ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དོན་ཁྲིད་བརྒྱུད་པའི་བླ་མར་གསོལ་འདེབས་བསྡུས་པ་རིན་ཆེན་འཕྲེང་བ།

༈ ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་དོན་ཁྲིད་བརྒྱུད་པའི་བླ་མར་གསོལ་འདེབས་བསྡུས་པ་རིན་ཆེན་འཕྲེང་བ་བཞུགས་སོ། །

ན་མོ་མ་ཧཱ་མུ་ཏྲ་ཤྲཱི་ཧེ་རུ་ཀ །གཉིས་མེད་ཆོས་སྐུ་ཡོངས་ཟླུམ་རྡོ་རྗེ་འཆང་། །གསང་གསུམ་དབང་བསྒྱུར་རྒྱལ་སྲས་རྡོ་རྗེ་སྙིང་། །གསོལ་བ་འདེབས་སོ་ལྷན་སྐྱེས་རང་ངོ་ཤེས། །སྐུ་གསུམ་འབྲས་བུ་བརྙེས་པར་བྱིན་གྱིས་རློབས། །རྡོ་རྗེའི་སྐུ་བརྙེས་སྤྲུལ་སྐུ་ཏེ་ལོ་པ། །ཚངས་རིགས་མཁས་མཆོག་གྲུབ་ཆེན་ན་རོ་པ། །གསོལ་བ་འདེབས་སོ༴ འདྲེས་འོ་སྐུ་གསུམ་འབྲས་བུ༴ གཉིས་སྨྲ་རྒྱུད་སྡེའི་དབང་ཕྱུག་ཆོས་བློ་གྲོས། །ཟད་པའི་ཟིལ་གནོན་མཆོག་གྲུབ་བཞད་རྡོ་རྗེ། །གསོལ་བ་འདེབས་སོ༴ སྐུ་གསུམ༴ ཏིང་འཛིན་ཁྲག་ཁྲིག་དབང་ཐོབ་མཚོ་མཛད་ཞབས། །འཁོར་བ་འཇིག་མཛད་དཔའ་བོ་ཕག་གྲུ་པ། །གསོལ་བ་འདེབས་སོ༴ སྐུ་གསུམ༴ འཁྲུལ་ཞིག་རྣལ་འབྱོར་སྒེར་བསྒོམ་ཞིག་པོ་ཆེ། །འོད་གསལ་མངོན་གྱུར་གསེར་ལྡིང་ཀུ་མ་ར། །གསོལ་བ་འདེབས་སོ༴ སྐུ་གསུམ༴ མཆོག་གི་དངོས་གྲུབ་ཡོངས་བརྙེས་ཆོས་འོད་ཟེར། །རྣལ་འབྱོར་དབང་ཕྱུག་ཐུགས་རྗེ་བརྩོན་འགྲུས་དཔལ། །གསོལ་བ༴ སྐུ་གསུམ༴ བྱང་ཆུབ་སེམས་དཔའ་རྒྱལ་བ་ཡེ་ཤེས་སྡེ། །མཁས་ཤིང་གྲུབ་གྱུར་བློ་གྲོས་བཟང་པོ་པ། །གསོལ་བ༴ སྐུ་གསུམ༴ གནས་ལུགས་མངོན་གཟིགས་རསྨི་སིདྷའི་ཞབས། །འོད་གསལ་འཁོར་ཡུག་ནམ་མཁའ་རྒྱལ་བའི་མཚན། །གསོལ་བ༴ སྐུ་གསུམ༴ མཁས་བཙུན་བཟང་པོར་གྱུར་བ་ངག་དབང་པོ། །གནས་ལྔ་རིག་པ་སྟག་ལུང་ངག་དབང་གྲགས། །གསོལ་བ༴ སྐུ་གསུམ༴ སྦས་པའི་སངས་རྒྱས་སྨྲ་བའི་སེངྒེ་མཆོག །ཕྱོགས་ལས་རྣམ་རྒྱལ་གཙང་སྨྱོན་ཧེ་རུ་ཀ །གསོལ་བ༴ སྐུ་གསུམ༴ སྙན་བརྒྱུད་བསྟན་པའི་སྒྲོན་མེ་ལྷ་རྒོད་གཉིས། །ལུང་རྟོགས་དབང་ཕྱུག་བློ་གྲོས་རབ་ཡངས་པ། །གསོལ་བ༴ སྐུ་གསུམ༴ སྒྲུབ་རྒྱུད་གསལ་བྱེད་གྲུབ་ཐོབ་དབང་པོ་ཆེ། །དེས་དོན་ཕྱོགས་མཐར་རྒྱས་མཛད་སུ་མ་ཏི། །གསོལ་བ༴ སྐུ་གསུམ༴ རིམ་གཉིས་གྲུབ་པ་རྒྱལ་དབང་སེང་གེའི་སྒྲ། །སྦས་ཚུལ་མཆོག་གྲུབ་ཤཱཀྱའི་སིངྷའི་ཞབས། །གསོལ་བ༴ སྐུ་གསུམ༴ བླ་མེད་བྱིན་རླབས་ཡེ་ཤེས་བརྒྱུད་ལ་སྐྱེ། །རྟོགས་པའི་གར་མཁན་ཚེ་དབང་ནོར་བུའི་སྡེ། །གསོལ་བ༴ སྐུ་གསུམ༴ མཐའ་བྲལ་གནས་ལུགས་ཟབ་མོ་ཕྱག་རྒྱ་ཆེ། །མངོན་སུམ་འདོམས་མཛད་རྩ་བའི་བླ་མ་ལ། །གསོལ་བ༴ སྐུ་གསུམ༴ རབ་འབྱམས་དཀྱིལ་འཁོར་ཡོངས་ཀྱི་ངོ་བོ་ཉིད། །བླ་མ་བདེ་དགྱེས་ཧེ་རུ་ཀ་ཡི་དམ། །གསོལ་བ༴ སྐུ་གསུམ༴ ས་གསུམ་ལ་བསྟན་ལྷན་སྐྱེས་བདེ་བ་ཆེ། །རྣལ་འབྱོར་མཆོག་སྦྱིན་ཡེ་ཤེས་ཕོ་ཉ་མ། །གསོལ་བ༴ སྐུ་གསུམ༴ རང་གི་ངོ་བོ་རྣམ་པ་གཞན་གྱིས་ཚུལ། །དམ་ལྡན་སྐྱོང་མཛད་མ་མགོན་རྒྱ་མཚོ་ལ། །གསོལ་བ༴ སྐུ་གསུམ༴ དེ་ལྟར་ཕྱག་ཆེན་རྩ་བ་རྒྱུད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ལ། །རྩེ་གཅིག་གསོལ་བཏབ་པའི་ནུས་སྦྱིན་གྱིས། །མཐའ་བཞི་རྐྱེན་གསུམ་བྲལ་བའི་ཕྱག་རྒྱ་ཆེ། །ཆོས་ཉིད་གནས་ལུགས་བདེར་གཤེགས་སྙིང་པོའི་དོན། །ཇི་བཞིན་བླ་མའི་བྱིན་རླབས་འཕོ་བ་མཆོག །སྙིང་ལ་ཞུགས་པའི་ནུས་པ་མངོན་དུ་བྱས། །སྐུ་གསུམ་འབྲས་བུ་མྱུར་དུ་སྨིན་པར་ཤོག །སྐྱེ་འགག་གནས་བཞིའི་རྩ་བྲལ་རྒྱུ་ཡི་སྟོང་། །རྐྱེན་བྲལ་བཞག་ཐབས་དྲུག་གི་རང་ངོ་འཕྲོད། །རེ་དོགས་གང་དུ་མི་གནས་གོམས་པ་ཆོད། །གཉིས་མེད་ཡེ་ཤེས་ལམ་ཁྱེར་རྣམ་པ་དྲུག །ཧེ་རུ་ཀ་ཤྲཱི་རྡོ་རྗེའི་རང་སྒྲ་ཆེ། །ཕྱག་རྒྱ་ཆེན་པོ་ཡི་གེ་རྣམ་པ་བཞི། །དབང་དོན་ཐུན་དྲུག་ལྷན་སྐྱེས་གཉུག་མའི་ཁམས། །གདན་འདི་ཉིད་དུ་གྲུབ་པ་ཐོབ་པར་ཤོག །ཨ་མ་ན་སི་སྤྲོས་བྲལ་ཆོས་ཉིད་དོན། །ལྟ་སྒོམ་སྤྱོད་པའི་རིམ་པ་མཐར་ཕྱིན་ནས། །རྒྱལ་ཀུན་ཐུགས་རྗེའི་འཕྲིན་ལས་སྒོ་རབ་འབྱམས། །མ་ལུས་བདག་གི་མྱུར་དུ་འགྲུབ་བྱིན་རློབས། །

ཅེས་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་བརྒྱུད་པའི་གསོལ་འདེབས་འདི་ནི་སྨོན་མཐོང་མཁན་པོ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་ཕུན་ཚོགས་དཔལ་བཟང་པོས་གསུང་གི་བསྐུལ་བར་བརྟེན་རིག་པ་འཛིན་པ་ཚེ་དབང་ནོར་བུས་མངའ་རིས་སྨད་གློ་བོ་སྨོན་ཐང་རྒྱལ་པོའི་ཁབ་ཏུ་སྦྱར་བའི་ཡི་གེ་པ་ནི་རིང་ལུགས་རྒྱུད་སྡེ་སྨྲ་བའི་མཆོག་གི་སྤྲུལ་སྐུ་འཕྲིན་ལས་བསྟན་འཛིན་ནོ། །