སྔགས་སྲུང་ཨེ་ཀ་ཛ་ཏིའི་བསང་མཆོད་ནི།
ཧཱུྃ། ཀུན་ཏུ་བཟང་མོའི་ཐུགས་ཀྱི་རོལ་བ་ལས། །དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛཱ་ཊི་མ། །མཆེད་དྲུག་འཁོར་དང་སྤྲུལ་པ་ཡང་སྤྲུལ་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །འཇིགས་རུང་དྲག་པོའི་ཆར་སྤྲིན་མདོག་ལྡན་སྐུ། །གཡས་པས་དམ་ཉམས་ཙིཏྟ་འབྱིན་ཅིང་གསོལ། །གཡོན་པས་ཞིང་ཆུང་དབྱུག་པའི་རྒྱལ་མཚན་ཕྱར། །དཔྲལ་ན་མིག་གཅིག་སྲིད་གསུམ་ས་ལེར་གཟིགས། །ཞལ་ན་ཚེམས་གཅིག་དགྲ་བགེགས་སྲོག་རྩ་གཅོད། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །གཙུག་ན་མཐིང་གི་རལ་གཅིག་གྱེན་དུ་བསྒྲེངས། །ལྷོ་སྤྲིན་སྟོད་གཡོག་དུར་ཁྲོད་རྒྱན་གྱིས་བརྒྱན། །གཡས་བསྐུམ་གཡོན་བརྐྱང་རྔམ་ཞིང་འབར་བའི་སྐུ། །བདུན་འབུམ་འཁོར་གྱིས་ཀུན་ནས་ཡོངས་བསྐོར་ཞིང་། །རྣལ་འབྱོར་སྐྱོང་ཞིང་དམ་ཚིག་རྫས་ལ་འདུ། །ཕྲིན་ལས་ཐོགས་མེད་དགྲ་བགེགས་ཤུགས་ཀྱིས་སྒྲོལ། །མཁའ་འགྲོའི་ཚོགས་རྗེ་སྣང་སྲིད་དབང་བསྒྱུར་མ། །གསང་སྔགས་བསྟན་པ་སྤྱི་དང་ཁྱད་པར་དུ། །འོད་གསལ་སྙིང་པོའི་བཀའ་ཡི་བྱ་ར་མཛད། །ཞལ་བཞེས་དམ་ཚིག་དབང་གིས་འདིར་བྱོན་ལ། །བསང་མཆོད་སྤྲིན་ཕུང་ལྷ་ལམ་ཁྱབ་པ་ལས། །ཕྱི་ནང་གསང་མཆོད་རྟེན་རྫས་སྒྲུབ་པའི་རྫས། །གང་འདོད་ཡིད་བཞིན་འདོད་དགུར་རོལ་བའི་གཏེར། །ཀུན་བཟང་བདེ་བ་ཆེན་པོའི་མཆོད་སྤྲིན་འདིས། །སྔགས་ཀྱི་སྲུང་མ་མ་མོ་རལ་གཅིག་མ། །སྨུག་ནག་ཁྲོས་པའི་རྒྱལ་མོ་ཆེན་མོ་བསང་། །གསང་སྔགས་བསྟན་པ་རྒྱ་མཚོའི་མངའ་བདག་མོ། །བཅུ་བདུན་རྒྱུད་ཀྱི་སྲུང་མ་ཆེན་མོ་བསང་། །གཤིན་རྗེའི་གཤེད་ཡུམ་སྒེག་མོ་རལ་གཅིག་མ། །རྡོ་རྗེ་གཞོན་ནུའི་སྒྲོལ་ཡུམ་ཨེ་ཀ་ཛ། །རྟ་མགྲིན་སྦྱོར་ཡུམ་པདྨ་གཟི་ལྡན་མ། །མཁའ་འགྲོ་ཀུན་གྱི་ཕྱི་མོ་ཆེན་མོ་བསང་། །རྣམ་རོལ་མ་འགག་མ་ཆེན་མཆེད་ལྔ་དང་། །བཀའ་ཉན་བདུན་འབུམ་འཁོར་གྱི་ཚོགས་བཅས་བསང་། །ཅི་བགྱིས་ལས་བྱེད་ཡང་འཁོར་གྲངས་མེད་དང་། །འབུམ་ཕྲག་ཡངས་པ་སྣང་སྲིད་མ་མོ་བསང་། །བསང་ངོ་མཆོད་དོ་བསྟོད་ཅིང་མངའ་གསོལ་ན། །རྡོ་རྗེའི་ཐེག་པ་རྒྱ་མཚོའི་བཤད་སྒྲུབ་ཀྱི། །བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བ་དང་། །བསྟན་འཛིན་རྣམས་ཀྱི་དབུ་འཕང་སྲིད་རྩེར་བསྟོད། །ཁྱད་པར་རྩོད་ལྡན་སྙིགས་མ་ལྔ་བདོའི་དུས། །གཉེན་པོ་གཞན་གྱིས་གདུལ་བར་དཀའ་བའི་ཚེ། །རྩོལ་མེད་རང་གྲོལ་རྡོ་རྗེ་སྙིང་པོ་ཡི། །བསྟན་པའི་ཉི་མས་ས་གསུམ་སྣང་བར་མཛོད། །ཐེག་ཆེན་བསྟན་ལ་འཚེ་བའི་དགྲ་དང་བགེགས། །མ་ལུས་ཁྱོད་ཀྱི་མཐུ་ཡིས་ཡོངས་གཞོམ་སྟེ། །ངེས་གསང་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པའང་སྔ་འགྱུར་བསྟན་པའི་ཉི་མ་རྫོགས་ཆེན་མཆོག་སྤྲུལ་ལྔ་པས་བསྐུལ་པ་ལྟར།འཇམ་དཔལ་དགྱེས་པས་སྤེལ་བ་དགེ་ལེགས་འཕེལ། །