ཆེན་མེ་ཏོག་གིས་བརྒྱན་པ། ཞབས་པད་ཟླ་ལ་སྐྱིལ་ཀྲུང་གིས་བཞུགས་པ་འཆར་ཀའི་འོད་དམར་སེར་ལྟ་བུ་ཀུན་ཏུ་ཁྱབ་པར་གསལ་བའི་སྙིང་དབུས་ཟླ་བའི་དཀྱིལ་འཁོར་ལ་དབུས་སུ་ཐུགས་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དྷཱིཿཡིག་དམར་སེར་མར་མེ་ལྟར་འབར་བའི་མདུན་དུ་ཨ་མཐིང་གསལ་ནམ་མཁའ་དངས་པའི་མདོག་ལྟ་བུ།
དེ་རྗེས་གཡས་སྐོར་དུ་རིམ་པས། ར་དམར་པོ་བྱི་རུའི་མདོག་ལྟ་བུ། པ་དཀར་པོ་ཟླ་བ་ལྟ་བུ། ཙ་ལྗང་ཀུ་རྩྭ་དཱུརྦའི་མདོག་ལྟ་བུ། ན་སེར་པོ་གསེར་གྱི་མདོག་དང་ལྡན་པ་གསལ་བཏབ། འདི་དག་འཇམ་དཔལ་ཡེ་ཤེས་སེམས་དཔའ་རིག་སྔགས་ཀྱི་རྣམ་པར་ཤར་བ་འདི་ལ་དམིགས་ན་གཟུངས་ཀྱི་སྒོ་སོགས་ཡོན་ཏན་ཚད་མེད་པ་སྐྱེ་བ་ཡིན་ཞེས་ངེས་ཤེས་བསྐྱེད་ལ། ཡི་གེ་དྲུག་ཀའམ། རེ་རེ་ནས་དམིགས་ཡུལ་དུ་བྱས་ལ་བསྒྲིམ་ལྷོད་རན་པས་དམིགས་པ་ལ་རྩེ་གཅིག་ཏུ་བཞག་པས་ཞི་གནས་ཀྱི་ཉམས་ཁྱད་པར་ཅན་མཐར་ཕྱིན་གྱི་བར་དུ་བསྒོམ་པར་བྱ་སྟེ། འདིར་འབྱིན་རྔུབ་དང་བུ་གའི་སྲོག་བཀག་སྟེ། ཏིང་འཛིན་ཁོ་ན་ལས་བཟླས་པ་སོགས་ནི་མི་བྱའོ། །དེ་ལས་རྟགས་ཚད་མེད་འཆར་ཞིང་གཟུངས་ཀྱི་སྒོ་སྐྱེའོ། །འདི་ཡང་མདོ་རྒྱུད་ཟབ་མོའི་སྦས་གནད་ཞིག་ཡིན་ནོ། །དེ་ལ་བརྟེན་པའི་ཡི་གེ་རེ་རེ་ལ་དམིགས་པའི་ལས་ཚོགས་ཀྱང་བསམ་པ་ཙམ་གྱིས་དུག་ཞི་བ་དང་དབང་དུ་བྱེད་པ་སོགས་རྒྱུད་གཞན་གྱིས་ཤེས་པར་བྱའོ། །གཉིས་པ་ལ་བདེན་པ་གཉིས་ཀྱི་ཚུལ་ལས། དང་པོ་དོན་དམ་པར། ཆོས་འདི་དག་རྗོད་བྱེད་འདི་དག་གིས་གསལ་བར་ཁོང་དུ་ཆུད་པ་ནི་བསླུ་མེད་བསྙོན་མེད་དུ་ཡོད་ཀྱང་། བརྟགས་ན་རྗོད་བྱེད་ཨ་ལྟ་བུ་དང་། བརྗོད་བྱ་སྐྱེ་མེད་ལྟ་བུ་གཉིས་རེ་རེ་ནས་ཀྱང་གདོད་ནས་མ་སྐྱེས་པས། མཉམ་ཉིད་ཀྱིས་མཉམ་པ་ཉིད་ལ་བརྗོད་དུ་མེད་དེ་ནམ་མཁས་
ནམ་མཁའ་ལ་རི་མོ་བྲིས་པ་བཞིན་ནོ། །དེ་བཞིན་ར་སོགས་དང་། དེ་ལས་འཕྲོས་པའི་མིང་ཇི་སྙེད་པ་ཡི་གེ་འདུས་པ་ལས་བྱུང་བ་གང་ཡང་རུང་བ་ལ་དཔྱད་དེ་བརྗོད་བྱ་ཉིད་དང་། རྗོད་བྱེད་གང་ཡང་མ་གྲུབ་བཞིན་དུ་འདི་ལྟར་བརྗོད་པ་ནི་ངོ་མཚར་ཞེས་ངེས་པ་བསྐྱེད་ཅིང་། དེ་ཡི་ཕྱིར་ན་ཆོས་ཐམས་ཅད་མིང་གིས་བརྗོད་པ་ཙམ་དུ་ཟད་པ་ཡིན་པས། བསྐལ་པ་དུ་མར་བརྗོད་ཀྱང་ཆོས་ཀྱི་དབྱིངས་ལ་ཟད་པའམ་འཕེལ་བ་མེད་པར་མཉམ་པ་ཉིད་དུ་གནས་པའི་ཚུལ་ལ་བློ་གཞོལ་བ་ནི་དོན་དམ་པའི་ཚུལ་གྱིས་དམིགས་པའོ། །གཉིས་པ་ཐ་སྙད་ཀྱི་ཚུལ་གྱིས་འཇུག་པ་ནི། དེ་ལྟར་མཉམ་ཉིད་ལས་མ་གཡོས་བཞིན་དུ། ཨ་ལ་སོགས་པའི་ཡི་གེ་སྐྱེ་གནས་ལྔ་པ་ཅན་འདི་དང་། གཞན་དག་གིས་ཀྱང་ཀུན་བྱང་གིས་བསྡུས་པའི་ཆོས་ཀུན་གོ་ཞིང་ཤེས་པར་བྱེད་པ་ནི་རྟེན་འབྱུང་བསླུ་མེད་ཙམ་སྟེ། འདི་ནི་ཤིན་ཏུ་ངོ་མཚར་ཆེ་ཞིང་འཕྲུལ་ཆེན་པོ་འགྲན་ཟླ་བྲལ་བ་སྟེ། སྲིད་དང་ཞི་བའི་ཆོས་ཀུན་སྣང་བའི་མིག་ལྟ་བུ་སྲིད་པ་ཀུན་ལ་ཁྱབ་པར་འཇུག་ཅིང་རོལ་པ་ཀུན་ནས་སྟོན་པའོ་ཞེས་ཤེས་པ་ནི་ཐ་སྙད་ཀྱི་ཚུལ་ལ་བརྟེན་ནས་དཔྱོད་པའོ། །དེ་ལྟ་བུའི་ཡི་གེ་ཞེས་པ་དེའང་། གཞན་ཞིག་ན་རང་རྐྱ་བར་གྲུབ་པ་ཅི་ཡང་མེད་དེ། བརྗོད་འདོད་ཀྱི་རྟོག་པ་ལས་རང་སེམས་ཡི་གེར་སྣང་བ་འབྱུང་ཞིང་དེ་ལས་སྒྲ་སྐྱེ་ཞིང་དེས་དོན་སྟོན། སྒྲ་དེ་དག་མཚོན་བྱེད་ཀྱི་དབྱིབས་ལ་ཡི་གེར་
བཏགས་པས་ཀྱང་དོན་སྟོན་པ་སྟེ། དབྱིབས་དེ་དག་ལ་མདོག་དང་རྣམ་པ་སོགས་སུ་མོས་པས་ལས་སྣ་ཚོགས་ཀྱང་བྱེད་དོ། །དེས་ན་ཡི་གེའི་རང་བཞིན་རང་སེམས་ནི་འགགས་མེད་ཀུན་ཏུ་སྣང་ཡང་ངོ་བོ་གདོད་ནས་སྟོང་པའི་རིག་སྟོང་དབྱེར་མེད་པ་ཡིན་པའི་ཕྱིར་དེའི་ངང་དུ་བདེན་གཉིས་ཟུང་གཅིག་ཏུ་ཆུད་དེ་མཉམ་པ་ཉིད་མཐའ་དབུས་དང་བྲལ་བ་འཇམ་དཔལ་རྫོགས་པ་ཆེན་པོའོ་ཞེས་ངེས་པ་བསྐྱེད་པ་ནི་བདེན་གཉིས་དབྱེར་མེད་ལ་འཇུག་པ་གཟུངས་ཀྱི་སྒོ་མཆོག་གོ །འདི་དག་ཀྱང་རྒྱལ་བའི་ཡུམ་ལས་གཟུངས་ཀྱི་སྒོ་བསྟན་པ་དང་། གསང་བའི་སྙིང་པོ་ལས་ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་དགོངས་དོན་གྱི་མན་ངག་ཡིན་ནོ། །ཚུལ་དེའང་ཞི་གནས་དང་ལྡན་པའི་ངང་ནས་ཇི་ལྟ་ཇི་སྙེད་ཀྱི་ལྷག་མཐོང་དང་ཟུང་དུ་འབྱོར་བར་གྱུར་ན་དེ་ལས་ཚད་མེད་པའི་ཆོས་སྒོ་འབྱེད་པར་འགྱུར་ཏེ་ཤིན་ཏུ་ཟབ་མོའི་མཐར་ཐུག་གོ །དེ་ལྟར་སེམས་གནས་པ་གྲུབ་ཅིང་བདེན་གཉིས་ལ་དཔྱོད་པའི་ཤེས་རབ་ཀྱི་མིག་གྲུབ་པ་ན། སྔགས་ཀྱི་ཐབས་མཁས་ལ་བརྟེན་ནས་མྱུར་དུ་དོན་ཀུན་འབྱོར་བའི་ཕྱིར་བདེན་གཉིས་ཟུང་འབྲེལ་སྒྱུ་མའི་ཏིང་འཛིན་བསྒྲུབ་པ་ནི་རང་ལྷར་སྔར་ལྟར་གསལ་བའི་ཐུགས་ཀའི་སྔགས་ལས་ཡི་གེ་ལྔ་པོའི་རང་འོད་ཀྱི་ཁ་དོག་ལྔའི་འོད་ཟེར་ཆོས་ཀྱི་དབྱིངས་རབ་འབྱམས་ཀུན་ཏུ་ཁྱབ་པའི་རྩེ་ལས་སྐུ་ཡི་རྣམ་པ་གཟུགས་སྣ་ཚོགས་དང་། གསུང་གི་རྣམ་པ་དབྱངས་སྣ་ཚོགས་དང་།
ཐུགས་ཀྱི་རང་བཞིན་བདེ་སྟོང་ཕྱག་མཚན་དུ་ཤར་བ་ལ་སོགས་པ་མདོར་ན་གསང་བ་གསུམ་གྱི་རོལ་མོ་མཐའ་ཀླས་པས་འཕགས་པ་ཐམས་ཅད་མཆོད་ཅིང་མཉེས་པར་བྱས། འགྲོ་ཁམས་རྒྱ་མཚོའི་རྒྱུད་ཀྱི་གཟུངས་སྤོབས་བློ་ཡི་སྒྲིབ་པ་ཐམས་ཅད་བསལ། འཁོར་འདས་ཐམས་ཅད་ངོ་བོ་འཇམ་དཔལ་ལ་རྣམ་པ་དབྱངས་གསལ་གྱི་ཡི་གེ་ཕྲེང་བའི་འཁོར་ལོ་ཁ་དོག་སྣ་ལྔ་པ་གསལ་ཞིང་འབར་བའི་འོད་ཟེར་ཀུན་ཏུ་འཕྲོ་བའི་རྣམ་པར་ཤིག་ཤིག་ཡོམ་ཡོམ་དུ་གྱུར་ཏེ་རང་སྒྲ་དང་བཅས་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་རང་གི་སྙིང་གའི་ཡི་གེ་ལྔ་པོ་ལ་སྡེ་ཚན་བཞིན་དུ་ཞུགས་པའི་འོད་ཀྱིས་དངས་མ་མི་ཤིགས་པའི་ཐིག་ལེ་དྷཱིཿཡིག་ལ་འདུས་པར་བསམ། དེ་ཡང་སྡེ་ཚན་ནི། ཨ་ཀུ་ཧ་རྣམས་སྔོན་པོ། ཨི་ཙུ་ཡ་ཤ་ལྗང་ཀུ། རྀ་ཊཱུ་ར་ཥ་དམར་པོ། ལྀ་ཏུ་ལ་ས་སེར་པོ། ཨུ་པུ་ཝ་རྣམས་དཀར་པོ་སྟེ། རང་སྡེའི་དང་པོར་ཞབས་ཀྱུ་ལྡན་པས་སྡེ་པ་ཀུན་མཚོན་པར་གོ་བར་བྱ་སྟེ། ཀུ་ཞེས་པས་ཀ་ཁ་ག་གྷ་ང་ལྔ་པོ་མཚོན་པ་བཞིན་ནོ། །ཁ་དོག་དང་རྣམ་པ་སོ་སོར་ཆེར་མ་བྱས་པར། དམར་སེར་རམ་སྔོ་སོགས་རེ་རེ་ནས་དམིགས་ཀྱང་རུང་སྟེ། འདི་ནི་སྒྱུ་འཕྲུལ་དྲྭ་བ་ལས། དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །ཞེས་དང་། དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་
བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་འཕྲུལ་ཞིང་སྟོན། །ཞེས་དང་། སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོ་དང་། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྒྱུད་ཀྱི་སྦས་པའི་མན་ངག་གི་དོན་ལེགས་པར་གབ་སྦས་མེད་པར་བསྟན་པ་ཡིན་ནོ། །དེ་ལྟ་བུའི་སྤྲོ་བསྡུ་སྒྱུ་མའི་ཏིང་འཛིན་ལ་བློ་འབྱོངས་པའི་ཚེ་སྣང་བ་ཧྲལ་མ་ཧྲོལ་དུ་འགྱུར་ཞིང་ལས་ཐམས་ཅད་ལ་མངའ་དབང་འབྱོར། ཆོས་ཐམས་ཅད་འབད་མེད་དུ་ཤེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས། །གསང་སྔགས་ཐམས་ཅད་བཟླས་པས་གྲུབ། ཉམས་དང་རྟོགས་པ་རང་ཤུགས་ཀྱིས་སྐྱེ། ཚེ་དང་ལུས་ཀྱི་བཅུད་ལེན་མཆོག་ཏུ་འགྱུར། ནད་གདོན་སྒྲིབ་པ་ཀུན་དང་བྲལ། དྲོད་རྟགས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཆར། ལྷག་པའི་ལྷས་དངོས་སུ་རྗེས་སུ་འཛིན་པའི་སྐལ་བ་ཅན་དུ་འགྱུར་ཞིང་མདོ་རྒྱུད་རྒྱ་མཚོ་ན་བཤད་པའི་ས་ལམ་གྱི་ཡོན་ཏན་ཀུན་རྫོགས་པ་སྟེ་མང་དུ་སྨོས་མི་དགོས་སོ། །དེ་ཡང་འདི་དག་རླུང་བུམ་ཅན་དང་སྦྲགས་ན་སྔགས་ཀྱི་ཞི་གནས་ཁྱད་པར་ཅན་སྒྲུབ་པའི་རྟེན་ཕུལ་དུ་བྱུང་
བར་ཡང་འགྱུར་ཞིང་ཕན་ཡོན་ཆེ། འདི་རྣམས་དམིགས་པ་ཁོ་ན་ལས་ངག་བཟླས་ནི་ཅི་ཡང་མེད་དོ། །དེ་ལྟར་མ་ནུས་པ་དག་གིས་ནི་འཇམ་དཔལ་གྱི་རྣལ་འབྱོར་སྔར་ལྟར་གསལ་བཏབ་ནས་ཐུགས་ཀར་དྷཱིཿལ་ཡི་གེ་བདུན་པའི་སྔགས་ཕྲེང་འཁོར་བའི་འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས་ནས། སྲིད་ཞིའི་དངས་བཅུད་དང་གཟུངས་སྤོབས་བློ་གྲོས་ཐམས་ཅད་དབྱངས་གསལ་གྱི་ཡི་གེའི་སྤྲིན་འོད་ཟེར་གྱི་ཕྲེང་བ་འཁྲུགས་པའི་རང་བཞིན་ཅན་དུ་བསྡུས་ཏེ་རང་ལུས་ལྟེམ་མེར་གང་བར་བསམས་ཞིང་དངས་བཅུད་དྷཱིཿཡིག་མི་ཤིགས་པའི་ཐིག་ལེར་འདུས་པའི་རིག་སྟོང་མཉམ་ཉིད་ལ་བློ་བཞག་སྟེ། དེ་ལྟའི་སྤྲོ་བསྡུ་དག་གི་དམིགས་པ་དང་མ་བྲལ་བའི་སྒོ་ནས་ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་གསང་སྔགས་ཡི་གེ་བདུན་པ་ཇི་ནུས་སུ་བཟླ་སྟེ། ཐུན་མཐར་དབྱངས་གསལ་རྟེན་སྙིང་ཇི་ནུས་དང་། གཟུངས་ཀྱི་སྒོ་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱའི་ཚིག་ཁོལ་ཕྱུང་དང་། སྒྱུ་འཕྲུལ་དྲྭ་བའི་ཡི་གེ་ཕྲེང་བའི་ལེའུ་བཀླག་ཅིང་གཟུངས་གྲུབ་པའི་གསོལ་བ་གདབ་པར་བྱའོ། །དེས་སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་འགྱུར་ཏེ། གང་ཞེ་ན་འདི་ལྟ་སྟེ། རྒྱ་ཆེར་རོལ་པ་ལས། བརྗེད་པ་མེད་པས་དྲན་པའི་གཏེར་དང་། བློས་རབ་ཏུ་འབྱེད་པས་བློ་གྲོས་ཀྱི་གཏེར་དང་། མདོ་སྡེ་ཐམས་ཅད་ཀྱི་དོན་གྱི་རྣམ་པ་ཁོང་དུ་ཆུད་པས་
རྟོགས་པའི་གཏེར་དང་། ཐོས་པ་ཐམས་ཅད་ཀུན་ཏུ་འཛིན་པས་གཟུངས་ཀྱི་གཏེར་དང་། ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པས་སྤོབས་པའི་གཏེར་དང་། དམ་པའི་ཆོས་ཡོངས་སུ་སྲུང་པས་ཆོས་ཀྱི་གཏེར་དང་། དཀོན་མཆོག་གསུམ་གྱི་རིགས་རྒྱུན་མི་གཅོད་པས་བྱང་ཆུབ་སེམས་ཀྱི་གཏེར་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་པས་སྒྲུབ་པའི་གཏེར་དེ་གཏེར་ཆེན་པོ་བརྒྱད་པོ་དེ་དག་འཐོབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེས་ན་གཟུངས་ཀྱི་སྒོ་སྒྲུབ་པའི་ཚུལ་ནི་གཙོ་བོར་འཕགས་ས་ཐོབ་པའི་སྤྱོད་ཡུལ་ཡིན་པས་གསལ་པོར་མ་ཕྱེད་ཅེས་སྔོན་གྱི་དམ་པ་དག་གསུངས་ཀྱང་། ཕར་ཕྱིན་གྱི་ཚོགས་སྒྲུབ་པའི་ནང་ཚན་གཟུངས་ཀྱི་སྒོ་བསྒྲུབ་པ་ལ་བརྟེན་ནས་སྐྱེ་མེད་ཀྱི་དོན་ལ་བཟོད་པ་ཐོབ་པ་དང་ ༡ ། གཟུངས་ཀྱི་ངོ་བོ་ཚིག་ ༢ དོན་ ༣ ནམ་ཡང་མི་བརྗེད་པ་དང་། གཟུངས་ཐོབ་པའི་བྱེད་ ༤ ལས་སྔགས་བྱིན་གྱིས་རློབས་ནུས་པ་དང་བཞི་ལ་གཟུངས་སྒོ་བཞིར་གྲགས་ཏེ། གཟུངས་དེའི་མཐུས་སྤོབས་པའི་གཏེར་གཞན་ཡང་གྲོལ་ལོ། །དེས་ན་རྒྱ་བོད་ཀྱི་ཡིག་ཆ་རྣམས་ན་ཆེར་གསལ་ཁ་མ་མཛད་ཀྱང་། འདིར་ནི་ཡུམ་རྒྱས་པ་ལས། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ། ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་
དང་ཡི་གེ་ལ་འཇུག་པ་སྟེ། དེ་ལ་ཡི་གེའི་སྒོ་དང་ཡི་གེ་ལ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་སོགས་དང་། ཡང་རབ་འབྱོར་འདི་ལྟ་སྟེ། དཔེར་ན་ནམ་མཁའ་བཞིན་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ་ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །ཞེས་དང་། དེའི་ཕན་ཡོན་སྤྱི་དང་བྱེ་བྲག་ཏུ་ལེགས་པར་ཉི་ཤུར་གསུངས་པའི་དོན་དང་། སྒྱུ་འཕྲུལ་དྲྭ་བ་ལས། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཞེས་སོགས་ཡི་གེ་སྟོང་པའི་འཁོར་ལོའི་དོན་དང་། གཞན་ཡང་ཟབ་མོའི་སྔགས་རྒྱུད་ཅི་རིགས་པའི་དགོངས་དོན་སྦས་པའི་ཚུལ་གྱིས་བཞུགས་པ་བརྒྱུད་པའི་མན་ངག་གི་ལམ་ནས་དྷཱིས་གསལ་བར་བྱས་པ་ཡིན་པས་སྙིང་དང་མིག་ལས་ཀྱང་གཅེས་པའི་ཚུལ་གྱིས་ཆུ་སྲིན་གྲེ་བར་རིན་ཆེན་ཚུད་པ་ལྟར་གཞན་ལ་
ཤིན་ཏུ་གསངས་ཞིང་སྦ་བར་བྱ་བ་ཡིན་གྱི་བསྟན་པར་མི་བྱ་སྟེ། རྒྱུད་ཀྱི་མན་ངག་ཟོང་དུ་བཙོང་ན་དབྱིངས་ཀྱི་མཁའ་འགྲོས་སྙིང་ཁྲག་ཐང་ལ་བསྙིལ་བར་གདོན་མི་ཟའོ། །དེས་ན་ས་སྟེང་ཟོག་པོས་གང་ཞིང་། རྫུན་ཆོས་འདྲ་མ་ཟོང་དུ་འཚོང་བའི་ཚེ་ན་མདོ་རྒྱུད་སྙིང་པོའི་མན་ངག་འདི་ལྟ་བུ་ཤིན་ཏུ་ཡིད་ཆེས་པའི་གནས་ཡིན་པས། གཞན་ལ་མེད་པའི་ཁྱད་ཆོས་དམ་པར་རང་གིས་གསང་སྟེ་སྤྱད་ན་དངོས་གྲུབ་ཐོབ་པ་ནི་ཚད་མས་ངེས་པའོ། །ཁྱབ་བདག་བློ་ལྡན་མཆོག་སྲེད་རྩལ། །འཇམ་དཔལ་དཔའ་བོར་གསོལ་བཏབ་ནས། །གསང་བའི་མན་ངག་ཁྱད་པར་ཅན། །བློ་ལྡན་དེ་ལ་སྤེལ་བྱས་པ། །འདི་ནི་གསང་ཞིང་རང་ཉམས་ལོངས། །མདོ་རྒྱུད་ལུང་དང་མན་ངག་དང་། །རིགས་པའི་ཚད་མས་ཡིད་ཆེས་པ། །མཐར་ཐུག་ཡིན་ནོ་དམ་རྒྱ་མཛོད། །ཅེས་པའང་སྔ་འགྱུར་གྱི་རིང་ལུགས་པ་ཆེན་པོ་མཁྱེན་མཆོག་རྡོ་གྲུབ་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་བཀའ་བསྩལ་པ་བཞིན་གཟུངས་སྒྲུབ་པའི་མན་ངག་ཅུང་ཟད་ཕོངས་པ་མེད་པར་བཀོད་པ་འདིས་སྐལ་ལྡན་གྱིས་དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །སྔ་འགྱུར་བའི་བསྟན་སྲུང་རྒྱ་མཚོས་འདི་ལ་བྱ་ར་མཛོད་ཅིག །ཨྠྀིཿ མངྒ་ལཾ། ༈ །གོང་གི་དོན་བསྡུས་ཚུལ་ནི། མདོ་རྒྱུད་ཐམས་ཅད་ཀྱི་གནད་དྲིལ་བའི་མན་ངག་ཟབ་མོ་འདི་ལ། ཨ་སྐྱེ་བ་མེད་པས་མེད་དགག་ཡིན་བཞིན་སྣང་བ་སྟེ། བདེན་
པ་གཉིས་ཆར་ཡང་མི་སྐྱེ་བ་བསྟན། ར་རྡུལ་མེད་པས་མཉམ་ཉིད་དུ་རྟོགས་པ་ལ་རང་དོན་དུ་སྲིད་པ་དང་ཞི་ལ་དགའ་བའི་ཡིད་ཀྱི་ཆགས་རྡུལ་མེད་པར་འཇུག་པའི་སྒོ་རས་མཚོན། པ་ཡིས་མཉམ་བཞག་ལ་འཛིན་པ་མེད་ཀྱང་དྲན་མེད་མུན་པའི་འཐིབ་པོ་ལྷག་མཐོང་གི་སྣང་བ་བྲལ་བ་མིན་པས་དོན་དམ་མཐར་ཐུག་པ་མཐོང་བའི་སྒོ་མཚོན། ཙ་ཡིས་དཔྱད་པས་ངེས་ཤེས་དྲངས་པའི་བཞག་འཇོག་ཁྱད་པར་ཅན་ཡིན་པས། རྟོག་པའི་འགྱུར་བའམ་བློས་བྱས་ཀྱི་འཆི་འཕོ་མེད་པར་མཉམ་ཉིད་ཆོས་སྐུར་གནས་པ་མཚོན། ནས་བདེན་གཉིས་ལ་གཙོ་ཆེ་ཆུང་མེད་དེ་སྣང་སྟོང་འབྲལ་མི་ཤེས་པའི་ཕྱིར། ཐ་སྙད་དུ་ནི་མགོ་མཉམ་སྟེ། ཐ་སྙད་སྒྲ་རྟོག་གི་ཡུལ་ཡིན་པས་སོ། །དོན་དམ་པར་དེ་གཉིས་དབྱེར་མེད་པའི་གནས་ལུགས་ནི་སྒྲ་རྟོག་གི་ལམ་ལས་འདས་པས་ན་མིང་དང་བྲལ་བ་སྟེ། བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པར་སྟོན། དེ་འདྲའི་དོན་ཟབ་མོ་ཆོས་ཅན་གཅིག་གི་སྟེང་དུ་ད་ལྟ་ནས་ཕབ་སྟེ་ཆོས་ཐམས་ཅད་མཉམ་ཉིད་དུ་ཤེས་པ་ལ། མཐུན་སྣང་གི་བལྟ་བྱའི་སྣང་བ་ལ་དཔྱད་དེ་དཔེར་བཟུང་ནས། དོན་དམ་སྤྲོས་བྲལ་ལ་ཁས་ལེན་མེད་ཚུལ་དང་། ཐ་སྙད་དུ་ཁས་ལེན་ཡོད་ཚུལ། དེ་གཉིས་མི་འགལ་བར་སྦྱར་ནས། ཐ་སྙད་ཀྱི་ཁས་ལེན་ལ་ཚུར་མཐོང་གི་རྣམ་བཞག་དང་། ཕར་ཕྱིན་ཐེག་པ་ནས་སྔགས་ཀྱི་བར་དུ་ཤེས་པ་ནི། དྷཱིཿཡིས་མཚོན་ཏེ་དེར་རྒྱལ་བའི་
གསུང་གི་མདོ་འགགས་ཐམས་ཅད་འདུས་པས་སོ། །དེ་ལ་དང་པོ་གཞི་གནས་ཚུལ་ཟབ་མོ། གཉིས་པ་དེ་ཕལ་པས་མི་རྟོགས་ཚུལ། གསུམ་པ་དེ་བསྒོམ་ཚུལ། བཞི་པ་བསྒོམ་སྟེ་རྒྱུད་ལ་སྐྱེད་ཚུལ། ལྔ་པ་སྐྱེས་ཟིན་ངོར་འཆར་ཚུལ། དྲུག་པ་ཐམས་ཅད་མཉམ་པ་ཉིད་དུ་གནས་པ། བདུན་པ་དེའི་ལྟ་བ་གཞན་ལ་འདོམས་ཚུལ་དེ་བདུན་ཡིན། འདིའི་གནད་ཤེས་ན་མདོ་སྔགས་རྒྱ་མཚོའི་འགགས་མདུད་ཡིན། རང་གིས་རྟོགས་པ་དང་གཞན་ལ་འདོམས་པའི་སྤོབས་པའི་གཏེར་བརྒྱད་ཀྱི་སྒོ་འབྱེད་པ་ཡིན། དེས་ན་ཡི་གེའི་སྒོ་རེ་རེ་དེ་ལས་ཆོས་ཚུལ་ཚད་མེད་པ་གོ་ཞིང་རྟོགས་པས་བརྡ་ཞེས་བྱ་བ་ཡིན། དོན་གཅིག་ལས་བརྩམས་ཏེ་བསྐལ་པར་བརྗོད་ཀྱང་བློ་གྲོས་མི་ཟད་པའང་ཡིན། དོན་གཅིག་གི་ནང་དུ་ཆོས་ཀུན་འདུ་ཞིང་ཆོས་ཀྱི་གཏེར་འདོན་པའང་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་ཀུན་བསྡུ་ཞིང་མཉམ་པ་ཉིད་དུ་ངེས་པའང་ཡིན། ཐམས་ཅད་བསྡོམས་ནས་མཉམ་ཉིད་ཟུང་འཇུག་གི་ཡེ་ཤེས་གཅིག་གཏན་ལ་ཕབ་པའང་ཡིན། ཆོས་ཀྱི་གཏེར་འདོན་པའི་མན་ངག་ཀྱང་ཡིན་པས་ན། ཨ་ལྟ་བུ་རྗོད་བྱེད་ཡི་གེ་དང་མ་སྐྱེས་པ་ལྟ་བུ་བརྗོད་བྱའི་དོན་དག་ཀྱང་གདོད་ནས་སྐྱེ་བ་མེད་པས་མཉམ་པ་ཉིད་ལ་བརྗོད་དུ་མེད་དེ་ནམ་མཁའ་ལ་ནམ་མཁས་རི་མོ་བྲིས་པ་བཞིན། བསྐལ་པ་དུ་མར་བརྗོད་ཀྱང་ཆོས་དབྱིངས་ཟད་འཕེལ་མེད་ཅིང་། ཆོས་ཐམས་ཅད་བརྗོད་པ་ཙམ་དུ་ཟད་པར་ཤེས་པ་ནི་དོན་དམ་པར་དམིགས་པའི་སྒོའོ། །དེ་བཞིན་ར་སོགས་
ལའོ། །དེ་ལྟར་མཉམ་ཉིད་ལས་མ་གཡོས་བཞིན་དུ། ཨ་ལས་གྱུར་པའི་ཡི་གེ་སྐྱེ་གནས་ལྔ་པ་ཅན་འདི་དང་། གཞན་དག་གིས་ཀྱང་། ཀུན་བྱང་གིས་བསྡུས་པའི་ཆོས་ཀུན་ཤེས་ཤིང་གོ་བར་བྱེད་པ་ནི་རྟེན་འབྱུང་བསླུ་མེད་ཙམ་སྟེ་ཤིན་ཏུ་ངོ་མཚར་ཆེ་བ་འཕྲུལ་ཆེན་པོ་སྲིད་པ་ཀུན་ཏུ་སྟོན་པའོ་ཞེས་ཤེས་པ་ནི་ཀུན་རྫོབ་ལ་དམིགས་པའོ། །དེ་གཉིས་དབྱེར་མེད་ཟུང་དུ་ཆུད་པ་ཡི་ངང་ནས། རང་འཇམ་དཔལ་གྱི་ཐུགས་ཀའི་ཡི་གེ་ཁ་དོག་ལྔ་ལས་འོད་ཟེར་གྱི་དྲྭ་བ་ཀུན་ཏུ་ཁྱབ་པའི་རྩེ་ལ། སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་པས་འཕགས་པ་མཆོད། འགྲོ་ཁམས་ཀྱི་རྒྱུད་ཀྱི་གཟུངས་སྤོབས་བློ་ཡི་སྒྲིབ་པ་བཅོམ། འཁོར་འདས་ཐམས་ཅད་ཡི་གེ་ཕྲེང་བའི་འཁོར་ལོར་གྱུར་ནས། རང་གི་སྙིང་གི་ཡི་གེ་ལ་སྡེ་ཚན་སོ་སོ་གོང་བཞིན་དུ་ཞུགས་པར་བསམ་པའི་སྤྲོ་བསྡུ་སྒྱུ་མའི་རྣམ་རོལ་ལྟ་བུར་མོས་པ་ནི་སྤོབས་པའི་གཏེར་བརྒྱད་གྲོལ་བའི་མན་ངག་ཁྱད་པར་ཅན་ནོ། །སྡེ་ཚན་ནི། ཨ་ཀུ་ཧ་ཀ་ཨ་ལ། རྀ་ཊུ་ར་ཥ་ར་ལ། ཨུ་པུ་ཝ་སེ་པ་ལ། ལྀ་ཏུ་ལ་ས་ན་ལ་ཐིམ་ནས། འོད་ཀྱི་དངས་མ་དྷཱིཿལ་འདུས་པར་བསམ། སྙིང་གར་ཟླ་བའི་དབུས་ན་དྷཱིཿདམར་སེར། མདུན་དུ་ཨ་སྔོ། གཡས་སུ་ར་དམར་པོ། དེ་རྒྱབ་པ་དཀར་པོ། དེ་རྗེས་ཙ་ལྗང་ཀུ། དེ་རྗེས་ན་སེར་པོ་རྣམས་གཡས་སྐོར་དུ་འཁོད་པར་བསམས་ནས་བཟླ་བ་ནི་
མན་ངག་ཁྱད་པར་ཅན་ཏེ་བློ་གྲོས་སོགས་གཏེར་བརྒྱད་ཀྱི་སྒོ་མྱུར་དུ་འབྱེད་པའི་སྒྱུ་མའི་ཏིང་འཛིན་འགྲུབ་པ་ཡིན་ནོ། །གསང་རྒྱ། ཨི་ཐི། རིག་གདངས་འཇམ་དཔལ་རྡོ་རྗེས་གནང་བ་ལགས་སོ། །ལྕགས་སྦྲུལ་ཟླ་བ་གཅིག་པའི་ཚེས་བཅུ་གཉིས་ལའོ།། ༈ །།ཨོཾ་ཨ་ར་པ་ཙ་ན་དྷཱིཿཨ་སྐྱེ་མེད་སྟོང་པ་ཡུམ་གྱི་མཁའ་དབྱིངས་སུ། །ར་ལྷན་སྐྱེས་བདེ་བས་རྟག་ཏུ་རོལ་པ་ཡི། །པ་དོན་དམ་གཉིས་སུ་མེད་པའི་ཡེ་ཤེས་སྐུ། །ཙ་གཡོ་མེད་གཡོ་བ་ཆུ་ཟླའི་གར་གྱིས་ནི། །ན་མིང་མེད་མིང་དང་མཚན་མའི་ཚུལ་བསྟན་པ། །དྷིཿམཁྱེན་རབ་ངག་གི་དབང་ཕྱུག་གུར་གུམ་མདོག །ཞལ་གཅིག་ཕྱག་བཞི་རལ་པོད་མདའ་གཞུ་འཛིན། མཚན་དང་དཔེ་བྱད་རྒྱན་དང་ཆ་ལུགས་རྫོགས། །དངས་པའི་མཁའ་ལ་དབང་པོའི་གཞུ་ལྟ་བུ། །ཡེ་ཤེས་སྙིང་པོ་སྔགས་ཀྱི་སྲོག་དང་ལྡན། །སྣང་སྲིད་ཀུན་ཀྱང་དེ་ཡི་ངང་ཚུལ་དུ། །གཞོམ་མེད་རིག་སྔགས་རྒྱལ་པོའི་རང་སྒྲ་སྒྲོགས། །ཨོཾ་ཨ་ར་པ་ཙ་ན་དྷཱིཿལྟ་བས་གཟེར་བཏབ་ཏིང་འཛིན་གཡོ་མེད་དང་། །བརྩོན་པས་གསང་སྔགས་ཆུ་བོའི་རྒྱུན་བཞིན་བཟླ། །ལྷ་སྔགས་སེམས་གསུམ་དབྱེར་མེད་རོ་མཉམ་དུ། །བདེ་ཆེན་གཉུག་མ་དོན་གྱི་འཇམ་དཔལ་འགྲུབ། །ཟབ་མོ་བསྐྱེད་རིམ་ལ་བརྟེན་ནས་བསྙེན་པའི་རིམ་པ་དང་པོའོ། །ཨ། ཆོས་ཀུན་མ་སྐྱེས་ནམ་མཁའི་ངང་ཉིད་ལས། ར། རང་སྣང་མ་འགག་སྒྱུ་མའི་རོལ་མོར་ཤར། པ། དོན་དམ་ཡིད་དཔྱོད་བྲལ་བ་ཀུན་ཀྱང་མཉམ། ཙ། འཕོ་འགྱུར་
སྲིད་པའི་སྣང་བ་ཇི་སྙེད་པ། ན། མིང་མེད་བྱ་རྩོལ་བྲལ་བ་ཡེ་སངས་རྒྱས། དྷཱིཿ། རང་བྱུང་ཡེ་ཤེས་གནས་མེད་ཀུན་ཏུ་སྣང་། །ངེས་པ་དོན་གྱི་འཇམ་དཔལ་གཞོན་ནུ་འདི། །གང་གིས་ཤེས་རབ་ཀྱི་དབང་པོས། མཐོང་བ་དེ་མ་ཐག་སངས་རྒྱས། །བློ་འདས་རྩོལ་བྲལ་རྫོགས་པ་ཆེན་པོའི་དོན། །རང་བྱུང་མཉམ་པ་ཉིད་དུ་ལྷུན་གྲུབ་ཤོག །ཡི་གེ་དྲུག་གིས་མཚོན་པའི་ཆོས་ཉིད་སྒོ། །རང་ལས་བྱུང་བ་སྙིང་གི་བུ་ལ་གཏད། །ས་མ་ཡཱ། །ཨ། ཀ་དག་ནམ་མཁའ་ལས་བྱུང་རང་བྱུང་པ། ར། ལྷུན་གྲུབ་ཤེས་རབ་ཡེ་ཤེས་མེ་བོ་ཆེ། པ། དབྱིངས་རིག་འོད་ཆེན་རྣམ་པར་སྣང་བར་བྱེད། ཙ། མི་གནས་ཡེ་ཤེས་སྣང་བ་ལམ་མེ་བ། ན། བརྗོད་མེད་འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། དྷཱིཿ། སྙིང་དབུས་གཟི་བརྗིད་ཆེན་པོ་འོད་གསལ་བ། །འདི་ལ་གང་གནས་བདེ་བར་གཤེགས་པའི་ལམ། །འཇམ་དཔལ་རྒྱང་ཞགས་གིས་སྐྱོང་བས། གཞོན་ནུར་མངོན་སུམ་གྱུར་པ་ཡིན། །ས་མ་ཡཱ། རྫོགས་པ་ཆེན་པོའི་རིམ་པས་སྒྲུབ་པའི་སྐབས་སོ། །ཨ། མཉམ་ཉིད་དབྱིངས་ལས་རང་བྱུང་ཐུགས་རྗེའི་རྩལ། ར། རྡུལ་བྲལ་ཆུ་ཟླའི་ཚུལ་འཆང་ཡེ་ཤེས་སྐུ། པ། དོན་དམ་བདེ་སྟོང་གཉིས་སུ་མེད་པའི་ཐུགས། ཙ། སྤྱོད་པ་སྣ་ཚོགས་སྒྱུ་མའི་གར་ལ་དགྱེས། ན། མིང་བྲལ་མིང་གི་གསང་སྔགས་ཐབས་ཆེན་པོས། དྷཱིཿ། བློ་ཡི་རེ་བ་ཡིད་བཞིན་རྗེས་སུ་འཇོ། །འདི་ནི་སངས་རྒྱས་དགྱེས་པའི་རོལ་མོ་སྟེ། །འཇམ་དཔལ་སྒྱུ་
འཕྲུལ་དྲྭ་བ་མངོན་སྣང་བའོ། །ཕྲིན་ལས་ཀྱི་སྐབས་ཏེ་གསུམ་པའོ། །དེ་ལྟར་འཇམ་དཔལ་གཞོན་ནུའི་བསྙེན་སྒྲུབ་ལས་གསུམ་མཐར་ཐུག་གི་དོན་དང་མཐུན་པ་རིག་སྔགས་རྒྱལ་པོའི་སྒོ་ནས་རྗེས་སུ་མཚོན་པ་འདི་ནི་ས་སྐྱོང་གི་ལོའི་ཟླ་བ་གསུམ་པའི་ཚེས་ཉེར་ལྔ་ལ་འཇམ་དཔལ་རྡོ་རྗེས་བྲིས་པ་མངྒལཾ། ༈ །ཞལ་གདམས་སྙིང་གི་ཏི་ལ་ཀ༔ རིག་གསང་ཤེལ་གྱི་སྒྲོམ་ནས་དྲངས༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ དེས་ཀྱང་ཡལ་བར་མ་དོར་ཅིག༔ འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་། །དབྱེར་མེད་དྲིན་ཆེན་བླ་མའི་ཞལ། །སྙིང་གི་ཐིག་ལེར་རོ་གཅིག་པས། །རྟག་ཏུ་འདུ་འབྲལ་མེད་པར་སྐྱོངས། །རྒྱལ་བས་ཇི་སྙེད་གསུངས་པ་ཀུན། །མཐར་ཐུག་ཡེ་ཤེས་ཉིད་ལ་གཞོལ། །དེ་ལམ་ཐེག་པའི་དབྱེ་བ་ཡི། །སྙིང་པོ་སྙིང་གི་མར་མེ་སྤྲོ། །འདི་ལ་སྦྱོར་དངོས་རྗེས་དང་གསུམ། །དེ་གསུམ་རྣམ་པ་ཐམས་ཅད་དུ། །ངེས་ཤེས་རིན་ཆེན་སྒྲོན་མེ་ནི། །སྲིད་མུན་འཇོམས་ཕྱིར་རྟག་ཏུ་སྦར། །སྟོན་དང་བསྟན་པར་ཚད་མ་ཡི། །ཡིད་ཆེས་རྙེད་པས་བྱང་ཆུབ་བར། །མི་འབྲལ་སྙིང་ནས་སྐྱབས་འགྲོ་བ། །ནམ་ནམ་ཡང་ཡང་ཡིད་ལ་གོམས། །བདག་གི་མར་གྱུར་མཁའ་ཁྱབ་འགྲོ། །བདག་བཞིན་བདེ་འདོད་ཐམས་ཅད་ཀྱང་། །རྨོངས་པས་སྲིད་པའི་སྡུག་བསྔལ་རྒྱར། །ཡུན་རིང་ཆུད་རྣམས་དོན་དུ་བདག །བླ་མེད་ཡེ་ཤེས་བརྙེས་བྱ་ཞེས། །མི་ལྡོག་སེམས་མཆོག་བསྐྱེད་ནས་སུ། །དེ་ཡི་ཐབས་ལ་འབད་པར་བྱ། །དེ་ནི་ལམ་གྱི་ས་བོན་ནོ། ༈ །དངོས་
གཞི་ལ་ནི་བསྒྲུབ་བྱའི་ལྷ། །ཇི་ལྟར་སྒྲུབ་དང་བསྒྲུབས་འབྲས་གསུམ། །དང་པོ་སྐྱབས་གསུམ་འབྱུང་གནས་ནི། །མ་ལུས་རྒྱལ་བའི་ཡེ་ཤེས་སྐུ། །མཐར་ཐུག་དོན་གྱི་འཇམ་པའི་དབྱངས། །གང་འདུལ་ཡེ་ཤེས་སྒྱུ་མའི་གར། །ས་བཅུའི་སེམས་དཔའི་ཚུལ་འཛིན་པ། །ཀུན་འདུས་ཡིད་བཞིན་ནོར་བུ་ཉིད། །ཆོས་ཉིད་རྟེན་འབྲེལ་སྨོན་ལམ་གྱིས། །འགྲུབ་ཐག་ཉེ་ཞིང་བྱིན་རླབས་རྣོ། །དངོས་གྲུབ་མྱུར་དུ་འཐོབ་བྱེད་པ། །གཅིག་ཆོག་ཡི་དམ་དེ་ཁོ་ན། །ཕྱོགས་དུས་རྒྱལ་བའི་ངོ་བོར་བསྒྲུབས། ༼༧༽ ཇི་ལྟར་སྒྲུབ་པར་བྱ་བའི་ཚུལ། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །རྡོ་རྗེ་བཞི་ཡི་ཚུལ་དུ་སྒྲུབ། །དེ་ཡང་བློ་ཡི་རིམ་པ་ཡིས། །དང་པོར་མདུན་དུ་འཇམ་པའི་དབྱངས། །གུར་གུམ་མདངས་ལྡན་གཞོན་ནུའི་གཟུགས། །རབ་མཛེས་མཚན་དཔེའི་ལང་ཚོ་འབར། །འཇའ་ཟེར་འོད་དང་མེ་ཏོག་འཁྲིགས། །ལྷ་བརྒྱས་ཞབས་ལ་འདུད་བྱས་པ། །ཕྱག་གཉིས་རལ་གྲི་པོ་ཏིའམ། །ཕྱག་བཞི་འོག་མ་མདའ་གཞུ་ཅན། །དར་དང་རིན་ཆེན་རྒྱན་ཆས་རྫོགས། །མོས་པས་མངོན་སུམ་གསལ་བྱས་ལ། །མཆོད་བསྟོད་གསོལ་བ་རྩེ་གཅིག་ཏུ། །བཏབ་སྟེ་གཟུངས་སྔགས་བཟླ་བར་བྱ། ༈ །གཉིས་པ་རང་ཉིད་དམ་ཚིག་པའི། །ཐུགས་ཀར་འཇམ་དཔལ་དཔའ་བོ་ཉིད། །ཡེ་ཤེས་སེམས་དཔའི་ཚུལ་དུ་བཀུག །ཕྱག་རྒྱ་བཞི་ཡི་རྒྱས་བཏབ་
ལ། །སྙིང་གའི་དབུས་སུ་དྷཱི་དང་སྔགས། །མར་མེ་ལྟར་གསལ་བཟླས་སོགས་བྱ། །ཐུན་མཐར་ཡེ་ཤེས་གཤེགས་སུ་གསོལ། ༈ །གསུམ་པ་བློ་ཆེན་རྣལ་འབྱོར་པས། །རང་ཉིད་འཇམ་དཔལ་རྡོ་རྗེ་ལ། །ཡེ་ཤེས་དྲང་བསྟིམ་བྱང་ཆུབ་བར། །རོ་མཉམ་སྣང་སྟོང་ལྷ་ཡི་སྐུའི། །རྣམ་པར་གསལ་དག་བརྟན་གསུམ་བསླབས། །བཟླས་པ་གཟེར་བཞིའི་མན་ངག་བསྡེབས། ༈ །མཆོག་རྣམས་གདོད་ནས་ལྷའི་ངོ་བོར། །ངེས་ཤེས་ཀྱིས་དྲངས་སྐད་ཅིག་གིས། །དམ་ཡེ་དབྱེར་མེད་ལྷ་སྐུར་གསལ། །སྣང་སྲིད་དཀྱིལ་འཁོར་འཁོར་ལོར་སད། །སྐུ་ཐུགས་མི་ཕྱེད་རྡོ་རྗེའི་གསུང་། །སྔགས་ཀྱི་རྒྱལ་པོའི་རང་སྒྲར་བཟླས། ༈ །གཉིས་པ་གསུང་གི་རྣལ་འབྱོར་ལ། །སྔགས་ཀྱི་རྒྱལ་པོ་འབྲུ་བདུན་པ། །ཐོག་མཐའ་ཨོཾ་དང་དྷཱིས་བརྒྱན་པའི། །བར་ན་རྡོ་རྗེའི་འབྲུ་ལྔ་པ། །འཇམ་དཔལ་རིགས་ཀུན་ཁྱབ་བདག་སྟེ། །འཇིག་རྟེན་འདས་པའི་སྔགས་ཀུན་གྱི། །འབྱུང་གནས་གཅིག་པུར་གྱུར་པ་འདིས། །མ་ལུས་སྔགས་ཀུན་བཟླས་ཤིང་འགྲུབ། །དེ་ཕྱིར་ལྷ་ཉིད་སྔགས་ཀྱི་ནི། །རྣམ་པས་དངོས་གྲུབ་སྩོལ་བ་ལ། །ཡིད་ཆེས་པ་ཡིས་ལྷ་དང་སྔགས། །མི་ཕྱེད་སྙིང་གི་ཐིག་ལེར་བཟུང་། །འཇམ་དཔལ་སྣང་སྟོང་ཡེ་ཤེས་སྐུ། །སྲིད་ཞི་ཀུན་ཁྱབ་བསམ་བརྗོད་བྲལ། །ཆོས་རྣམས་ཀུན་གྱི་རང་བཞིན་ཡང་། །ཐ་མལ་ཆོས་སུ་མི་གནས་པ། །ཟབ་ཅིང་དཔག་པར་དཀའ་བ་
ཉིད། །ད་ནི་སྐུ་གསུང་ཐུགས་ལ་སོགས། །རྣམ་པ་ཐམས་ཅད་པར་ཡང་འཆར། །ཆུ་སྣོད་ཟླ་བཞིན་རང་སྣང་ལ། །གཟུགས་དང་སྔགས་སུ་སྣང་མོད་ཀྱི། །རྡུལ་དང་སྐད་ཅིག་རང་བཞིན་དུ། །མེད་ཕྱིར་མི་གནས་སྐུ་ཡི་གར། །འགྲོ་བའི་དོན་དུ་རང་བྱུང་བའི། །སྔགས་འདི་འཇམ་པའི་རྡོ་རྗེ་སྟེ། །འདི་ལས་གཞན་དུ་མེད་དོ་ཞེས། །ཡིད་ཆེས་པ་ཡིས་སྔགས་བཟུང་ན། །ཡིད་བཞིན་གྱི་ནི་ནོར་བུ་ལྟར། །སྔགས་ཀྱིས་དོན་གཉིས་དངོས་གྲུབ་སྟེར། །དེ་ཕྱིར་སྔགས་བཟླ་བ་ལ་འབད། །བཟླས་པའི་ཚུལ་ཡང་བློ་རིམ་བཞིན། །མདུན་གྱི་ལྷ་ཡི་ཐུགས་ཀ་རུ། །ཟླ་བའི་དབུས་ན་གསལ་བའི་མེའི། །ནང་ན་སྔགས་ཀྱི་སྒྲ་གདངས་ལ། །དམིགས་དང་རང་གི་སྙིང་ག་རུ། །ཟླ་གདན་ཡིག་འབྲུ་གསལ་བཀོད་དེ། །རྣལ་འབྱོར་ཆེན་པོར་སྲོག་སྡོམ་གྱི། །གཟེར་བཞི་མན་ངག་བཞིན་དུ་སྦྱོར། །མཆོག་གི་ལམ་དུ་ལྷ་སྔགས་ཐུགས། །མི་ཕྱེད་སྔགས་ཀྱི་སྒྲ་གདངས་སུ། །སྣང་སྲིད་ཀུན་ཀྱང་འཆར་ལ་བསླབས། །གཞན་ཡང་དམིགས་པའི་རྩལ་སྦྱོངས་རིགས། །ཇི་སྙེད་རྒྱུད་ལས་གསུངས་ལྟར་བྱ། ༈ །གསུམ་པ་ཐུགས་ཀྱི་རྣལ་འབྱོར་ནི། །གཙོ་བོར་ཟུང་འཇུག་ཡེ་ཤེས་ཀྱང་། །འཁོར་བའི་སྐབས་འདིར་སེམས་སེམས་བྱུང་། །གཡོ་བས་ཡེ་ཤེས་མི་སྣང་ཕྱིར། །ཡེ་ཤེས་འགྲུབ་པའི་རྒྱུ་ལ་འབད། །དེ་ཡང་ཐབས་གྲོལ་གཉིས་སུ་ཡོད། །དང་པོ་ལ་ཡང་བློ་རིམ་བཞིན། །ཐོག་
མར་སྐུ་རྟེན་མཛོད་སྤུའམ། །དྷཱི་དང་ཨ་ལ་སེམས་བཟུང་སྟེ། །སྒྲིམ་ལྷོད་རན་པས་རྟེན་དེ་ལས། །གཞན་དུ་མ་ཡེངས་རྩེ་གཅིག་བཟུང་། །རྣམ་རྟོག་ཇེ་ཞིར་བརྟན་ཐོབ་ནས། །ཞི་གནས་ཏིང་འཛིན་གོམས་པར་བྱ། །ཡང་ན་འབྱུང་འཇུག་དབུགས་ཀྱི་རླུང་། །རྔུབ་པ་ཨོཾ་དང་ཨ་ར་ལ། །གནས་པ་པ་ཙ་འབྱིན་ན་དྷཱིཿ །སྒྲའམ་གཟུགས་སོགས་དམིགས་ལ་བསྒོམས། །ཐབས་མཆོག་རང་ཉིད་འཇམ་དཔལ་དབྱངས། །ཕྱག་གཉིས་པར་བསྒོམ་ལུས་དང་རྩའི། །སྟོང་ར་ལེགས་གསལ་ལྟེ་འོག་ཏུ། །ཨ་ཐུང་མེ་ཡི་རྣམ་པ་དམིགས། །སྦྱོར་བ་བཞི་ལྡན་རླུང་གིས་ནི། །མེ་སྦར་སྤྱི་བོའི་ཧཾ་ཞུ་ནས། །དཀར་དམར་ཐིག་ལེ་བདེ་སྟོང་གི །རང་བཞིན་སྙིང་དབུས་ཐིག་ལེ་ནི། །འོད་ཟེར་ལྔ་ལྡན་ཡུངས་འབྲུ་ཙམ། །དེ་ལ་ཡང་ཡང་ཐིམ་པ་ཡིས། །བདེ་སྟོང་བཟོད་མེད་འབར་བར་བསམ། །མཐར་ནི་ཐིག་ལེ་ཇེ་ཆུང་དུ། །ཡལ་ཞིང་འོད་གསལ་སྟོང་པར་སྦྱངས། །གཞན་ཡང་རྟག་ཏུ་ཐིག་ལེ་དེར། །འདུན་པ་གཏད་ཅིང་རླུང་སེམས་ཆ། །བདེ་བའི་རྣམ་པ་མ་ལུས་པ། །དེ་ལ་གཅིག་ཏུ་ཞུགས་པར་བསམ། །ཞུགས་ནས་ཐིག་ལེ་སྟོང་པར་བཞུ། །དེ་ལྟར་ཡང་ཡང་གོམས་པ་གཅེས། །དེ་གོམས་སྟོང་བཞིའི་ཉམས་མྱོང་ལ། །ངེས་ཤེས་འོད་གསལ་ངང་ཉིད་ལས། །སྣང་སྟོང་འཇའ་ལུས་སྒྱུ་མའི་སྐུར། །ལྡང་ལ་སྒྱུ་འོད་སྤེལ་ཏེ་སྦྱངས། །ཡང་ན་གཞི་དབྱིངས་ཆོས་སྐུ་ཆེར། །ཡིད་ཆེས་ཀ་དག་གཏན་ཕེབས་རྗེས། །
མཐིང་དབྱིངས་ནོར་བུའི་མེ་ལོང་ལ། །རྡོ་རྗེའི་མིང་སྲིང་འཁོར་དང་བཅས། །སྐུ་གསུམ་རང་བྱུང་རིག་པའི་ངང་། །གནད་དུ་གཟིར་བས་སྣང་བཞི་རྫོགས། །ངེས་པ་དོན་གྱི་འཇམ་དཔལ་མཇལ། །གཉིས་པ་གྲོལ་བའི་ལམ་ལ་ཡང་། །དམན་དང་མཆོག་གི་དབྱེ་བས་གཉིས། །འདི་ལྟར་སྣང་སྲིད་མ་ལུས་པ། །བདེན་སྟོང་ལྟ་བས་གདར་ཤ་བཅད། །མེད་ཀྱང་སྣང་བའི་འགྲོ་ཀུན་ལ། །སྙིང་རྗེའི་སྟོབས་བསྐྱེད་དེ་གཉིས་པོ། །ཕན་ཚུན་གཅིག་གྲོགས་གཅིག་བརྟེན་ནས། །ཡང་ཡང་འདྲིས་གོམས་ཆེས་ཆེར་བསླབས། །དེ་ནས་སྟོང་དང་རྟེན་འབྱུང་གི །ཤེས་རབ་དྲི་མེད་མིག་བགྲད་ནས། །ངེས་ཤེས་དེས་དྲང་ཟུང་འཇུག་གི །ཡེ་ཤེས་གཅིག་པུར་ལ་བཟླའོ། ༈ །བཞི་པ་ཡེ་ཤེས་རྡོ་རྗེ་ནི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཀུན། །སྣང་སྟོང་རྡོ་རྗེའི་ཏི་ལ་ཀཿ མི་ཤིགས་ཐིག་ལེ་གཅིག་གི་ངང་། །རང་བྱུང་ཡེ་ཤེས་ཆེན་པོ་རུ། །ཡིད་ཆེས་དོན་གྱི་འཇམ་པའི་དཔལ། །གནས་ལུགས་མཐར་ཐུག་བདེན་གཅིག་དོན། །མཐར་ཕྱིན་ཐེག་པའི་ཟད་སར་བསྐྱལ། །ས་མ་ཡ། རྗེས་ལ་བསྔོ་སྨོན་རྒྱ་ཡིས་བཏབ། །སྤྱོད་ལམ་ཀུན་ཏུ་ལམ་གྱི་གནད། །མ་ཡེངས་དྲན་པས་ཡང་ཡང་སྐྱོངས། །མི་རྟག་སྡུག་བསྔལ་སྟོང་བདག་མེད། །ཚད་མེད་བྱང་སེམས་ཆེས་ཆེར་སྤེལ། །རེ་ལྟོས་མི་འགྱུར་ཡི་དམ་ལྷར། །དབྱེར་མེད་བླ་མའི་མོས་གུས་ཀྱི། །དད་པས་གསོལ་འདེབས་ཁོ་ནར་འབད། ༈ །ཁྱད་པར་
གནད་བཞིའི་མན་ངག་ནི། །ཉིན་པར་གང་སྣང་སྒྱུ་མ་ཡི། །ཚུལ་དུ་བློ་སྦྱང་སྙིང་རྗེ་བསྒོམས། །འདོད་ཡོན་དྲུག་གི་སྤྱོད་ཡུལ་ཀུན། །ཞེན་མེད་བདེ་ཆེན་རྒྱན་དུ་རོལ། །སྣང་བ་རྒྱ་ཡིས་བཏབ་ཞེས་བྱ། །མཚན་མོ་གཉིད་དུ་འགྲོ་བའི་ཁར། །སྙིང་གི་ཐིག་ལེར་འཇམ་དབྱངས་ཀྱི། །ངོ་བོ་ཨ་ཡིག་དཀར་པོའི་འོད། །མུན་ཁང་མར་མེ་ལྟ་བུ་ལ། །རྩེ་གཅིག་དམིགས་ནས་འོད་གསལ་བཟུང་། །དེ་ནས་རྨི་ལམ་ཤར་བའི་ཚེ། །ངོས་བཟུང་སྤྲུལ་བསྒྱུར་སྣ་ཚོགས་བྱ། །མཚན་མ་རང་སར་གྲོལ་ཞེས་བྱ། །ནམ་ནམ་དུས་དང་དུས་སུ་ཡང་། །སྨག་ལ་ཡར་ངོའི་ཟླ་བ་བཞིན། །ངེས་ཤེས་གོང་ནས་གོང་དུ་སྤེལ། །དེ་རྒྱུ་ཐོས་བསམ་བསྒོམ་པ་ཡི། །ཤེས་རབ་མཆོག་ལ་ནན་ཏན་བྱ། །སྟོང་གསལ་ཆོས་སྐུ་མཐོང་ཞེས་བྱ། །གང་སྣང་བ་དང་གང་སྤྱོད་པའི། །སྐབས་ཀུན་རང་རིག་འོད་གསལ་དབྱིངས། །སྣང་སྟོང་ཆེན་པོའི་ངེས་ཤེས་དང་། །མ་བྲལ་བརྡ་བཞིའི་ཐབས་བཅས་ཀྱིས། །རང་བྱུང་ཡེ་ཤེས་བསྒོམ་པར་བྱ། །རང་རིག་རང་དབང་ཐོབ་ཞེས་བྱ། །འདི་བཞིར་གཞན་དུ་བཤད་པའི་ཚུལ། །ཡོད་ཀྱང་དཔའ་བོའི་མན་ངག་གི །རྗེས་སུ་འབྲངས་ཏེ་འདི་ལྟར་གདམས། །ཐོག་མཐའ་བྲལ་བའི་སྲིད་པ་འདིར། །གཡོ་བའི་སེམས་ཀྱིས་འཁྲིད་པ་ཡིས། །གནས་སྐབས་བཞི་ཡི་འཁྲུལ་སྣང་རྒྱུན། །རིག་པའི་རྩལ་གྱིས་གཅོད་པར་མཛོད། །དེ་ལྟར་གོམས་པའི་ཕན་ཡོན་ནི། །ཅུང་ཟད་རེས་ཀྱང་ངེས་ཤེས་ཀྱི། །མར་མེ་དྲི་མེད་འོད་
བཟང་གསལ། །གཟུངས་དང་བློ་གྲོས་སྤོབས་པའི་གཏེར། །ཟབ་ཅིང་ཆད་པ་མེད་པར་རྡོལ། །ནད་གདོན་བར་ཆད་ངང་གིས་ཞི། །ཚེ་དཔལ་ཉམས་རྟོགས་ཡེ་ཤེས་རྒྱས། །སྣང་སེམས་བརྟན་གཡོ་དབང་དུ་འདུ། །འགལ་རྐྱེན་སྣང་བས་མུན་བཞིན་འཇོམས། །མྱུར་དུ་ས་དང་ལམ་བགྲོད་ནས། །རང་གཞན་དོན་གཉིས་ལྷུན་གྲུབ་པ། །མཉྫུ་ཤྲཱིའི་ཡེ་ཤེས་སྐུ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་པའང་ཤིང་ཕག་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་ཟིལ་གནོན་དགྱེས་པ་རྩལ་གྱིས་བྲིས་པ་མངྒ་ལཾ།། ༈ །།འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་གསོལ་འདེབས་འདོད་དོན་ཡོངས་སྩོལ་བཞུགས། ཨོཾ། ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག །འཇམ་པའི་དབྱངས་ནི་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་ལའོ། །འདོད་འབྱུང་རིན་ཆེན་རི་བོའི་སྟེང་། །པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས། །དམར་སེར་ཡིད་འོང་གཞོན་ནུའི་གཟུགས། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །མཆོག་སྦྱིན་ཨུཏྤལ་རྡོ་རྗེ་ཅན། །དར་དང་རིན་ཆེན་རྒྱན་ཆས་རྫོགས། །འོད་ཟེར་མེ་ལྕེའི་ཕྲེང་བས་མཛེས། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །སངས་རྒྱས་ཀུན་འོད་དབུ་ལ་འབེབས། །སེམས་དཔའ་སེམས་མ་ཁྲོ་ཚོགས་དང་། །འཇིག་རྟེན་སྐྱོང་བའི་འཁོར་གྱི་གཙོ། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི། །ཡེ་ཤེས་རྡོ་རྗེའི་བདག་ཉིད་མཆོག །སྟོབས་བཅུའི་སྟོབས་དང་ལྡན་པའོ། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །མཁའ་ཁྱབ་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེ་ཆེན་པོས་རྟག་ཏུ་གཟིགས། །རྒུད་པ་མ་ལུས་སེལ་མཛད་པ། །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །ཁྱོད་ལ་གསོལ་བ་གང་བཏབ་པའི། །རེ་བ་མཐའ་དག་ཡིད་བཞིན་སྐོང་། །དབང་བཅུའི་དབང་ལྡན་ཆེ་བའི་མཆོག །འཇམ་དཔལ་ཁྱེད་ལ་གསོལ་བ་འདེབས། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཁྱོད་ལ་གསོལ་བ་བཏབ་པའི་མཐུས། །གེགས་དང་བར་ཆད་མི་འདོད་ཞི། །བསམ་དོན་ཡིད་བཞིན་ལྷུན་གྱིས་གྲུབ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་བྱས་ལ་རིག་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བས་གང་འདོད་པའི་མཆོག་སྦྱིན་པར་བསམས་ལ། ཨོཾ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾ་སྭཱ་ཧཱཿ ཞེས་བཟླ། མཆོག་སྦྱིན་རྡོ་རྗེའི་བྲིས་སྐུའི་ཞལ་དུ་དྲི་བཟང་གིས་སྦགས་པའི་མེ་ཏོག་དཀར་པོ་སོགས་ལས་དང་མཐུན་པ་འཐོར་ཞིང་གསོལ་འདེབས་རེ་དང་སྦྲགས་པ་ཇི་སྲིད་རྟགས་མ་བྱུང་གི་བར་དུ་འབད། རྟགས་བྱུང་ནས་མེ་ཏོག་སོགས་ཀྱིས་སྦྱིན་སྲེག་རིག་སྔགས་ཀྱིས་ཕུལ་བས་ཇི་ལྟར་དམིགས་པའི་མཆོག་ཡིད་བཞིན་དུ་འགྲུབ་པར་གདོན་མི་ཟའོ། །བྱ་སླ་དོན་ཟབ་ཀུན་ལས་འཕགས། །བུམ་བཟང་དཔག་བསམ་ནོར་བུའི་ཚུལ། །ཡིད་ཀྱི་རེ་བ་སྐོང་བའི་
དཔལ། །ཆོ་ག་འདི་ལྡན་ངེས་པར་འགྲུབ། །ས་མ་ཡ། རབ་ཚེས་དགེ་བྱེད་ཆུ་སྟག་སྨིན་ཟླའི་ཉེར་ལྔར་འཇམ་དཔལ་དགྱེས་པས་སྤེལ་བ་ཤུ་བྷཾ། མངྒ་ལཾ།། ༈ །།གདོད་མའི་མགོན་པོ་འཇམ་དཔལ་ཡེ་ཤེས་སྐུ། །སྣང་སྲིད་རྣམ་དག་ཆོས་སྐུའི་དཀྱིལ་འཁོར་ལ། །དབྱེར་མེད་མཉམ་ཉིད་ཆེན་པོར་གསོལ་བ་འདེབས། །འཇིགས་མེད་བདེ་ཆེན་ཐོབ་པར་བྱིན་གྱིས་རློབས། །ལྕགས་གླང་ཟླ་བ་གསུམ་པའི་ཚེས་གཅིག་ལ་དྷཱིས་བྲིས་མངྒ་ལཾ༔ འཇམ་དཔལ་བདེ་བ་ཆེན་པོར་འདུད། །འགྲོ་ཀུན་བདེ་ཆེན་གནས་ཐོབ་ཤོག །མི་སྲིད་ཟུག་རྔུས་གཟིར་བ་ཡིས། །ཐོགས་མེད་ལས་སྣང་ཀུན་ཆོད་ནས། །གཞན་ལ་སྲིད་པར་དཀའ་བ་ཡི། །འཇིགས་མེད་བདེ་ཆེན་གཏེར་རྙེད་འགྱུར། །ཨ་ལ་ལ་ཧོ་འཇམ་དཔལ་མཐུ། །འདི་ལ་ཐེ་ཚོམ་གང་ཡང་མེད། །མངྒ་ལཾ། །ལྕགས་བྱི་ཟླ་བ་གཅིག་པའི་ཚེས་དྲུག་ལ་ཁྲི་འདུ་སྐལ་བཟང་དགོན་དུ་སྣག་བུམ་ཞབས་གསར་སྦྱར་གྱིས་བྲིས་དགེ་ལེགས་འཕེལ་ལོ། ། ༈ །།འཇམ་དཔལ་མཆོག་སྦྱིན་རྡོ་རྗེའི་སྒྲུབ་ཐབས་ནི། སྟོང་པའི་ངང་ལས་རིན་ཆེན་སྣ་ཚོགས་ཀྱི། །རི་ཡི་རྩེ་མོར་པད་དཀར་ཟླ་བའི་སྟེང་། །རང་ཉིད་འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་ནི། །གུར་གུམ་མདོག་ཅན་ཟུར་ཕུད་ལྔ་དང་ལྡན། །ཐོར་ཚུགས་ནོར་བུ་སྙན་གོང་ཨུཏྤལ་བརྒྱན། །དར་རས་སྨད་གཡོགས་དར་གྱི་བླ་གོས་སོགས། །དར་དང་རིན་ཆེན་རྒྱན་རྫོགས་མཛེས་མཛུམ་ཞལ། །མཚན་དཔེའི་དཔལ་འབར་ཡིད་འོང་གཞོན་ནུའི་
གཟུགས། །སངས་རྒྱས་ཀུན་གྱི་འོད་ཟེར་དབུ་ལ་འབེབས། །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །རྡོ་རྗེས་མཚན་པའི་ཨུཏྤལ་སྔོན་པོ་གཡོན། །སྐུ་ལས་བྱུང་བའི་འོད་ཟེར་དྲྭ་བ་དང་། །ཡེ་ཤེས་མེ་ལྕེ་འབར་དབུས་སྐྱིལ་ཀྲུང་བཞུགས། །ཐུགས་ཀའི་པད་དཀར། ཟླར་མཾ་དམར་སེར། ལ་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོས་འདུས་རང་གཞན་དོན་གཉིས་བྱས། །སྣང་སྲིད་ཐམས་ཅད་ལྷ་ཡི་རང་བཞིན་བསྒོམ། །ཨོཾ་མཉྫུ་ཤྲཱི་བ་ར་ད་བཛྲ་མཾ་སྭཱ་ཧཱཿ དྲན་པ་ཙམ་གྱིས་མཆོག་རྣམས་ལེགས་སྩོལ་ཞིང་། །བདུད་དང་བར་ཆད་མཐའ་དག་མཐར་བྱེད་པ། །དེ་ཕྱིར་དམ་པ་སྦྱིན་པའི་རྡོ་རྗེ་ཞེས། །མཐའ་ཡས་རྒྱལ་བའི་ཞིང་དུ་གྲགས་པའོ། །ཐུན་མཐར་མཆོད་དང་མཎྜལ་འབུལ་བྱས་པ། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེ་མཆོག །འཇམ་པའི་དབྱངས་ནི་སྟོབས་པོ་ཆེ། །དཔའ་བོ་ཆེན་པོ་ཆེར་གྲགས་པ། །མ་དུལ་རྟག་ཏུ་འདུལ་མཛད་ལའོ། །ཞེས་བསྟོད་བཟོད་པར་གསོལ་ཞིང་བསྡུ་ལྡང་དང་། །དགེ་བསྔོ་སྨོན་ལམ་ཤིས་པ་བརྗོད་པར་བྱ། །རབ་ཚེས་ལྕགས་གླང་གྲོ་བཞིན་ཟླ་བ་ཡི། །ཚེས་བཞི་དགེ་བའི་དུས་སུ་ཤྲཱི་སེང་ཧར། །འཇམ་དཔལ་དགྱེས་པའི་རྡོ་རྗེས་ལེགས་སྤེལ་བས། །འགྲོ་ཀུན་དངོས་གྲུབ་མཆོག་གི་དཔལ་ཐོབ་ཤོག །༈ །།འཇམ་དཔལ་གཟུངས་སྒྲུབ་བཞུགས་སོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །མཆོག་གསུམ་རིན་ཆེན་འདུས་པའི་དངོས། །འཇམ་དཔལ་རྡོ་རྗེ་ཁྱོད་ཉིད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཕྱོགས་དུས་སེམས་ཅན་ཀུན་དོན་དུ། །འཇམ་
དཔལ་མགོན་པོ་བསྒྲུབས་ནས་ནི། །གང་ལ་གང་འདུལ་ཕྲིན་ལས་ཀྱིས། །འགྲོ་དོན་བྱེད་པར་སེམས་མཆོག་བསྐྱེད། །ཨོཾ་མ་ཧཱ་ཤུནྱ་ཏས་སྦྱངས། ཐམས་ཅད་མི་དམིགས་སྟོང་པ་ཉིད་དུ་གྱུར། །སྟོང་ལས་འགག་པ་མེད་པ་སྙིང་རྗེའི་གདངས། །སེམས་ཉིད་ཟུང་འཇུག་ཐིག་ལེའི་ཆོ་འཕྲུལ་ཉིད། །བྷཱུྃ་ཡིག་སེར་པོ་འོད་དུ་ཞུ་བ་ལས། །སྣང་སྟོང་མི་ཤིགས་རྡོ་རྗེ་སྲུང་བའི་གུར། །སྒོ་ངའི་དབྱིབས་ཅན་མཁའ་དང་མཉམ་པར་བརྡལ། །དེ་ནང་མུ་ལས་བདེ་སྟོང་དཀར་དམར་འོད། །ཀུན་ཏུ་འཁྲིགས་དབུས་གཞལ་ཡས་གདན་དང་བཅས། །ཀུན་ཁྱབ་ཀུན་སྣང་མཆོད་པའི་ཕྱག་རྒྱར་འབར། །དེ་དབུས་པད་ཟླའི་སྟེང་དུ་རང་གི་སེམས། །ཨ་ཡིག་གསེར་མདོག་འཕྲོས་འདུས་ཡོངས་གྱུར་ལས། །འཇམ་དཔལ་རྡོ་རྗེ་དམར་སེར་གསེར་མདོག་ཞལ་གཅིག་པ། །ཕྱག་གཉིས་ཤེས་རབ་རལ་གྲི་པོ་ཏི་འཛིན། །རྡོ་རྗེའི་སྐྱིལ་ཀྲུང་ཡེ་ཤེས་འོད་ལྔ་འབར། །མཚན་དཔེའི་དཔལ་འབར་དར་དང་རཏྣས་བརྒྱན། །སྤྱི་བོར་བླ་མའི་ངོ་བོར་རིགས་བདག་ནི། །ཤཱཀྱ་སེང་གེ་ས་གནོན་མཉམ་བཞག་ཅན། །མཆོག་གི་སྤྲུལ་སྐུའི་ཆ་ལུགས་ཉིད་དུ་གསལ། །རབ་འབྱམས་རྒྱལ་བའི་ཡེ་ཤེས་ཐུགས་ཀྱི་དབྱིངས། །རྣམ་སྣང་གངས་ཆེན་མཚོར་སྣང་ཞིང་ཁམས་ནས། །བསྒོམ་པའི་ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །སྤྱི་བོའི་རིགས་བདག་ཐུགས་ཀར་ཟླ་གདན་ལ། །ཨ་ཡིག་གསེར་འདྲ་
གཟུངས་ཀྱིས་བསྐོར་བ་ལས། །བདུད་རྩིའི་རྒྱུན་བབ་བདག་རྒྱུད་བྱིན་རླབས་བསམ། །ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། མཐར་བླ་མ་སྟོན་པ་སོགས། སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །བདག་གི་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། ཞེས་པས་གསོལ་བ་རྩེ་གཅིག་བཏབ། །ཁྱད་པར་འཇམ་དཔལ་རིག་སྔགས་རྣམས། །མྱུར་དུ་འགྲུབ་པར་བྱིན་བརླབས་བསམ། །དེ་ནས་རང་གི་སྙིང་དབུས་སུ། །ཟླ་སྟེང་ཨ་ཡིག་སྔགས་ཀྱིས་བསྐོར། །འོད་འཕྲོས་འཕགས་མཆོད་དོན་གཉིས་བྱས། །འཁོར་འདས་དངས་བཅུད་རང་ཐུགས་བསྟིམ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་བཟླ་ཐུན་མཚམས་དབྱངས་གསལ་དང་། །རྟེན་སྙིང་བཟླ་ཞིང་གསོལ་བ་བཏབ། །མཆོད་བསྟོད་མདོ་སྡེ་བཀླག་སོགས་བྱ། །ཐུན་མཐར་སྤྱི་བོའི་རྒྱལ་བ་ལ། །གུས་པས་གསོལ་བ་སྙིང་ནས་བཏབ། །འོད་ཞུ་རང་གི་སྙིང་གར་བསྟིམ། །རང་ཉིད་འོད་ཞུ་མཁའ་ལ་ཐིམ། །སྣང་སྟོང་ཆོས་སྐུའི་རང་ཞལ་བལྟ། །སླར་ཡང་ལྷར་ལྡང་བསྔོ་སྨོན་བྱ། །དེ་ལྟར་བླ་མ་ཡི་དམ་གཉིས། །དབྱེར་མེད་སྒྲུབ་ལ་སུས་འབད་པ། །དངོས་གྲུབ་གཉིས་ལ་དབང་ཐོབ་པ། །མྱོང་བ་ཚད་མས་རྟོགས་པར་འགྱུར། །ས་མ་ཡཱ། བནྡེ་བློ་གྲོས་དྲི་མེད་པས། །གཞོན་ནུའི་དུས་སུ་བྲིས་པ་དགེ ། ཟླ་ཚེས་ལའོ་དོན་ཡོད་དོ། །ཤུ་བྷཾ།། ༈ །།འཇམ་དཔལ་གསང་སྒྲུབ་བཞུགས། སྟོང་ཉིད་འོད་གསལ་ངང་ལས་སྐད་ཅིག་གིས། །འདབ་སྟོང་པད་ཟླ་ཉི་མའི་གདན་སྟེང་ན། །རང་ཉིད་རྡོ་རྗེ་རྣོན་པོ་ནམ་མཁའི་མདོག །ཞི་
འཛུམ་སྤྱན་གསུམ་དྲང་སྲོང་ཁྲོས་པའི་ཚུལ། །ཕྱག་གཡས་ཡེ་ཤེས་རལ་གྲི་མཁའ་ལ་ཕྱར། །གཡོན་པས་ཨུཏྤལ་ཟེའུ་འབྲུར་རྡོ་རྗེས་མཚན། །དར་དང་རིན་ཆེན་མེ་ཏོག་མཐིང་ཀས་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཡེ་ཤེས་ལྔ་ལྡན་འོད་ཟེར་མེ་རི་འབར། །ཐུགས་ཀར་ཉི་མའི་གདན་ལ་ཡི་གེ་ཧཱུྃ། །ཐ་མར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར། །ཤེས་རབ་ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས། །སྒྲིབ་པའི་མུན་བཅོམ་སྣང་སྲིད་ཆོས་སྐུར་ཤར། །ཨོཾ་མཉྫུ་ཤྲཱི་བཛྲ་ཏཱིཀྵྞཱ་བ་ར་ད་མུ་ཧཱུཾ་ཕཊ་སྭཱ་ཧཱཿ བཅུ་དྲུག་དཔལ་བསྐྱེད་རྡོ་རྗེ་འབྲུ་བཅུ་དྲུག །བཟླས་པས་སྒྲིབ་བྱང་ནད་གདོན་ཚང་ཚིང་བསྲེག །ཤེས་རབ་ཡེ་ཤེས་མཐུ་སྟོབས་དཔལ་རྒྱས་འགྱུརཿ ས་མ་ཡཱཿ གུ་ཧྱཿ འཇམ་དཔལ་ཧཱུྃ་སྒྲུབ་མེ་རྟ་ཟླ་བ་དགུ་པའི་ཚེས་བཅུ་གཅིག་ལ་དྷཱིས་བཀོད་པ་དགེ༔ ༈ །།འཇམ་དཔལ་རྡོ་རྗེ་རྣོན་པོ་ནི། དྲན་པ་ཙམ་གྱིས་སྒྲིབ་པ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས། །མཆོག་སྦྱིན་མཛད་པ་ཨེ་མ་ཧོཿ མཚོན་ཆའི་སྙིང་པོ་མུ་རུ་ཤར། །གང་ལ་དམིགས་པ་གཅོད་ཅིང་སྒྲོལ། །ཧ་ར་ཧཿཡི་རང་བཞིན་ལ། །མཾ་ཡིག་ཀླད་ཀོར་ཐིག་ལེར་འདུས། །ཡུམ་འཁྱུད་ཡེ་ཤེས་ལྔ་ལྡན་པའི། །སྲོག་ནི་ཐུགས་ཀྱི་ས་བོན་ནོ། །ཕཊ་ལས་གནམ་ལྕགས་མེ་ཟེར་འཕྲོ། །གྲིབ་དང་གདོན་དང་བྱད་དང་ནད། །འགལ་རྐྱེན་མ་ལུས་ཅིག་ཅར་གཅོད། །སྭཱ་ཧཱ་ཨོཾ་བཅས་བཅུ་དྲུག་པ། །བཟླས་པས་དགའ་བ་བཅུ་དྲུག་བསྐྱེད། །དེ་ཉིད་བཅུ་དྲུག་མངོན་དུ་འགྱུར། །བཅུ་དྲུག་ལང་ཚོའི་དཔལ་ཀྱང་བསྐྱེད། །བཅུ་དྲུག་ཕོ་ཉའི་འདུ་བར་སྤྱོད། །གསང་སྟེ་བརྒྱ་རྩ་བརྒྱད་
བཟླས་ན། །དང་པོ་རྨི་ཉམས་ཅུང་ཟད་འཁྲུགས། །གནོད་པ་ཞི་བའི་སྔ་སྟས་ཡིན། །དེ་ནས་སྟོང་ཕྲག་གཅིག་བཟླས་པས། །ཕས་རྒོལ་གཡུལ་ལས་རྣམ་རྒྱལ་བའི། །དང་པོ་རྨི་ལམ་གསལ་བར་འཆར། །དེ་ནས་སྟོང་ཕྲག་གང་འགྲུབ་བཟླ། །ནད་གདོན་བྱད་གཏད་སྤུར་མ་རྣམས། །མེ་ལ་བསྲེགས་བཞིན་རྨིངས་ནས་འཇིག །དེ་ནས་ཅི་འགྲུབ་བཟླས་པ་ཡིས། །ལུས་བདེ་དབྱངས་སྙན་ཡིད་སྟོབས་འཕེལ། །དེ་ནས་སེམས་རྩལ་རབ་རྒྱས་པས། །བཟླས་པས་དངོས་གྲུབ་རྣམ་པ་གཉིས། །འབད་མེད་མདུན་དུ་འགུགས་པར་ནུས། །མ་ཚོགས་མཁའ་འགྲོས་ལུང་སྟོན་ཅིང་། །ཡི་དམ་བླ་མས་རྗེས་སུ་འཛིན། །རྡོ་རྗེ་རྣོན་པོས་དཔལ་རྣམས་ཀུན། །དངོས་སྩོལ་ལ་སོམ་ཉི་བྲལ། །དེ་བས་གསང་སྟེ་ཉམས་སུ་ལོངས། །ས་མ་ཡཱ། གོང་ཚེས་ལའོ། །མངྒ་ལཾ། ༈། །འཇམ་དཔལ་དྷཱི་སྒྲུབ་བཞུགས། སྟོང་པའི་ངང་ལས་སེང་ཁྲི་པད་ཟླའི་སྟེང་། །དྷཱི་ལས་འཇམ་དཔལ་གཞོན་ནུ་གུར་གུམ་མདོག །ཞལ་གཅིག་ཕྱག་བཞི་ཨུཏྤལ་སྟེང་དུ། པོད་རལ་མདའ་གཞུ་འཛིན། །དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་མཛེས། །རྡོ་རྗེའི་སྐྱིལ་ཀྲུང་ཡེ་ཤེས་འོད་ཟེར་འབར། །དེ་ཡི་སེང་ཁྲིར་རྒྱབ་བརྟེན་བཞེངས་ཚུལ་གྱིས། །གཡས་སུ་སྐུ་ཡི་ཁྲོ་བོ་གཤིན་རྗེ་གཤེད། །སྐུ་མདོག་དཀར་པོ་ཁྲོ་ཚུལ་ཐོད་དབྱུག་གཡས། །རྒྱབ་ཏུ་གསུང་གི་ཁྲོ་བོ་གཤིན་རྗེ་གཤེད། །དམར་ནག་ཕྱག་གཡས་པདྨའི་བེ་ཅོན་གདེངས། །གཡོན་དུ་ཐུགས་ཀྱི་ཁྲོ་བོ་གཤིན་རྗེ་གཤེད། །མཐིང་ནག་ཕྱག་གཡས་རྡོ་རྗེའི་བེ་ཅོན་འཕྱར། །ཐམས་ཅད་གཡོན་པ་སྡིགས་མཛུབ་
ཐུགས་ཀར་གདེངས། །དུར་ཁྲོད་ཆས་ཅན་ཡེ་ཤེས་མེ་དཔུང་འབར། །གནས་ཁྲོ་བོ་གསུམ་པད་ཉེར་ཚངས་པ་དབང་ཕྱུག་ཁྱབ་འཇུག་སྟེ་དུག་གསུམ་གྱི་བདག་པོ་ཁ་སྦུབ་དུ་མནན་པའི་གདན་ལ་གནོན་པའི་སྟབས་དང་མདུན་དུ་ཐུར་ལ་བལྟ་བའི་ཚུལ་གྱིས། གསུམ་འབྲུ་གསུམ་ཡི་གེས་བྱིན་རླབས་ཤིང་། །ཡེ་ཤེས་ལྔ་ཡི་དབང་མཆོག་ཡོངས་སུ་རྫོགས། །གཙོ་བོའི་ཐུགས་ཀར་པད་ཟླར་དྷཱིཿཡིག་དང་། །ཁྲོ་བོ་གསུམ་གྱི་ཐུགས་ཀར་ཉི་མའི་སྟེང་། ཐུགས་སྲོག་ཧཱུྃཿ མཐིང་ནག་ལས་འོད་ཟེར་མཁའ་ཁྱབ་འཕྲོས། །ཕྱོགས་དུས་རྒྱལ་བའི་མཁྱེན་རབ་འཇམ་པའི་དབྱངས། །འཁོར་གྱི་ཁྲོ་བོ་གསུམ་བཅས་སྤྱན་དྲངས་ཏེ། །བསྒོམ་པའི་ལྷ་ལ་གཉིས་སུ་མེད་པར་འདྲེས། །ཧཱུྃ་ཧྲཱིཿ རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇམ་པའི་དབྱངས། །ཡང་དག་དོན་རྟོགས་ཚད་མའི་ངོ་བོ་ཉིད། །ཤེས་རབ་ཡེ་ཤེས་མཁའ་དང་མཉམ་པའི་སྐུ། །འགྲོ་བའི་སྒྲོན་མེ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ཡི་ཐུགས་རྗེའི་རྩལ་སྣང་རང་ཤར་བ། །མ་རྟོགས་ལོག་རྟོག་ཐེ་ཚོམ་འཇོམས་པའི་གཉེན། །ཁྲོ་བོའི་རྒྱལ་པོ་དཔལ་ལྡན་གཤིན་རྗེ་གཤེད། །རིགས་གསུམ་སྤྲུལ་འཁོར་བཅས་ལ་ཕྱག་འཚལ་བསྟོད། །གདོད་ནས་རང་གི་སེམས་དང་རོ་གཅིག་པའི། །ལྷག་པའི་ལྷ་མཆོག་ཁྱེད་ཀྱི་མཐུ་བྱིན་གྱིས། །མ་རིག་སྒོ་ངའི་སྤུབས་ལས་བདག་གྲོལ་ཏེ། །ཤེས་རབ་ཡེ་ཤེས་སྣང་བ་རྒྱས་པར་མཛོད། །ཅེས་བསམས་ལ། ཨོཾ་ཨ་ར་པ་ཙ་ན་དྷཱི་ཧཱུྃ། །
འབུམ་ཕྲག་བཞི་དང་། ཨོཾ་མ་ཤྲཱི་ཡ་མཱནྟ་ཀ་ཛི་ན་ཛིཀ་ཧཱུྃ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཨ་རོ་ལིཀ་ཧཱུྃ། ཨོཾ་མཉྫུ་ཤྲཱི་ཡ་མཱནྟ་ཀ་བཛྲ་དྷྲིཀ་ཧཱུྃ། སོ་སོ་ནས་འབུམ་ཕྲག་རེ་བཟླས་པས་རྟགས་སྣ་ཚོགས་འབྱུང་ཞིང་དངོས་གྲུབ་ཐོབ་པར་འགྱུར་རོ། །འདི་ནི་སྔར་ཚད་མའི་དཀྱིལ་འཁོར་ཡིན་ཟེར་བའི་འཇམ་དཔལ་ཞི་ཁྲོ་ལྷ་བཞི་མ་འདི་ལྟར་རྨི་ལམ་དུ་གསལ་འོར་མཐོང་ཞིང་བརྡ་དོན་སྤྲད་པ་ལ། སླར་མི་ལོ་ཉེར་ལྔ་ཙམ་སོང་བས་ཕག་ཟླ་བ་གཉིས་པའི་ཚེས་གསུམ་གསུམ་ལ་རྫ་རྡོ་རྗེ་འཕེན་ཕྱུག་གི་རི་ཞོལ་དུ་འཇམ་དཔལ་དགྱེས་པས་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག །མངྒ་ལཾཿ ༈ འཇམ་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་བཞུགས་སོ། །དང་པོ་ཕྱི་ལྟར་སྒྲུབ་པ་ནི། རང་གི་སྤྱི་བོར་པད་ཟླའི་སྟེང་། །འཇམ་དཔལ་དམར་སེར་ཕྱག་བཞི་པ། །བདེ་ཡུམ་དང་གཉིས་མེད་སྦྱོར། །མོས་གུས་ཕྱོགས་དུས་རྒྱལ་བ་བདེ་བ་ཆེན་པོར། གསོལ་བཏབ་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བྱུང་སྤྱི་བོ་ནས། །རང་ལུས་ཐེམ་མེར་གང་བར་བསམ། །ནང་ལྟར་སྒྲུབ་པའི་རིམ་པ་ནི། རང་ཉིད་འཇམ་པལ་བདེ་བ་ཆེ། །དམར་སེར་རལ་པོད་མདའ་གཞུ་ཅན། །ཡུམ་དང་གཉིས་མེད་སྦྱོར་བ་ཡི། །ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཐུགས་སྲོག་དྷཱིཿལ་སྔགས་ཀྱིས་བསྐོར། །འོད་འཕྲོས་རྒྱལ་མཆོད་འགྲོ་སྒྲིབ་སྦྱང་། །སྣང་སྲིད་བདེ་ཆེན་དག་པའི་ཞིང་། །ཐམས་ཅད་རྡོ་རྗེའི་སྔགས་སྒྲ་འུར། །བདེ་ཆེན་དངས་མའི་བདུད་རྩི་ཀུན། །བཀུག་སྟེ་བདག་སྙིང་ཐིམ་པར་བསམ། །ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་མ་
ཧཱ་སུ་ཁ་ཧཱུྃ་ཨཱཿགསང་སྔགས་རྒྱལ་པོ་འབུམ་ནི་བཟླ། །ཉི་ཤར་རྒྱལ་ཁམས་འོད་ཀྱིས་གང་། །མེ་ཏོག་འཐུ་དང་རོལ་མོ་འཁྲོལ། །གཞོན་ནུའི་ཚོགས་ཀྱིས་མཆོད་ཅིང་འདུ། །ཁྲི་ལ་འདུག་དང་མཁའ་ལ་འཕུར། །གང་རུང་རྨིས་ན་ངེས་པར་འགྲུབ། །གསང་བ་ཐོ་རངས་དུས་ཀྱི་ཚེ། །རང་ཉིད་འཇམ་དཔལ་ཡབ་ཡུམ་གསལ། །ཐོག་མར་རླུང་རོ་ལན་གསུམ་བསལ། །སྙིང་གའི་དྷཱིཿལས་འོད་འཕྲོས་པས། །འཁོར་འདས་སྣང་སྲིད་ཐམས་ཅད་ཀུན། །བདེ་ཆེན་ངོ་བོར་མེར་གྱིས་ཞུ། །ཐམས་ཅད་དངས་མ་འོད་ལྔའི་མདངས། །འུབ་གྱིས་བསྡུས་ཏེ་རང་ལུས་གང་། །གཉུག་མའི་སྲོག་དང་དབྱེར་མེད་པའི། །མི་ཤིགས་ཐིག་ལེར་འོད་འབར་བསམ། །སྦྱོར་བ་བཞི་ལྡན་བུམ་ཅན་རླུང་། །ཅི་ལྟར་ནུས་པར་ཡུན་བསྲིང་གཟུང་། །ཞག་བདུན་འབད་ཀྱང་དངོས་གྲུབ་ཐོབ། །ཐབས་འདིས་བདེ་དྲོད་ཡེ་ཤེས་འཕེལ། །རྡོ་རྗེ་ཚེ་དང་ལང་ཚོ་འགྲུབ། །ཤིན་ཏུ་ཟབ་མོ་དགོངས་པའི་རྩལ། །ཉམས་སུ་བླངས་ན་ཡིད་ཆེས་སྐྱེད། །ས་མ་ཡཱ་རྒྱ༔ རབ་ཚེས་ས་ཕག་ཟླ་བ་གཅིག་པའི་ཚེས་བཅོ་ལྔ་ལ་རྫ་རྒྱལ་དགོན་དུ་དྷཱིས་བྲིས་པ་མངྒ་ལཾ།། ༈ །།རང་ཉིད་འཇམ་དཔལ་དམར་སེར་ཕྱག་བཞི་པ་གསལ་བ་ཡི། སྙིང་ག་རིན་ཆེན་དཔལ་བེའི་དབུས། །དངས་མ་འོད་ལྔའི་ཐིག་ལེའི་དབུས། །གཉུག་སྲོག་གཞོམ་མེད་ཨ་ཐུང་གསལ། །རྩ་གནས་རླུང་གི་འགྲོ་འོང་ཀུན། །ཨ་ཡི་རང་སྒྲར་བསམས་ལ་བཟླ། །དབྱངས་སམ་ཤུབ་བུ་ཡིད་བཟླས་བྱ། །ཞག་བདུན་རྩེ་གཅིག་བསྒོམས་པ་ཡིས། །རྡོ་རྗེའི་ཚེ་འགྲུབ་རྟོགས་པ་སྐྱིད། །འཇམ་དཔལ་ཡི་གེ་གཅིག་པ་ཡི། །སྒྲུབ་ཐབས་སྙིང་དང་འདྲ་བའོ། །ཨ་ལས་
ཀུན་བཟང་མཆོད་སྤྲིན་སྤྲོས། །མཁའ་ཁྱབ་རྒྱལ་བ་འཁོར་བཅས་མཆོད། །བྱིན་རླབས་ཨ་ཡི་སྤྲིན་དུ་བསྡུས། །གཉུག་མའི་སྲོག་ལ་ཐིམ་པར་བསམ། །ཡང་ནི་དེ་འོད་སྣང་སྲིད་ཁྱབ། །ཁམས་གསུམ་སེམས་ཅན་ལས་ཉོན་སྦྱང་། །ཐམས་ཅད་འཇམ་དཔལ་དབྱངས་སུ་གྱུར། །དངས་བཅུད་ཨ་ཡི་སྤྲིན་དུ་བསྡུས། །རང་གི་སྙིང་གར་ཐིམ་པར་བསམ། །ཡང་ནི་འཁོར་འདས་ཐམས་ཅད་ཀུན། །མཉམ་ཉིད་བདེ་ཆེན་ངང་དུ་སད། །དངས་མ་ཨ་ཡི་འོད་ཟེར་སྤྲིན། །རང་གི་སྙིང་གར་ཐིམ་པར་བསམ། །འདིས་ནི་ཚེ་བསོད་ཉམས་རྟོགས་དང་། །གཟུངས་སྤོབས་བློ་གྲོས་ཚད་མེད་འགྲུབ། །སྙིང་དབུས་ཨ་དཀར་བདུད་རྩི་ཡིས། །རྩ་ཁམས་ནད་ཀུན་སྦྱང་བར་བསམ། །ཨ་ནི་འབུམ་དུ་བཟླས་བྱས་ན། །ལས་སྒྲིབ་སྦྱོང་བས་ནད་རྣམས་ཀྱང་། །མྱུར་དུ་འཚོ་བར་ཐེ་ཚོམ་མེད། །ཨ་ཡིག་གསེར་མདོག་འོད་བདུད་རྩིས། །སྣང་སྲིད་བདེ་ཆེན་ནོར་བུའི་སྤྲིན། །རྒྱས་པའི་དངས་བཅུད་རང་ལུས་དང་། །གནས་ཁང་གང་བསམ་རྒྱས་པ་འགྲུབ། །ཨ་དམར་བདེ་ཆེན་ཆགས་འོད་ཀྱིས། །སྣང་སྲིད་ཀུན་དང་དམིགས་བྱ་དེ། །བདེ་ཆེན་ངང་ཞུ་དངས་བཅུད་ཀུན། །རང་ཐིམ་རོ་མཉམ་ངང་བཟླས་ན། །དབང་གི་ཕྲིན་ལས་འབད་མེད་འགྲུབ། །འདི་ནི་སྔ་མོ་ཞིག་ཡི་གེ་ཨ་ཡི་སྤྲིན་ཆེན་པོས་རང་ལ་བྱིན་ཕེབ་བར་རྨིས་པ། དེ་དུས་དེ་འདྲ་ཟབ་མོའི་ཆོས་འདི་ཡིད་ལས་རྡོལ་ཟབ། ས་མ་ཡ། དབོ་ཟླའི་ཚེས་བཟང་པོ་དང་པོར་བྲིས་པ་མངྒ་ལཾཿ འདི་བས་ཟབ་པའི་ཆོས་གཞན་མེད་དོ་དགེ། །། ༈ སྔགས་འགྲུབ་པའི་མན་ངག་ཁྱད་པར་ཅན་ནི། སྔགས་སྒྲུབ་པའི་ཐུན་འགོར། རང་གི་སྤྱི་བོར་སེང་ཁྲི་པད་ཟླའི་སྟེང་དུ་བཅོམ་ལྡན་འདས། །
ཤཱཀྱའི་རྒྱལ་པོ་ལ་འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་སོགས་འཕགས་ཚོགས་རྒྱ་མཚོས་བསྐོར་བ་གསལ་བཏབ་ལ། བླ་མ་སྟོན་པ་སོགས་ཐུབ་དབང་གི་མཚན་ནས་བརྗོད་ཅིང་། མུ་ནེ་ཅི་རིགས་རེ་བཟླས་མཐར། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཁོར་དང་བཅས་པས་བདག་གི་རྒྱུད་བྱིན་གྱིས་བརླབས་པས་གང་བཟླས་པའི་སྔགས་རྣམས་གེགས་མེད་མྱུར་དུ་འགྲུབ་པའི་མཆོག་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ཐུབ་དབང་འཁོར་བཅས་འོད་དམར་སེར་བདེ་བ་ཆེན་པོའི་རྣམ་པར་ཞུ་སྟེ་རང་གི་སྤྱི་གཙུག་ནས་སྙིང་དབུས་སུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཡེ་དྷརྨཱ་ཚར་གསུམ་མམ་གཅིག་བཟླའོ། །དེས་སྔགས་འགྲུབ་པར་འགྱུར་ཏེ་ཤེར་ཕྱིན་ཡི་གེ་ཉུང་ངུ་ཞེས་པ་ལས་ཐུབ་དབང་གི་སྔགས་ཁྱད་པར་ཅན་མུ་ནི་འདི་བཟླས་ན་སྔགས་བསྒྲུབ་པ་ལ་གེགས་མེད་ཅིང་མྱུར་དུ་འགྲུབ་པར་གསུངས་པའི་དགོངས་པ་བཞིན་རང་གི་ཉམས་སུ་བླང་བའི་དོན་ལྕགས་ཁྱི་ཟླ་བ་བཅུ་གཉིས་པའི་ཚེས་ཉི་ཤུ་ལ་མི་ཕམ་པས་ཡི་གེར་བཀོད་པ་དགེ། ༈ །།སྔགས་འགྲུབ་པའི་མན་ངག་ཁྱད་པར་ཅན། སྐྱབས་སེམས་ཚད་མེད་བསྒོམས་པའི་རྗེས་སུ་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རང་ཉིད་རྡོ་རྗེ་ཆོས་དམར་པོ་རྡོ་རྗེ་དྲིལ་བུ་འཛིན་པ་ལོངས་སྐུའི་ཆས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་ལྗགས་རྡོ་རྗེ་དམར་པོ་རྩེ་གསུམ་པའི་ལྟེ་བར་པདྨ་དམར་པོ་འདབས་མ་བརྒྱད་པའི་དབུས་སུ་ཨོཾ་ཨཱཿཧཱུྃ་བརྩེགས་མ་འོད་ཟེར་འཕྲོ་བ་དེའི་མཐའ་བསྐོར་དུ་དབྱངས་གསལ་རྟེན་སྙིང་གིས་བསྐོར་བ་གསལ། མདུན་
དུ་མཁའ་ཁྱབ་གསལ་བའི་སྟེང་། ཀྱི་རྒྱལ་བ་སྲས་བཅས་དམིགས་ལ་བདག་ཉིད་ལ་བྱིན་གྱིས་བརླབ་ཏུ་གསོལ་ཞེས་རྩེ་གཅིག་གསོལ་བ་བཏབ་སྟེ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མོ་སཾ་གྷཱ་ཡཱ། ཉེར་གཅིག་གམ་བདུན་བཟླས་ལ། དཀོན་མཆོག་གསུམ་གྱིས་བདེན་པ་བསླུ་བ་མེད་པས་བདག་ལ་བྱིན་གྱིས་བརླབས་ནས་སྔགས་ཐམས་ཅད་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་བྱ། སྐབས་སྐབས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་པའི་སྔགས་ཀྱིས་མགོ་བོར་ལན་རེ་སྦྱར་ཞིང་དེ་མིན་རྒྱུན་དུ། ཨོཾ་ཨཱཿཧཱུྃ་ཨ་ཨཱ་སོགས། ཨཾ་ཨཿ ཀ་ཁ་ག་སོགས། ཀྵ༔ ཡེ་དྷརྨཱ་སོགས། ཎ་ཡེ་སྭཱ་ཧཱ། ཞེས་དེ་ལྟར། ཨོཾ་ཨཱཿཧཱུྃ་གིས་དབུ་མནན། སྭཱ་ཧཱས་མཐའ་བརྟེན་པའི་དབྱངས་གསལ་རྟེན་སྙིང་ཅི་འགྲུབ་བཟླ་ཞིང་། ཕྱོགས་དུས་རྒྱལ་བ་སྲས་བཅས་དང་དམ་ཆོས་དཀོན་མཆོག་གི་བྱིན་རླབས་འཁོར་འདས་ཀྱི་དངས་བཅུད་ཐམས་ཅད་ཡིག་འབྲུ་འོད་ཟེར་གྱི་རྣམ་པས་རང་གི་ལྕེ་རྡོ་རྗེ་པདྨ་སྔགས་དང་བཅས་པ་ལ་ཐིམ་པས་གསུང་རྡོ་རྗེའི་བྱིན་རླབས་མ་ལུས་པ་ཐོབ་པར་བསམ་པས་སྔགས་གང་བཟླས་ཀྱང་ནུས་པ་ཐོགས་མེད་འབྱུང་བ་འདི་ནི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟ་བུ་ཡིན་ནོ། །འདི་ཁོ་ནར་བཟླས་བརྗོད་བྱས་ན་ཆེད་དུ་མིན་ཡང་རང་བཞིན་གྱིས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི། ཚེ་བསོད་ཤེས་རབ་ཉམས་རྟོགས་དཔལ་འབྱོར་འཕེལ། སྣང་སྲིད་དབང་དུ་འདུ། གནོད་བྱེད་ཚར་ཆོད། མཆོག་གི་དངོས་གྲུབ་འགྲུབ་པ་ལ་ཐེ་ཚོམ་མེད་ཅིང་མདོར་ན་རྒྱལ་བ་སྲས་བཅས་རིག་འཛིན་དྲང་སྲོང་ལྷ་རྣམས་ཀྱིས་ཇི་སྙེད་གསུངས་པའི་གསང་
སྔགས་རིག་སྔགས་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དབྱངས་གསལ་ལ་མ་འདུས་པ་མེད་ཅིང་། བདེན་པའི་བྱིན་རླབས་ཐམས་ཅད་རྟེན་འབྲེལ་སྙིང་པོ་ལ་ཚང་པའི་གནད་མན་ངག་གི་ཐབས་མཁས་འདིས་འཇིག་རྟེན་དང་འཇིག་རྟེན་འདས་པའི་སྔགས་བཟླས་པའི་དངོས་གྲུབ་ཐམས་ཅད་མ་ཚང་བ་མེད་པར་ཅིག་ཆར་འབྱུང་བ་ཡིན་པས་ཕན་ཡོན་ཚད་མེད་དོ། །དེའི་ཕྱིར་སྨྲ་བཅད་ཀྱིས་འདི་འབུམ་ཕྲག་གཅིག་བཟླས་ན་མཆོག་ཐུན་དངོས་གྲུབ་གང་ཡང་ཡིད་ལ་རེ་བ་བཞིན་འགྲུབ་བོ། །ས་མ་ཡཱ་རྒྱ༔ ཨི་ཐི་གསང་རྒྱ། རྒྱུད་ལུང་མན་ངག་གི་དགོངས་པ་བཞིན་འཇམ་དཔལ་རྡོ་རྗེས་དགེ་བྱེད་ཆུ་སྟག་ཟླ་བ་བརྒྱད་པའི་ཚེས་ཉེར་ལྔ་ལ་བཀོད་པ་དགེ་ལེགས་འཕེལ་ལོ།། ༈ །།དེ་ལྟར་གྲུབ་ནས་རང་ཉིད་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལོངས་སྐུའི་རྒྱན་ཆས་ཅན་གྱི་སྤྱི་བོར་ཟླ་གདན་ལ་འཇམ་དཔལ་དཀར་པོ་མཆོག་སྦྱིན་ཨུཏྤལ་བསྣམས་པའི་ཐུགས་ཀར་ཟླ་བ་ལ་ཨོཾ། མགྲིན་པར་པད་གདན་ལ་སྤྱན་རས་གཟིགས་དམར་པོ་མཆོག་སྦྱིན་པདྨ་བསྣམས་པའི་ཐུགས་ཀར་ཨཱཿཐུགས་དབུས་ཉི་གདན་ལ་ཕྱག་ན་རྡོ་རྗེ་མཐིང་ནག་གཡས་རྡོ་རྗེ་གཡོན་དྲིལ་བུ་འཁྲོལ་བའི་ཐུགས་ཀར་ཧཱུྃ་བསྒོམ། ཡང་ན་རྡོར་སེམས་ཀྱི་གནས་གསུམ་ཟླ་པད་ཉི་མའི་དབུས་སུ་རིགས་གསུམ་སེམས་དཔའ་དང་ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ངོ་བོ་ཡིག་འབྲུར་བསམ། འོད་ཟེར་འཕྲོ་འདུ་སྤྱི་ལྟར་དང་སྣང་སྲིད་སྐུ་གསུང་ཐུགས་ཀྱི་འཁོར་ལོ་བསམས་ལ། ཨོཾ་ཨཱཿཧཱུྃ། བཟླ། དེ་ཡང་ཅི་
འགྲུབ་བཟླས་པས་གྲུབ། །རབ་ན་འབུམ་ཕྲག་གསུམ་བཟླས་པས་དངོས་གྲུབ་ཐོགས་པ་མེད་པར་འགྲུབ། ལྷ་ཐམས་ཅད་གསང་ཆེན་རིགས་གཅིག་གམ་རིགས་གསུམ་དུ་བསམ་སྟེ་སྔགས་ཐམས་ཅད་ཀྱི་སྙིང་པོ་མཐར་ཐུག་པ་འབྲུ་གསུམ་ལ་འདུས་པས་དེས་དངོས་གྲུབ་ལེན་འཐུག དེ་ལྟར་གྲུབ་ནས་ཐམས་ཅད་ཐིག་ལེ་ཉག་གཅིག་ལ་འདུས་པའི་ལྷ་གཅིག་སྔགས་གཅིག་ཧཱུྃ་སྒྲུབ་ལྟར་ཉམས་སུ་བླང་བས་འགྲུབ་བོ། །དེ་གྲུབ་ནས་མི་གསུང་མཉམ་བཞག་སྔགས་ཀྱི་རྒྱལ་པོ་རྫོགས་པ་ཆེན་པོའི་དོན་ལ་མཉམ་པར་བཞག །འདི་བཞིན་བསྙེན་པ་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་ཡིན་ཏེ་ཚུལ་འདིས་ཚེ་འདིར་མཆོག་གི་སྒྲུབ་པ་འགྲུབ་བོ་ས་མ་ཡ་རྒྱ༔ ༈ །།སྤོབས་སྒྲུབ་གསོལ་འདེབས་ནི། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་དང་། །འཇམ་དཔལ་དཔའ་བོ་ཁྱེད་ལ་གསོལ་བ་འདེབས། །ཅིས་ཀྱང་འཇིགས་པ་མེད་པ་རྡོ་རྗེའི་སེམས། །ནམ་མཁའ་ལྟ་བུའི་སྤོབས་པ་འགྲུབ་པར་མཛོད། །ཅེས་དམིགས་ཤིང་ནན་ཏན་གསོལ་བ་བཏབ་ལ་འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་སོགས་ཀྱི་སྙིང་པོ་བཟླ། མཎྜལ་ཕུལ། སྨོན་ལམ་གདབ་བོ། །ལྷ་གང་འདོད་བསྒྱུར་ཆོག་གོ །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །རྣམ་རྟོག་ངན་པའི་དབང་དུ་མི་འགྲོ་ཞིང་། །སེམས་ལ་དབང་ཐོབ་རྒྱལ་བའི་བྱིན་རླབས་ཞུགས། །འཇིགས་མེད་བདེ་ཆེན་རྡོ་རྗེ་ཐོབ་པར་ཤོག །ཅེས་སྨོན་ལམ་མོ། །མངྒ་ལཾཿ ༈ །།སྤོབས་སྒྲུབ་ངག་འདོན་ནི། ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སེམས་དཔའ་ནི། །ངག་གི་དབང་ཕྱུག་ཅེས་སུ་གྲགས་འབར་བ། །སྐུ་མཆོག་འཇམ་དཔལ་གཞོན་ནུར་གྱུར་པ་དེས། །
བྱང་ཆུབ་བར་དུ་ཤིས་པས་སྐྱོང་བར་མཛོད། །དུས་གསུམ་གཤེགས་པའི་སྲས་བཅས་རྒྱལ་བ་ཀུན། །ངེས་པའི་དོན་དུ་མགོན་པོ་ཁྱོད་ཉིད་དེ། །ཁྱོད་ལས་སྐྱབས་གཞན་ནམ་ཡང་མི་ཚོལ་བར། །ཁྱོད་ཉིད་གཅིག་པུ་བདག་གི་གཏན་གྱི་སྐྱབས། །རྨོངས་པའི་མུན་པར་འཐུམས་པའི་སེམས་ཅན་ལ། །ཡང་དག་ཆོས་ཀྱི་སྣང་བ་གསལ་བའི་ཕྱིར། །སྐྱབས་མཆོག་བསླུ་མེད་ཁྱོད་ཀྱི་མཁྱེན་པའི་ཟེར། །བདག་གི་སྙིང་དབུས་པདྨོར་བཅུད་དུ་ལེན། །མདུན་མཁར་སྣ་ཚོགས་འཇའ་ཟེར་ཐིག་ལེའི་དབུས། །རྣམ་མང་མཆོད་པའི་སྤྲིན་ཆེན་འཁྲིགས་པའི་ཀློང་། །འཆར་ཀའི་མདངས་ལྡན་གཞོན་ནུའི་ལང་ཚོ་ཅན། །རལ་པོད་མདའ་གཞུ་འཛིན་ཅིང་སྐྱིལ་ཀྲུང་བཞུགས། །དེ་ཡི་ཐུགས་དབུས་སྔགས་ཀྱི་རྒྱལ་པོ་ལས། །དབྱངས་གསལ་ཡི་གེ་མར་མེའི་ཕྲེང་བ་ལྟར། །བརྒྱུད་མར་བྱུང་བ་ཞལ་ནས་རང་སྒྲར་བཅས། །བདག་གི་སྙིང་གི་དབུས་སུ་ཐིམ་པར་གྱུར། །གསོལ་བ་འདེབས་སོ་མགོན་པོ་འཇམ་པའི་དབྱངས། །ཐུགས་རྗེས་དགོངས་ཤིག་ཡེ་ཤེས་ཐུགས་ཀྱི་འོད། །བདག་གི་སྙིང་ལ་མྱུར་དུ་ཞུགས་ནས་ཀྱང་། །བྱིན་གྱིས་རློབས་ཤིག་གཟུངས་སྤོབས་བློ་གྲོས་སྩོལ། །བདག་གཞན་དུས་གསུམ་ལུས་འབྱོར་དགེ་བར་བཅས། །བསྡོམས་ཏེ་ཀུན་བཟང་མཆོད་པའི་སྤྲིན་ཕུང་དུ། །མགོན་པོ་ཁྱེད་ལ་འབུལ་ལོ་བཞེས་ནས་ཀྱང་། །སྟན་ཐོག་འདི་རུ་གཟུངས་སྤོབས་གྲུབ་པར་མཛོད། །
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས། །འཇམ་དཔལ་རྡོ་རྗེ་རྣོན་པོར་གསོལ་བ་འདེབས། །བདག་རྒྱུད་བྱིན་གྱིས་རླབས་པར་མཛད་དུ་གསོལ། །བདེ་ཆེན་རིག་པའི་ངོ་བོ་འཇམ་པའི་དབྱངས། །ཤེས་རབ་སྟོང་པའི་རང་བཞིན་དབྱངས་ཅན་མར། །མཉམ་སྦྱོར་མི་ཕྱེད་སྙིང་གི་ཏི་ལ་ཀཿ དུས་གསུམ་འདུ་འབྲལ་མེད་པར་འུབ་ཆུབ་ནས། །འཆི་མེད་རྡོ་རྗེ་སྲོག་གི་དཔལ་གྲུབ་ཅིང་། །མི་ཟད་གཟུངས་སྤོབས་བློ་གྲོས་ཡོན་ཏན་ཀུན། །རིག་པའི་ངང་དུ་རྒྱས་ནས་རང་གཞན་དོན། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །མ་རྟོགས་གློ་བུར་ལས་རླུང་མུན་པའི་ཚོགས། །རླན་མེད་སྤྲ་བའི་ཁྲོད་དུ་མེ་བཞིན་དུ། །རྒྱལ་འཇོམས་མཁྱེན་པའི་འོད་ཟེར་སྔགས་ཀྱི་ཚོགས། །བདག་གི་སྙིང་ལ་ད་ལྟ་འགྱེད་པར་མཛོད། །མི་དང་མི་མིན་བསམ་སྦྱོར་ངན་པ་དང་། །ཕ་རོལ་བྱད་སྟེམས་མི་ཤེས་བར་ཆད་བགེགས། །དག་མཉམ་རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་མེས། །ལྷག་མེད་ད་ལྟ་ཉིད་དུ་གཞོམ་པར་མཛོད། །དངོས་ཀུན་ཟང་ཐལ་ཡེ་ཤེས་ཆེན་པོའི་རྩལ། །མཁྱེན་གཉིས་ཉི་མ་བྱེ་བའི་སྣང་བ་ཡིས། །རྒོལ་དང་ཐེ་ཚོམ་རྒུད་པའི་སྨག་རུམ་འཇོམས། །ཕྱོགས་ལས་རྣམ་རྒྱལ་སྙན་པས་སྲིད་ཀུན་ཁྱབ། །སྙིང་གའི་དབུས་སུ་བཅོམ་ལྡན་འཇམ་པའི་དབྱངས། །དངས་པའི་མཁའ་ལ་ཉི་མ་ལྟར་འབར་བས། །རིང་ནས་
འདྲིས་པའི་མུན་ཚོགས་མཐར་བྱེད་ཅིང་། །ཟབ་རྒྱས་བློ་ཡི་སྣང་བ་འཕྲོ་བར་མཛོད། །ལྕེ་སྙིང་རལ་གྲི་རྡོ་རྗེའི་རང་བཞིན་དུ། །བསྒྱུར་བྱེད་རིག་སྔགས་ཆེན་པོ་ཚད་མའི་གཞུང་། །ཐ་སྙད་དཔྱོད་པའི་ཤེས་རབ་དྲི་མ་མེད། །ཆོས་ཀྱི་གྲགས་པའི་མཁྱེན་རབ་སྙིང་ལ་སྦོར། །མ་སྐྱེས་སྟོང་པ་ཆེན་པོའི་རིག་པའི་མེས། །དངོས་འཛིན་སྲིད་པའི་བུད་ཤིང་མཐར་བྱེད་པ། །དོན་དམ་དཔྱོད་པའི་ཤེས་རབ་མཐར་ཐུག་པ། །དཔལ་ལྡན་ཀླུ་ཡི་དགོངས་པ་སྙིང་ལ་ཤར། །ཇི་ལྟ་ཇི་སྙེད་ཤེས་བྱའི་རྣམ་པ་ཀུན། །མི་ཕྱེད་རིག་སྟོང་ཐུགས་ཀྱི་རྡོ་རྗེ་ནི། །འོད་གསལ་གཉུག་མའི་ཡེ་ཤེས་བླ་ན་མེད། །དགའ་རབ་རྡོ་རྗེའི་ཐུགས་རྒྱུད་སྙིང་ལ་འཕོས། །མགྲིན་པར་དབྱངས་ཅན་ངག་གི་རྒྱལ་མོ་ནི། །རྟག་ཏུ་དགྱེས་རྒུར་རོལ་བས་སྣ་ཚོགས་མིང་། །སྡེབས་ལེགས་ཚིག་གི་ཕྲེང་བར་སྤེལ་བ་ཡིས། །རབ་སྙན་ངག་གི་བརྟུལ་ཞུགས་གྲུབ་པར་མཛོད། །དབྱངས་གསལ་འཕྲོ་འདུས་སྣ་ཚོགས་ཆོས་ཀྱི་དོན། །རབ་གསལ་སྨྲ་བ་པདྨའི་ལྗགས་ལྡན་ཅིང་། །ཡུལ་དུས་གྲངས་ཀྱི་འཇུག་པ་ལེགས་རྟོགས་ནས། །ཕྱི་ནང་རྟེན་འབྲེལ་གནད་ལ་མཁས་གྱུར་ཅིག །འབྱུང་འཁྲུགས་ཉེས་པའི་རྙོགས་པ་ཞི་བ་སོགས། །སྒོ་གསུམ་སྣ་ཚོགས་བསམ་པའི་འཕྲུལ་གནད་ལ། །མི་འཇིགས་སྤོབས་པའི་བརྟུལ་ཞུགས་གྲུབ་པ་ཡིས། །རྣམ་མང་སྐྱེ་རྒུ་རྗེས་སུ་འཛིན་གྱུར་
ཅིག །ལུས་ནི་སྣང་སྟོང་ལྷ་ཡི་དཀྱིལ་འཁོར་དང་། །ངག་ནི་གྲགས་སྟོང་སྔགས་ཀྱི་རང་སྒྲར་ཤར། །སེམས་ནི་གསལ་སྟོང་འོད་གསལ་ཆེན་པོར་གནས། །ཀུན་ཀྱང་རིག་སྟོང་ཡེ་ཤེས་རྡོ་རྗེར་གྲོལ། །འཇམ་པའི་རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་། །བདག་གི་སྒོ་གསུམ་དབྱེར་མེད་རོ་གཅིག་པའི། །མཐར་ཕྱིན་ཡེ་ཤེས་སྐུ་རུ་གྲུབ་ནས་ཀྱང་། །མ་ལུས་འགྲོ་བའི་ཕན་བདེ་ལྷུན་གྲུབ་ཤོག །དེ་ལྟར་གསོལ་བ་བཏབ་པའི་རྟེན་འབྲེལ་ལས། །སྟོན་པ་ཤཱཀྱའི་རྒྱལ་པོ་རྒྱལ་སྲས་བརྒྱད། །གནས་བརྟན་བཅུ་དྲུག་རྒྱན་མཆོག་སློབ་མར་བཅས། །མདོར་ན་ཕྱོགས་དུས་སྲས་བཅས་རྒྱལ་བ་ཀུན། །རྡོ་རྗེའི་མ་ཚིག་ཆེན་པོས་ཉེར་བསྐུལ་ནས། །ཀུན་གྱི་མཁྱེན་བརྩེ་ནུས་པའི་རང་གཟུགས་ཀུན། །འཇམ་མགོན་ཐུགས་ཀྱི་ཐིག་ལེར་ཡོངས་བསྡུས་ནས། །འོད་ཟེར་ཚུལ་དུ་བདག་གི་སྙིང་ལ་སྩོལ། །ཞེས་དམིགས་ལ་མདོ་སྔགས་ཀྱི་གསུང་རྡོ་རྗེ་ངག་གི་དབང་ཕྱུག་གྱི་རྣམ་པར་རོལ་པ་འདི་བཀླག་པར་བྱའོ།། ༈ །།རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི། འདི་ལྟར་གཟུངས་ཀྱི་སྒོ་རྣམས་ཏེ། ཡི་གེ་མཉམ་པ་ཉིད་དང་། བརྗོད་པ་མཉམ་པ་ཉིད་དང་། ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་སྟེ། དེ་ལ་ཡི་གེའི་སྒོ་དང་། ཡི་གེ་ལ་འཇུག་པ་གང་ཞེ་ན། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ར་ཞེས་བྱ་བ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་
ཀྱི་སྒོའོ། །པ་ཞེས་བྱ་བ་ནི་དོན་དམ་པ་སྟོན་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ། །ན་ཞེས་བྱ་བ་ནི་མིང་དང་བྲལ་ཞིང་མིང་གི་རང་བཞིན་མ་ཐོབ་མ་སྟོར་བས་ཆོས་ཐམས་ཅད་ཀྱི་སྒོའོ། །ལ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་ཤིང་སྲིད་པའི་འཁྲི་ཤིང་དང་རྒྱུ་དང་རྐྱེན་ཡང་དག་པར་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ད་ཞེས་བྱ་བ་ནི་དུལ་བ་དང་དུལ་བའི་གནས་སུ་ཡོངས་སུ་ངེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པ་ཞེས་བྱ་བ་ནི་བཅིངས་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་དཀྲུགས་མ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་ཆགས་པ་མི་དམིགས་པས་ཆགས་པར་མི་འགྱུར། འཆིང་བར་མི་འགྱུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བ་ཞེས་བྱ་བ་ནི་ངག་གི་ལམ་དང་སྒྲ་ཡང་དག་བར་ཆད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལས་མ་གཡོས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡ་ཞེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །པྲ་ཞེས་བྱ་བ་ནི་ཁེངས་པ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀ་ཞེས་བྱ་བ་ནི་བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ས་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་
མི་དམིགས་པས་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །མ་ཞེས་བྱ་བ་ནི་བདག་གིར་བྱ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ག་ཞེས་བྱ་བ་ནི་འགྲོ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་གནས་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛ་ཞེས་བྱ་བ་ནི་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤྭ་ཞེས་བྱ་བ་ནི་དབུགས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །དྷ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཤ་ཞེས་བྱ་བ་ནི་ཞེ་གནས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཁ་ཞེས་བྱ་བ་ནི་ནམ་མཁའ་དང་མཉམ་པས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཀྵ་ཞེས་བྱ་བ་ནི་ཟད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྟ་ཞེས་བྱ་བ་ནི་བསྟོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཛྙཱ་ཞེས་བྱ་བ་ནི་ཡེ་ཤེས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །རྟ་ཞེས་བྱ་བ་ནི་ཉོན་མོངས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །བྷ་ཞེས་བྱ་བ་ནི་འཇིགས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཚ་ཞེས་བྱ་བ་ནི་མདོག་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྨ་ཞེས་བྱ་བ་ནི་དྲན་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཧྭ་
ཞེས་བྱ་བ་ནི་བདེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཏས་ཞེས་བྱ་བ་ནི་མོས་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །གྷ་ཞེས་བྱ་བ་ནི་སྟུག་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཐ་ཞེས་བྱ་བ་ནི་བསྒྲུབ་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཎ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པས་གང་ཡང་འགྲོ་བ་མེད་ལ་འོང་བ་མེད་ཅིང་འདུག་པ་མེད་ལ་ཉལ་བར་འགྱུར་བ་མེད་པས་རྣམ་པར་མི་རྟོག་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཕ་ཞེས་བྱ་བ་ནི་འབྲས་བུ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །སྐ་ཞེས་བྱ་བ་ནི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཡས་ཞེས་བྱ་བ་ནི་མི་བདེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཙ་ཞེས་བྱ་བ་ནི་སྤྱོད་པ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཊ་ཞེས་བྱ་བ་ནི་སྡུག་བསྔལ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཌྷ་ཞེས་བྱ་བ་ནི་གཡོག་པ་མི་དམིགས་པའི་མཐར་ཐུག་པར་གནས་པར་འཆི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོ་སྟེ། དེ་ཡན་ཆད་ཡི་གེའི་ཐ་སྙད་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་ལ་ཡང་གང་གིས་ཐ་སྙད་དུ་བྱ་བ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་དང་། གང་བྲི་བ་དང་། གང་སྣང་བ་དང་། གང་བཀླག་པར་བྱ་བ་དེ་ལྟ་བུའི་མིང་གང་ཡང་མེད་དོ། །རབ་འབྱོར་འདི་ལྟ་སྟེ། དཔེར་
ན་ནམ་མཁའ་བཞིན་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱ་སྟེ། རབ་འབྱོར་འདི་ནི་གཟུངས་ཀྱི་སྒོ་ལ་འཇུག་པ། ཨ་ལ་སོགས་པའི་ཡི་གེ་བསྟན་པ་ལ་འཇུག་པའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་ཨ་ལ་སོགས་པའི་ཡི་གེ་ལ་མཁས་པར་བྱ་བ་འདི་ཡོངས་སུ་ཤེས་ན། དེ་ནི་སྒྲ་གང་ལ་ཡང་ཆགས་པར་མི་འགྱུར་ཏེ། ཐམས་ཅད་ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་འགྱུར་ཞིང་། སྒྲ་ཤེས་པར་བྱ་བ་ལ་མཁས་པ་ཐོབ་པར་འགྱུར་རོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་གང་གིས་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱ་འདི་དང་། ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པའི་ཕྱག་རྒྱའི་ཚིག་འདི་དག་ཐོས་ཏེ། ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་ཅིང་གཞན་ལ་ཡང་ཚུལ་དང་ལྡན་པའི་བློས་སྟོན་ན། དེ་ལ་ལེགས་པ་ཉི་ཤུ་ཡོད་པར་ཤེས་པར་བྱའོ། །ཉི་ཤུ་གང་ཞེ་ན། འདི་ལྟ་སྟེ། དྲན་པ་དང་ལྡན། བློ་གྲོས་དང་ལྡན། རྟོགས་པ་དང་ལྡན། བློ་དང་ལྡན། དགའ་བ་དང་ལྡན། ངོ་ཚ་ཤེས་པ་དང་ལྡན། སྤོབས་པ་དང་ལྡན་པར་འགྱུར་བ་དང་། གཟུངས་ཀྱི་སྒོ་འདི་ཡང་ཉོན་མོངས་པ་མེད་པ་ཐོབ་ཅིང་ཐེ་ཚོམ་མེད་པར་འགྱུར་ལ། གཞན་ལས་ངག་སྙན་པ་ཐོས་ཀྱང་ཆགས་པར་འགྱུར་བ་མེད་ཅིང་། ཞེ་གཅོད་པའི་ཚིག་ཐོས་ཀྱང་ཁོང་ཁྲོ་བར་མི་འགྱུར་བས། མཐོ་བ་མེད་ཅིང་དམའ་བ་མེད་དེ། ཚུལ་བཞིན་དུ་གནས་པར་འགྱུར་བ་དང་། སྒྲ་ལ་མཁས་
པར་འགྱུར་བ་དང་། ཕུང་པོ་ལ་མཁས་པར་འགྱུར་བ་དང་། ཁམས་ལ་མཁས་པར་འགྱུར་བ་དང་། སྐྱེ་མཆེད་ལ་མཁས་པར་འགྱུར་བ་དང་། བདེན་པ་ལ་མཁས་པར་འགྱུར་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་འགྱུར་བ་སྟེ། རྒྱུ་ལ་མཁས་ཤིང་རྐྱེན་ལ་མཁས་པར་འགྱུར་བ་དང་། ཆོས་ཉིད་ལ་མཁས་པར་འགྱུར་བ་དང་། དབང་པོ་རབ་དང་ཐ་མ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། འཆི་འཕོ་དང་སྐྱེ་བ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ལྷའི་རྣ་བས་ཤེས་པ་ལ་མཁས་པར་འགྱུར་བ་དང་། ཕ་རོལ་གྱི་སེམས་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། རྫུ་འཕྲུལ་གྱི་རྣམ་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། ཟག་པ་ཟད་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། གནས་དང་གནས་མ་ཡིན་པར་བསྟན་པ་ཤེས་པར་བྱ་བ་ལ་མཁས་པར་འགྱུར་བ་དང་། འགྲོ་བ་ལ་མཁས་ཤིང་ལྡོག་པ་ལ་མཁས་པར་འགྱུར་བ་དང་། སྤྱོད་ལམ་ལ་མཁས་པར་འགྱུར་བ་དང་། ཁྲེལ་ཡོད་པ་དང་ངོ་ཚ་ཤེས་པ་ལ་མཁས་པ་ཡང་འཐོབ་པར་འགྱུར་ཏེ། རབ་འབྱོར་གཟུངས་ཀྱི་སྒོ་ཨ་ལ་སོགས་པའི་ཡི་གེ་ལ་འཇུག་པ་འདི་ཡང་། དེ་མི་དམིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ།། ༈ །དེ་ནས་དེ་
བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་། །ཨཿ རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བརྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ། །ཨཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཐ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ་འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ས་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས་ནས། ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། །ཧོཿ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཨ་ནི་སྟོང་དང་མི་སྟོང་གི །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །ཨ་ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་
ཐམས་ཅད་བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ཨེ་མ་ཧོ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་། །ཚིག་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང་། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱི། །རོལ་པ་ཅིར་ཡང་སྤྲུལ་ཞིང་སྟོན། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས། །དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵཿལ་རྫོགས། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེ་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ཀྱི་ངོ་མཚར་གྱི། །ཡ་མཚན་འཕྲུལ་ཆེན་རབ་འགུགས་པའོ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མ་ནོར་ལམ་ཡིན་ཏེ། །ཏིག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། །ཨ་ནི་སྐྱེ་མེད་དེ་བཞིན་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བས་སྒྱུ་འཕྲུལ་ཉིད། །ཋ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། །ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད། །ཐ་ནི་དྲྭ་བ་མངོན་རྫོགས་ཉིད། །ཏ་ནི་དྲྭ་བ་བརྟན་པ་ཉིད། །ད་ནི་དྲྭ་བ་ལྷམ་མེ་ཉིད། །དྷ་ནི་དྲྭ་བ་འཁྲིལ་བ་ཉིད། །ན་ནི་དྲ་
བ་ཀུན་ཏུ་འགྱུར། །ཀ་ནི་སྤྱན་གྱི་ཐུགས་ཀྱི་མཆོག །ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག །ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག །གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག །ང་ནི་ཐུགས་ཀྱང་འཇིག་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག །ཚ་ནི་སྙན་གྱི་སྐུ་ཡི་མཆོག །ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག །ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག །ཉ་ནི་སྐུ་ཡང་འཇིག་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག །ཕ་ནི་སྙན་གྱི་གསུང་གི་མཆོག །བ་ནི་ཤངས་ཀྱི་གསུང་གི་མཆོག །བྷ་ནི་ལྗགས་ཀྱི་གསུང་གི་མཆོག །མ་ནི་གསུང་ཡང་འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག །ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིག་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཤ་ནི་རྟག་པ་དག་པ་སྟེ། །ཥ་ནི་ཆད་པ་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ཨི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཨཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ཨུ་ནི་རྡུལ་སྙེད་མི་རྣམས་སུ། །ཨཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ཨེ་ནི་རྡུལ་སྙེད་ཡི་དྭགས་སུ། །ཨཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ཨོ་ནི་ཐམས་ཅད་འཇིག་པར་བྱེད། །ཨཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདིས། །སྐུ་གསུང་ཐུགས་ཀྱི་ཕྲེང་བ་བསྡུས། །ཞེས་བརྗོད་དོ། །ཨ་ཧོཿ དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད། སྐུ་
གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ་། །ཨ་ཧོཿ ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་སོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས། །འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཨ་ཧོཿ རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོ་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡི་གེ་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི་པའོ།། ༈ །མཐར་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །ཀླུ་སྒྲུབ་ཐོགས་མེད་ཨརྱ་དཱེ་བ་དང་། མཆོག་ཟུང་གཉིས་དང་ཉན་ཐོས་མཆོག་བརྒྱད་དང་། །དབྱིག་གཉེན་ཕྱོགས་གླང་ཆོས་ཀྱི་གྲགས་པ་དང་། །དགའ་རབ་རྡོ་རྗེ་རིག་འཛིན་ཆེན་པོ་བརྒྱད། །ཡོན་ཤག་རྣམ་གཉིས་སྨྲྀ་ཏི་དཔའ་བོ་དང་། །ཙནྡྲ་གོ་མི་ཟླ་གྲགས་ཞི་བ་ལྷ། །མཁན་སློབ་ཆོས་གསུམ་སྲོང་བཙན་ཐུ་མི་རྗེ། །བཻ་རོ་སྐ་ཅོག་རོང་ཟོམ་ཀློང་ཆེན་པ། མར་པ་མི་ལ་ས་སྐྱ་པཎྜི་ཏ། །རྔོག་ལོ་ཆེན་པོ་རིན་བཟང་གཡུ་ཐོག་པ། །ཙོང་ཁ་པ་དང་སྒྲོལ་མགོན་རང་བྱུང་ཞབས། །དགྱེས་རབ་རྡོ་རྗེ་མཁྱེན་བརྩེའི་དབང་པོ་དང་། །ཆོས་ཀྱི་དབང་པོ་ཡོན་ཏན་རྒྱ་མཚོ་སོགས། །
རྩ་བརྒྱུད་བླ་མའི་ཚོགས་ལ་གསོལ་བ་འདེབས། །སྒྲུབ་སྡེ་བཀའ་བརྒྱད་འཇམ་དཔལ་ཞི་ཁྲོ་དང་། །དུས་ཀྱི་འཁོར་ལོ་ལ་སོགས་ཡི་དམ་ལྷ། །འཇམ་དཔལ་གྲགས་པ་རྡོ་རྗེའི་རིགས་ལྡན་དང་། །དྲག་པོ་འཁོར་ལོ་ཅན་དང་སེང་ཆེན་རྒྱལ། །ཇོ་འབྲོམ་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །བདག་གི་གཟུངས་དང་སྤོབས་པ་བློ་གྲོས་ཀྱི། །དངོས་གྲུབ་མཆོག་ནི་མྱུར་དུ་གྲུབ་པ་དང་། །སྐྱབས་གནས་དམ་པ་རྣམས་དང་ནམ་ཡང་ནི། །འདུ་འབྲལ་མེད་པ་འཇམ་དཔལ་རྡོ་རྗེ་ཡི། །ཐུགས་ཀྱི་ཐིག་ལེར་རོ་མཉམ་ཉིད་གྱུར་ནས། །མཐའ་ཡས་འགྲོ་བའི་དོན་ཀུན་སྒྲུབ་པར་ཤོག །ནམ་མཁའི་སྙིང་པོ་ལ་སོགས་རྒྱལ་སྲས་དང་། །སྨོན་ལམ་དབང་གི་རྒྱལ་བ་རྣམས་དང་ཡང་། །མགོན་པོ་ཐུགས་རྗེ་ཆེན་པོ་མངའ་རྣམས་ཀྱིས། །བདག་གིས་འཇམ་དཔལ་མྱུར་དུ་གྲུབ་བྱིན་རློབས། ༈ །སྤོབས་པ་ཆེན་པོ་བསྒྲུབ་པར་འདོད་པས། རང་གི་སྙིང་ཕ་ལམ་གྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར། པད་ཉི་ཟླ་བའི་གདན་ལ་འཇམ་དཔལ་མཆོག་སྦྱིན་རྡོ་རྗེ་བསྒོམས། དེ་ལ་སྲིད་ཞིའི་སྤོབས་པ་ཐམས་ཅད་བསྡུས་ནས་ཐིམ་པས་ཅིས་ཀྱང་མི་འཇིགས་པའི་སྤོབས་པ་རྡོ་རྗེ་ལྟ་བུ་ནམ་མཁའ་དང་མཉམ་པ་གྲུབ་པར་བསམས་ལ། མཉྫུ་ཤྲཱི་བར་སོགས་མཐར། ཨོཾ་ཨ་ཝཱི་ར་འབྲུ་བཅུ་གཅིག་པ་ཁྲི་ནས་འབུམ་གྱི་བར་བཟླས་པས་སྤོབས་པ་འགྲུབ་པར་འགྱུར་ཏེ། དངོས་སུ་དཔའ་སྟོབས་རྒྱས་ཤིང་ཅི་ཡང་མི་ཞུམ་པར་སྤྲོ་བ་དང་། རྨི་ལམ་དུ་རྡོ་རྗེ་དང་གཏེར་རྙེད་པ། ནམ་མཁར་འཕུར་བ། ཉི་ཟླ་ཤར་བ་སོགས་བྱུང་ན་འགྲུབ་
བོ། །ཡང་ན་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་བསྒོམས་ལ། དོན་ཞགས་སྙིང་པོ་བཟླ་བའམ། ཨོཾ་བྷྲཱུྃ་ཧྲཱིཿ ཧ་ཧཱུྃ་སྭཱ་ཧཱ། སྟེང་ཕྱོགས་སྤྱན་གཟིགས་སྙིང་པོ་བཟླའོ། །ཡང་ན་ཕྱག་ན་རྡོ་རྗེ་བསྒོམས་ལ། བཛྲ་ཙནྡྲ་བཅུ་དགུ་པ་བགྲང་། ཡང་ན་སངས་རྒྱས་ཐམས་ཅད་གང་རུང་བསྒོམས་ལ། དུས་གསུམ་མཉམ་ཉིད་སྙིང་པོ་བཟླ། ཡང་ན་རྡོ་རྗེ་སེམས་དཔའ་བསྒོམས་ལ། བཛྲ་ས་ཏྭ་འབྲུ་དྲུག་བཟླ། ཡང་ན་མི་གཡོ་བ་བསྒོམས་ལ། ཙཎྚ་འབྲུ་བཅུ་པ་བཟླ། ཡང་ན་རྡོ་རྗེ་སྙིང་པོ་བསྒོམས་ལ། ཨོཾ་བཛྲ་གརྦྷ་ཧཱུྃ། ཞེས་བཟླ། གཞན་ཡང་ནོར་བུ་རྒྱས་པའི་སྔགས་སམ་སྙིང་པོ། ཨོཾ་མ་ཎི་བཛྲེ་ཧཱུྃ། ནམ་སྙིང་། ཨཱ་ཀཱ་ཤཱ་གརྦྷ་སོགས། ཡང་དག་གི་སྙིང་པོ་རུ་ལུ་འབྲུ་བརྒྱད་སོགས་ཀྱང་བཟླ། མཐར། ཕྱོགས་བཅུ་དུས་གསུམ་བདེ་གཤེགས་སྲས་བཅས་དང་། །འཇམ་ཁ་བསྒྱུར་དཔལ་དཔའ་བོ་ཁྱེད་ལ་གསོལ་བ་འདེབས། །བདག་ནི་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །འཇིགས་མེད་རྡོ་རྗེའི་སྤོབས་པ་ཐོབ་པར་ཤོག །སྤོབས་པ་དེ་ཡིས་མཁའ་མཉམ་འགྲོ་ཀུན་གྱི། །སྡུག་བསྔལ་རྒུད་པ་མཐའ་དག་སེལ་བ་དང་། །ཕན་དང་བདེ་བ་མ་ལུས་སྒྲུབ་བྱེད་ཅིང་། །མཐར་ཐུག་བླ་མེད་རྒྱལ་བའི་ཡེ་ཤེས་ཀྱི། །སྤོབས་པ་མཚུངས་པ་མེད་པ་འགྲུབ་གྱུར་ཅིག །དེ་བཞིན་ཤེས་རབ་སོགས་ལ་ཁ་བསྒྱུར་བྱའོ། །གཞན་ཡང་། གཟུགས་བཟང་། དབྱངས་སྙན། དཔལ་འབྱོར་མི་ཟད་གཏེར་ཆེན་ཐོབ་པར་ཤོག་སོགས་གང་འདོད་སྦྱར་རོ། །འདི་རྣམས་ཀྱིས་སྤོབས་པ་མི་འཇིགས་པར་ཐོབ་པར་
འགྱུར་རོ། །མེ་རྟ་ཟླ་བ་གཅིག་པའི་ཚེས་ཉེར་གཅིག་ལ་འཕྲལ་དུ་དྷཱིས་བྲིས་དགེས། མངྒ་ལཾ།། ༈ །།ཐེག་ཆེན་ཆོས་འཛིན་སྨོན་ལམ་བཞུགས་སོ། །ཨོཾ་སྭ་སྟི། སངས་རྒྱས་ཀྱིས་ནི་བདུད་རྣམས་ཕམ་པར་གྱུར། །ཆོས་མ་ཡིན་པ་རྣམས་ནི་ཆོས་ཀྱིས་སོ། །དགེ་འདུན་གྱིས་ནི་མུ་སྟེགས་ཕམ་པར་མཛད། །བདེན་པ་རྒྱལ་གྱུར་རྫུན་པ་ཕམ་གྱུར་ཅིག །མཆོག་གསུམ་རྩ་གསུམ་ཐུགས་རྗེའི་ནུས་མཐུ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །ཆོས་ཉིད་འགྱུར་བ་མེད་པའི་བྱིན་རླབས་ཀྱིས། །ཐེག་ཆེན་བསྟན་ལ་ལྷག་པའི་བསམ་པ་ཡིས། །སྨོན་ལམ་གང་བཏབ་འདི་ཀུན་འགྲུབ་གྱུར་ཅིག །མ་ལུས་བདེ་བར་གཤེགས་པ་དགོངས་སུ་གསོལ། །ཕྱོགས་དང་དུས་ཀྱིས་ཁྱབ་པའི་ཞིང་རྣམས་སུ། །རྒྱལ་བའི་དགོངས་པ་མཐར་ཐུག་ནང་རྒྱུད་གསུམ། །དེ་ཡང་འཇུག་སྒོ་ཐེག་རིམ་ཡན་ལག་བཅས། །མ་ཉམས་མ་ནོར་ཡོངས་སུ་འཛིན་པར་ཤོག །ཐེག་ཆེན་ཆོས་ལ་སྡང་བའི་བསམ་པ་ཡིས། །སྦྱོར་བ་ངན་པ་གང་དུ་བྱུང་བ་དེ། །རྩྭ་སྐོམ་མེ་བཞིན་བདག་གི་སྟོབས་ཀྱིས་ནི། །མངོན་སུམ་རྩད་ནས་གཅོད་ཅིང་བརླག་གྱུར་ཅིག །ཐེག་ཆེན་ཆོས་ལ་བསམ་པ་ལོག་པ་ཡིས། །སྨོན་ལམ་ངན་པ་གང་གིས་ཅི་བཏབ་ཀྱང་། །ཅུང་ཟད་མི་འགྲུབ་དེ་དང་དེའི་བསམ་སྦྱོར། །བསྟན་པའི་གྲོགས་སུ་བདག་གིས་བསྒྱུར་ནུས་ཤོག །ལས་དང་ཉོན་མོངས་བག་ཆགས་
སྒྲིབ་པ་ཡིས། །ཐེག་ཆེན་ཆོས་ལ་གཤེ་ཞིང་ཡིད་སྡང་བ། །དེ་དག་བདག་གི་མིང་ཙམ་ཐོས་སོགས་ཀྱིས། །རང་དབང་མེད་པར་ཐེག་ཆེན་དགའ་བར་ཤོག །ཐེག་ཆེན་ཆོས་ལ་དགའ་བ་དེ་དག་ལ། །འཇམ་པའི་དབྱངས་ཀྱི་བྱིན་རླབས་མྱུར་ཞུགས་ནས། །སྤོབས་པའི་གཏེར་ཆེན་བརྒྱད་པོ་རང་གྲོལ་ཏེ། །མཚུངས་མེད་སྨྲ་བའི་སེང་གེར་མངོན་གྱུར་ཅིག །འཕགས་མཆོག་ཕྱག་ན་པདྨའི་བྱིན་རླབས་ལས། །ཐེག་ཆེན་འཛིན་པ་གང་དུ་བྱུང་བ་དེར། །རྒུད་པའི་མིང་མེད་བཀྲ་ཤིས་དགེ་ལེགས་ཀྱི། །སྣང་བ་ཆེན་པོས་རྟག་པར་ཁྱབ་གྱུར་ཅིག །ཐེག་མཆོག་འཛིན་ལ་བྱང་ཆུབ་སྙིང་པོའི་བར། །བདུད་ཀྱི་བར་ཆད་ནམ་ཡང་མི་འབྱུང་ཞིང་། །རྡོ་རྗེ་འཛིན་པ་ཉིད་དང་དབྱེར་མེད་པས། །ཐེག་ཆེན་འཛིན་ལ་མཐུ་དང་ལྡན་པར་ཤོག །ཐེག་ཆེན་འཛིན་སྐྱོང་སྤེལ་བར་འདོད་པ་རྣམས། །རྩ་གསུམ་དམ་ཅན་སྲུང་མས་མངོན་བསྐྱང་ནས། །ཚེ་རིང་ནད་མེད་ཕྱོགས་ལས་རྣམ་པར་རྒྱལ། །ཇི་བསམ་གེགས་མེད་ཡིད་བཞིན་གྲུབ་གྱུར་ཅིག །ཐེག་ཆེན་གཤེ་བ་སྤྱན་རས་གཟིགས་ཀྱིས་ཐུལ། །ཐེག་ཆེན་དམ་ཆོས་འཇམ་པའི་དཔལ་གྱིས་སྤེལ། །ཐེག་ཆེན་འཛིན་པ་རྡོ་རྗེ་འཛིན་པས་སྲུངས། །ཐེག་ཆེན་བསྟན་པ་ཕྱོགས་བཅུར་རྒྱས་པར་ཤོག །ཐེག་པ་མཆོག་འཛིན་དམ་པ་དེ་དག་རྣམས། །རྒོལ་བས་འཇིགས་དང་ཡིད་མི་བདེ་བ་དང་། །མི་སྙན་གྲགས་དང་
འཁོར་གྱིས་ལོག་སྒྲུབ་དང་། །འདོད་དོན་བར་ཆད་ཀུན་དང་ཡོངས་བྲལ་ནས། །མ་འབད་བཞིན་ཡང་ཕྱོགས་བཅུའི་ཞིང་རྣམས་སུ། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་མངའ་དབང་གིས། །འདུལ་བར་དཀའ་བ་རྣམས་ཀྱང་དབང་བྱས་ཏེ། །ས་གསུམ་བསྟན་པའི་སྣང་བས་ཁྱབ་པར་ཤོག །འདི་ཡང་ས་གླང་གི་ལོ་ལ་མི་ཕམ་རྣམ་པར་རྒྱལ་བས་བྲིས་པ་དགེའོ།། ༈ །།བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ། །ཟག་བཅས་འཁོར་བའི་ཡུལ་ལ་མི་ཆགས་ཤིང་། །སྲིད་འགྲོ་ཉམས་པའི་གནས་སུ་མི་སྐྱེ་བར། །རྒྱལ་བའི་ཞིང་ཁམས་དག་པར་སྐྱེ་གྱུར་ཅིག །གཟུངས་སྤོབས་བློ་གྲོས་དད་དང་སྙིང་རྗེ་སོགས། །ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་གྱུར་ནས། །རྒྱལ་བས་གསུངས་པའི་དམ་ཆོས་མ་ལུས་པ། །ཚུལ་བཞིན་འཛིན་ཅིང་གཞན་ལ་སྟོན་གྱུར་ཅིག །ཁྱད་པར་དུས་གསུམ་རྒྱལ་བའི་ཆོས་མཛོད་ཀྱི། །སྙིང་པོ་མཐར་ཐུག་འོད་གསལ་རྫོགས་ཆེན་གྱི། །བསྟན་པའི་ཉི་མ་མཁའ་ཁྱབ་ཞིང་ཀུན་ཏུ། །འགོག་མེད་སྣང་བའི་བྱ་བ་བྱེད་གྱུར་ཅིག །ཐབས་མཁས་སྙིང་རྗེའི་སྟོབས་ཀྱིས་སྲིད་འགྲོ་ཀུན། །སྨིན་པར་བྱེད་ཅིང་རྒྱལ་སྲས་སྤྱོད་པ་རྫོགས། །ཚད་མེད་བསམ་གྱིས་མི་ཁྱབ་ཞིང་སྦྱངས་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་འགྲུབ་གྱུར་ཅིག །བདག་གི་རྩེ་གཅིག་སྨོན་པའི་དོན་འདི་དག །དཀོན་མཆོག་གསུམ་གྱི་བྱིན་རླབས་ཆེན་པོ་དང་། །རྟེན་
འབྲེལ་བསླུ་མེད་ཆོས་དབྱིངས་རྣམ་དག་གི །བདེན་པའི་སྟོབས་ཀྱིས་ཇི་བཞིན་འགྲུབ་གྱུར་ཅིག །ཅེས་པའང་མོས་ལྡན་ཆོས་དབྱིངས་འོད་གསལ་གྱི་རེ་འདོད་བཞིན་མི་ཕམ་པས་རྒྱ་བྲག་དབང་ཕུག་ཏུ་དབོ་ཟླའི་ཡར་ཚེས་བཅུ་རྒྱལ་ཕུར་འགྲུབ་སྦྱོར་བཟང་པོ་ལ་བྲིས་པ་མངྒ་ལཾ། །འཇམ་དཔལ་རྡོ་རྗེའི་ཞལ་ལུང་ཟབ་གསང་བཅུད། །ཕྱོགས་གཅིག་སྡེབས་ལ་གསང་སྒྲོགས་ཉེས་པའི་ཆ། །མཆིས་ན་བླ་མ་ལྷག་པའི་ལྷ་ལ་བཤགས། །དགེ་བས་ཀུན་མཁྱེན་ཡེ་ཤེས་མངོན་བྱེད་ཤོག །ཅེས་པའང་བློ་གྲོས་རྒྱ་མཚོས་སོ། །མངྒ་ལཾ། དགེའོ། །དགེའོ། །དགེའོ།། །།