སྦྱིན་པའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ།
༈ ཡང་སྟོན་པ་མཉན་ཡོད་ན་བཞུགས་ཚེ། ཡུལ་དེའི་སྤྲང་པོ་ལྔ་བརྒྱ་ཞིག་རྟག་ཏུ་སངས་རྒྱས་དང་དགེ་འདུན་ལ་བརྟེན་ནས་འཚོ་བ་ལས། ཕྱིས་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་རབ་ཏུ་བྱུང་བར་འདོད་ནས་བཅོམ་ལྡན་འདས་ལ་གསོལ་བ་དང་། ངས་བསྟན་པའི་ཆོས་ནི་རྣམ་པར་དག་པ་སྟེ། བཙན་ཞན་དང་ཕྱུག་དབུལ་མེད་དེ། ཆུ་དང་འདྲ་སྟེ་བཟང་ངན་ཀུན་འཁྲུད་ཅིང་། མེ་དང་འདྲ་སྟེ་ཆེ་ཆུང་ཀུན་འཚིག་པར་བྱེད་ལ། ནམ་མཁའ་དང་འདྲ་སྟེ་གང་ཡང་མི་ཆུད་པ་མེད་པས་ཡིད་བཞིན་དུ་གནང་ངོ་ཞེས་གསུངས་ཏེ། ཚུར་ཤོག་གིས་རབ་ཏུ་བྱུང་ཞིང་ཆོས་བསྟན་པས་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ་བོ། །དེར་ཡུལ་གྱི་སྐྱེ་བོ་རྣམས་ཀྱི་རིགས་ངན་སྤྲང་པོའང་རབ་ཏུ་བྱུང་ངོ་ཞེས་བརྙས་ཤིང་དཔྱས་པར་གྱུར་ཏེ་དེ་དག་བདག་གི་སྟན་ལ་བཞག་ཅིང་སྣོད་ལ་འབག་པར་ཇི་ལྟར་བྱ་ཞེས་སྨྲས་སོ། །དེའི་ཚེ་རྒྱལ་བུ་རྒྱལ་བྱེད་ཀྱིས་སངས་རྒྱས་འཁོར་དང་བཅས་པ་བཤོས་ལ་སྤྱན་དྲངས་པ་ན། སངས་རྒྱས་དང་དགེ་འདུན་སྤྱན་འདྲེན་གྱིས་མུ་ལྟོ་བ་གསར་དུ་ཞུགས་པ་རྣམས་ནི་མ་ལགས་སོ་ཞེས་གསོལ་བས། ཕྱི་ཉིན་གདུགས་ཚོད་ལ་བབ་པ་ན། དགེ་སློང་གསར་ཞུགས་དེ་རྣམས་ལ། ཁྱེད་ནི་ཡོན་བདག་གིས་མ་བོས་ཀྱིས་བྱང་སྒྲ་མི་སྙན་དུ་སོང་ལ་ས་བོན་མ་བཏབ་མ་རྨོས་པར་སྐྱེས་པའི་འབྲས་ལོངས་ལ་ཡོན་བདག་གི་ཁྱིམ་དུ་ཟར་ཤོག་ཅིག་ཅེས་བཀའ་སྩལ་ནས་གཤེགས་སོ། །དགེ་སློང་དེ་དག་ཀྱང་དགྲ་བཅོམ་པའི་རྫུ་འཕྲུལ་གྱིས་བྱང་གི་སྒྲ་མི་སྙན་དུ་སོང་ནས། འབྲས་ཀྱི་ལྷུང་བཟེད་བཀང་སྟེ། སྤྱོད་ལམ་མཛེས་པར་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་རྒྱལ་བུ་རྒྱལ་བྱེད་ཀྱི་ཁྱིམ་དུ་ལྷགས་ནས། རིམ་བཞིན་དུ་འཁོད་དེ་འབྲས་ལ་ཟའོ། །དེ་རྒྱལ་བུ་རྒྱལ་བྱེད་ཀྱིས་མཐོང་བས། ལྷག་པར་དགའ་ཞིང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་ལྟ་བུའི་འཕགས་པ་གཟི་བརྗིད་དང་ཡོན་ཏན་དང་ལྡན་པ་སྤྱོད་ལམ་མཛེས་པར་ལྷགས་པ་ཕྱོགས་གང་ནས་མཆི་ཞེས་གསོལ་པ་དང་། བཀའ་སྩལ་པ། འདི་དག་ནི་རྒྱལ་བུས་མ་བོས་བའི་དགེ་སློང་རྣམས་ཏེ། བྱང་གི་སྒྲ་མི་སྙན་དུ་ཕྱིན་ཏེ་འབྲས་བླངས་ནས་ཟ་བ་ཡིན་ནོ་གསུངས་པས། རྒྱལ་བུ་རྒྱལ་བྱེད་ཤིན་ཏུ་ངོ་ཚ་ཞིང་འགྱོད་དེ་བཟོད་གསོལ་ཕུལ་ཞིང་། བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། རིགས་ངན་གྱི་སྤྲང་པོ་འདི་ལྟ་བུ་ཡང་ཚེ་འདིའི་བདེ་བ་ཐོབ་ཅིང་ཡུན་གྱི་དོན་ཆེན་པོའང་རྙེད་པར་གྱུར་ཏོ་སྙམ་དུ་སྤྲོ་བ་སྐྱེས་ནས་དེ་དག་གི་ལས་ཀྱི་རྒྱུ་ཞུས་པ་ན། སྔོན་བསྐལ་པ་གྲངས་མེད་པའི་ཕ་རོལ་དུ། འཛམ་བུ་གླིང་འདིར་གྲོང་ཁྱེར་ཝཱ་རཱ་ཎ་སཱི་ཞེས་བྱ་བ་ན་རི་དྲང་སྲོང་ལྷགས་ཞེས་པར་དྲང་སྲོང་ཉིས་སྟོང་ཞིག་གནས་ཏེ། དེའི་ཚེ་ལོ་བཅུ་གཉིས་སུ་ཆར་མི་འབེབས་པའི་ལྟས་མཐོང་བས། ཡུལ་དེ་ན་ཁྱིམ་བདག་སྡུམ་བྱེད་ཅེས་བྱ་བ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ་ཞིག་ཡོད་པ་དེའི་དྲུང་དུ་དྲང་སྲོང་ཉིས་སྟོང་པོ་སྔ་རྗེས་སུ་ལྷགས་ཏེ་བདག་ཅག་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་སྐོམ་ཡོད་དམ་དྲིས་པས་ཁྱིམ་བདག་གིས་ཀྱང་བང་མཛོད་སྲུང་བ་ལ་དྲིས་ནས་ཡོད་པར་ཁས་བླངས་ཏེ། དྲང་སྲོང་ཉིས་སྟོང་པོ་ལ་འཚོ་བ་སྦྱར་བའི་ལས་མི་ལྔ་བརྒྱ་བསྐོས་ནས་བསོད་སྙོམས་སྦྱོར་དུ་བཅུག་གོ །དེའི་ཚེ་ལས་མི་དག་བསོད་སྙོམས་ཀྱི་གཡོས་བྱེད་པ་ལ་ཡུན་རིང་བར་གྱུར་ཏེ་སྐྱོ་ནས། བདག་ཅག་འདི་ལྟར་རྟག་ཏུ་ཉོན་མོངས་པར་གྱུར་པ་ནི་སྤྲང་པོ་འདི་དག་གི་ཕྱིར་རོ་ཞེས་སྨྲས་སོ། །དེའི་ཚེ་རྟག་ཏུ་གདུགས་ཚོད་ལ་བབ་པ་ན་སྤྱན་འདྲེན་པའི་ལས་མི་གཅིག་བསྐོས་ཡོད་པ་དེ་ལ་ཁྱི་ཞིག་ཀྱང་ཡོད་དེ། ཁྱི་དེ་རྟག་ཏུ་སྤྱན་འདྲེན་གྱི་ཕྱི་བཞིན་དུ་སོང་བ་ལས། ཉིན་གཅིག་མི་དེས་སྤྱན་འདྲེན་བརྗེད་པ་དང་། ཁྱི་དེ་གདུགས་ཚོད་ཀྱི་དུས་སུ་དྲང་སྲོང་དེ་དག་གི་དྲུང་དུ་སོང་ནས་སྐད་ཆེན་པོས་ཟུག་པ་དང་། དྲང་སྲོང་དེ་དག་གིས་ཀྱང་གདུགས་ཚོད་ལ་བབ་པར་ཤེས་ཏེ་བསོད་སྙོམས་ལ་གཤེགས་སོ། །ཕྱི་ཞིག་ན་དྲང་སྲོང་དེ་དག་གིས། ཁྱིམ་བདག་ལ། ད་ནི་ཆར་འོང་གིས་ཞིང་ལས་བྱེད་དུ་ཆུག་ཅིག་ཅེས་བསྒོ་བ་དང་། དེས་ཀྱང་ཞིང་ལས་བྱེད་བཅུག་སྟེ་ནས་དང་གྲོ་ལ་སོགས་བའི་འབྲུ་མང་པོ་ས་བོན་དུ་བཏབ་པ་ལས། རིང་པོར་མ་ལོན་པར་ཐམས་ཅད་ལ་ཀུ་བ་ཆེན་པོ་རེ་སྐྱེས་ཏེ། དེ་ཉིད་བཀས་པ་ན། ནང་དུ་ཅི་དང་ཅི་བཏབ་པའི་འབྲས་བུས་གང་བར་གྱུར་ནས་ཁྱིམ་བདག་གི་བང་བ་ཀུན་གང་བར་གྱུར་ཏེ་ཀུན་ངོ་མཚར་དུ་གྱུར་པ་ན། ལས་བྱེད་ཀྱི་མི་ལྔ་བརྒྱ་པོ་ཡང་འགྱོད་པ་སྐྱེས་ནས་སྔར་ཚིག་ངན་སྨྲས་པ་ལ་འགྱོད་ཚངས་བྱས་ཏེ་སོ་སོ་ནས་བདག་ཀྱང་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ནས། རྣམ་པར་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྤྲང་པོ་ལྔ་བརྒྱ་པོ་འདིས་ཚིག་ངན་སྨྲས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲང་པོར་གྱུར་ཏེ་འགྱོད་ཚངས་བྱས་ཏེ་སྨོན་ལམ་བཏབ་པས་ད་ལྟ་ང་དང་ཕྲད་དེ་འཁོར་བའི་མཐར་ཕྱིན་ཏོ། །དེའི་ཚེ་དེའི་དུས་ཀྱི་ཁྱིམ་བདག་ཕྱུག་པོ་སྡུམ་བྱེད་དེ་ནི་ང་ཡིན་ལ། བང་མཛོད་སྲུང་བ་དེ་ནི་རྒྱལ་བུ་རྒྱལ་བྱེད་དང་། ཉིན་རེ་བཞིན་སྤྱན་འདྲེན་པའི་མི་དེ་ནི་རྒྱལ་པོ་ཨུ་དྲ་ཡ་ན་དང་ཁྱི་དེ་ནི་ཁྱིམ་བདག་སྐད་སྙན་ཡིན་ཏེ་དེའི་དབང་གིས་སྐྱེ་བ་ཐམས་ཅད་དུ་སྐད་སྙན་པར་གྱུར་ཏོ། །དེའི་ཚེ་ན་ལས་བྱེད་པའི་མི་ལྔ་བརྒྱ་པོ་ནི་དགྲ་བཅོམ་པ་ལྔ་བརྒྱ་པོ་འདི་དག་ཡིན་ནོ་གསུངས། འདིས་ནི་སྦྱིན་པའི་ཕན་ཡོན་དང་ངག་གི་ཉེས་པར་སྤྱོད་པའི་འབྲས་བུ་སོགས་ཀྱང་བསྟན་པ་ཡིན་ནོ། །