འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས་སྨིན་བྱེད་རྩ་བའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆར་རྒྱུན། བློ་གྲོས་མཐའ་ཡས།
འཆི་མེད་མཚོ་སྐྱེས་སྙིང་ཏིག་ལས། སྨིན་བྱེད་རྩ་བའི་དབང་བཞི་བཀླག་ཆོག་ཏུ་བཀོད་པ་ཡེ་ཤེས་བདུད་རྩིའི་ཆར་རྒྱུན་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་པདྨ་བཛྲཱ་ཡ། འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མཁའ་དང་མཉམ། །དེ་ཉིད་བླ་མའི་སྐུར་བསྟན་ནས། །སྙིགས་མའི་གདུལ་བྱ་སྐྱོང་ལ་འདུད། །ངོ་མཚར་བླ་སྒྲུབ་སྐོར་བཞི་ལས། །གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ཡི། །རྩ་བའི་སྨིན་བྱེད་བདུད་རྩིའི་ཆར། །སྐལ་ལྡན་ཞིང་སའི་གསོས་སུ་ལོངས། །འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་སྨིན་བྱེད་སྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ཡོ་བྱད་གཤོམ་ནི། ཡར་ངོའི་ཚེས་བཅུ་དང་གུ་རུའི་སྒྲུབ་གནས་ལྟ་བུའི་དུས་དང་གནས་བཟང་པོར་མཛེས་པའི་སྟེགས་ལ་དཀྱིལ་འཁོར་པདྨ་འདབ་བརྒྱད་ཚོམ་བུ་གཅིག་པའི་སྟེང་དུ་རྐང་གསུམ་ལ་བུམ་པ་བཅུད་ལྡན་མགུལ་ཆིངས་དཀར་པོ་ཁ་རྒྱན་དང་བཅས་པའི་སྟེང་དུ་འཕྲུལ་སྟེགས་ལ་བླ་གཏོར་རྒྱན་ལྡན་བཀོད། གོ་ཡུལ་མི་བདེ་ན་རྒྱབ་ཏུ་བཞག་ཀྱང་ཆོག །གཡས་གཡོན་དུ་ཐོད་པ་མཚན་ལྡན་མངར་སྦྱར་
ཆང་གིས་བཀང་བ་དང་། མེ་ལོང་དྲི་མེད་རྟ་ཕག་ཙཀླི་དང་བཅས་པ་བཞག །ཕྱི་ནང་གི་མཆོད་གཏོར་ལག་ལེན་ལྟར་བཤམས་ལ་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་ལ་ཐོག་མར་དབང་དོན་སྒྲུབ་མཆོད་ནི། གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་མཐར་ཆགས་སུ་གཏང་ཞིང་བཟླས་པ་ཅི་ནུས་བྱ། ལས་སྦྱོར་བཟླས་པའི་རྗེས་སུ་རྣམ་བུམ་གསལ་གདབ་སོགས་སྤྱི་ལྟར་བྱས་ཏེ་གཟུངས་ཐག་བླངས་ལ་སྒྲུབ་པའི་བཟླས་པ་བརྒྱ་རྩ་སོགས་ཀྱི་མཐར་བུམ་ལྷ་འོད་ཞུ་བྱ། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་དང་། སྲུང་མའི་གཏོར་འབུལ། ཚོགས་བྱིན་རླབས་བསྒྲལ་བསྟབ་ཀྱི་བར་དུ་བཏང་། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད་དོ། །གཉིས་པ་དབང་དངོས་ལ། སློབ་མ་རྣམས་ཁྲུས་བྱ། བགེགས་གཏོར་བཏང་ལ་བཀའ་བསྒོ་ཞིང་མཚམས་བཅད། མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་
གསལ་བཏབ་ལ། དེ་ལ་འདིར་འཆད་པར་བྱ་བ། གསང་སྔགས་རྡོ་རྗེ་ཐེག་པ་སྔ་འགྱུར་གཏེར་མའི་ཕྱོགས་ལ་གཏེར་རིགས་ཀྱི་དབྱེ་བ་མང་དུ་གསུངས་པ་རྣམས་མདོར་དྲིལ་ན། ཕྱི་ས་གཏེར། ནང་དག་སྣང་། གསང་བ་དགོངས་པའི་གཏེར་ཁ་གསུམ་དུ་འདུ་བ་ལས་འདིར་ནི་ཤིན་ཏུ་ཡང་ཟབ་དགོངས་པའི་གཏེར་ཁ་ཡིན་ཏེ། དེའི་ལོ་རྒྱུས་སྙིང་པོ་ཙམ་བརྗོད་ན། རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་རྡོ་རྗེ་ཉིད་གངས་ལྗོངས་བསྟན་པའི་ཤིང་རྟ་ཆོས་རྒྱལ་ཆེན་པོའི་རྣམ་པར་བཞེངས་པ་ཚངས་པ་ལྷའི་མེ་ཏོག་དེ་ཉིད་སྙིགས་མའི་དུས་མཐར་བོད་འབངས་སྐྱོབ་པའི་དཔལ་མགོན་དུ་བསམ་བཞིན་སྤྲུལ་པའི་རོལ་གར་བཟུང་བ། གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་གང་ཉིད་དགུང་གྲངས་ས་སྤྲེལ་ཉེར་དགུར་སོན་པའི་སྐབས་བོད་ཡུལ་དབུས་སུ་ཕེབ་པའི་བྱང་ལམ་དགེ་རྒྱལ་ཕྱོགས་སུ་ཁྲུམས་ཟླའི་ཚེས་བཅུར་ཁེལ་བས་བླ་མ་གསང་འདུས་ཚོགས་མཆོད་མཛད་པས་ཐུགས་ཉམས་འབར། ཕྱི་རོལ་དུ་ཕེབ་སྐབས་བྲག་ཕུག་ཁ་ལྷོ་ནུབ་ཏུ་བལྟ་བ་ཡིད་དུ་འོང་བ་ཞིག་འདུག་པའི་ནང་དུ་ཕེབས་པས་ཐུགས་སྤྲོ་བར་བྱུང་ནས་བླ་མའི་རྣལ་འབྱོར་ཞིག་མཛད་པའི་མཐར་ཅུང་ཟད་མནལ་དུ་སོང་བ་ལ་སྒྲ་ཆེན་པོ་ཞིག་གྲགས་པས་སད་པ་ན། མདུན་གྱི་ནམ་མཁར་གུ་རུ་ཟ་ཧོར་
མའི་ཆས་ཅན་གཙོ་འཁོར་གསུམ་མངོན་སུམ་བྱོན་ནས་བརྡའི་བྱིན་རླབས་བསྩལ་ཏེ་ཉིད་ལ་ཐིམ་པའི་རྗེས་ཐོག་ཏུ་མཚོ་སྐྱེས་སྙིང་ཐིག་གི་རྩ་བའི་ཆོས་སྐོར་ཐུགས་ལ་ལམ་མེར་གསལ་བས་དེ་ཉིད་དུ་ལས་བྱང་རྫོགས་པར་གཏན་ལ་ཕབ། དེ་ནས་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར་བསམ་ཡས་སུ་ཕེབས་ཏེ་རྫོང་དུ་བཞུགས་པའི་ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་མདུན་མཆོད་པ་རྒྱས་པར་ཕུལ་ནས་སྔ་མའི་ལས་བྱང་བཏང་བའི་ཚེ་སྐུ་བརྙན་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་དབང་དང་གདམས་པ་བསྩལ་ཏེ་ཉིད་ལ་ཐིམ་པའི་གཟིགས་སྣང་ཤར། ཡན་ལག་ཆོས་སྐོར་རྣམས་ཀྱང་དགོངས་པའི་ཀློང་དུ་གསལ་ཡང་རིང་ཞིག་གསང་རྒྱས་བཏབ། དགུང་གྲངས་སོ་བདུན་མེ་འབྲུག་རྒྱལ་ཟླའི་ཡར་ཚེས་ལ་གཏེར་ཆེན་མཆོག་གྱུར་གླིང་པས་རྗེ་ཉིད་ལ་བཞུགས་པའི་ཟབ་ཆོས་ཤིག་གི་སྨིན་གྲོལ་སྩོལ་བའི་གསོལ་བ་ནན་དུ་བཏབ་པའི་ངོར་རྩ་དབང་དང་ལས་བྱང་གི་བཤད་པ་བཅས་གནང་བའི་ནུབ་མོ་གཏེར་ཆེན་མནལ་ལམ་དུ་གུ་རུ་རིན་པོ་ཆེས་རྒྱལ་ཚབ་ཏུ་མངའ་གསོལ་བའི་ལྟས་ཁྱད་པར་ཅན་གཟིགས། དེའི་བྱིན་རླབས་ཀྱིས་སྣ་དྲངས་ཏེ་སེང་ཆེན་གནམ་བྲག་གི་གཏེར་ཁ་རྣམས་ཀྱང་ཕྱག་ཏུ་སོན། ཕྱིས་སུ་བསྙེན་སྒྲུབ་མཛད་པའི་མཐར་ཚེས་བཅུའི་ཚོགས་འཁོར་སྐབས་ཐུགས་ཉམས་འུར་ཏེ་ཌཱ་དྲིལ་བར་སྣང་ལ་བཞག་པ་ཉེ་གནས་པས་ཀྱང་མཇལ་བའི་མངོན་རྟགས་བྱུང་། དེ་ལྟ་
བུའི་ཡིད་ཆེས་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་ཁྱད་དུ་འཕགས་པ་འདི་ནི་སྤྲུལ་པའི་གཏེར་ཆེན་རྣམ་པ་གཉིས་ཐུན་མོང་གི་ཟབ་ཆོས་བླ་སྒྲུབ་སྐོར་བཞིའི་ནང་ཚན་གསང་སྒྲུབ་མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་པ་སྟེ། འདི་ལའང་རྩ་བ་དང་ཡན་ལག་གི་ཆོས་སྐོར་གཉིས་ལས་འདིར་རྩ་བའི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་སོགས་ཀྱིས་མཚམས་སྦྱར་ནས་མཎྜལ་དབུལ་དུ་གཞུག །གནས་ཁང་འོག་མིན་པདྨ་འོད་ཀྱི་ཞིང་དང་གཞལ་མེད་ཁང་ཆེན་པོར་སློབ་དཔོན་ཉིད་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་མཚོ་སྐྱེས་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་སྙིམ་པ་མེ་ཏོག་གིས་བཀང་སྟེ་་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་སྣོད་ལྡན་རིགས་ཀྱི་བུ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ སྒོ་གསུམ་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་དང་མདུན་བསྐྱེད་དབྱེར་མ་མཆིས་པ་རྒྱལ་ཀུན་འདུས་ཞལ་གུ་རུ་མཚོ་སྐྱེས་རྡོ་རྗེ་ལ་དཀོན་མཆོག་རྩ་གསུམ་རབ་འབྱམས་རྒྱ་མཚོས་བསྐོར་ཏེ་བཞུགས་པ་ལ། བདག་གཞན་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོ༔ བདག་སོགས་ནས། སྐྱབས་སུ་མཆི༔ ལན་གསུམ།
མཁའ་ཁྱབ་ཀྱི་ཕ་མ་སེམས་ཅན་མཐའ་དག་རྣམ་གྲོལ་གཏན་གྱི་བདེ་བ་རྫོགས་པའི་སངས་རྒྱས་གུ་རུ་རིན་པོ་ཆེའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་འཆི་མེད་མཚོ་སྐྱེས་སྙིང་ཐིག་གི་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཏེ། ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཧོ༔ གཞན་དོན་ནས། སེམས་བསྐྱེད་དོ༔ ལན་གསུམ། ཚོགས་ཀྱི་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་གསག་སྦྱོང་སྤེལ་གསུམ་གྱི་ཐབས་ཁྱད་པར་དུ་འཕགས་པ་ཡན་ལག་བདུན་པ་ཚུལ་བཞིན་དུ་བྱ་བའི་འདུན་པས་ཏིང་ངེ་འཛིན་སོ་སོར་གསལ་ཐོབ་ལ་རྗེས་ཟློས། ཧོ༔ འཆི་མེད་རྩ་གསུམ་ནས། སྙིང་པོར་བསྔོ༔ ལན་གསུམ། དབང་གི་སྲོག་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པ་ཡིན་པས་སོ་བྱང་སྔགས་གསུམ་གྱིས་བསྡུས་པའི་སྡོམ་པ་མཐའ་དག་ངོ་བོ་གནས་འགྱུར་བའི་ཚུལ་གྱིས་བཟུང་། ཡོན་ཏན་ཡར་ལྡན་གྱི་ཚུལ་གྱིས་བསྲུང་ཞིང་སྤེལ། དུས་སྐབས་དགོས་པ་གང་གཙོའི་ལག་ལེན་ཐད་ཀར་སྤྱད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨོ་རྒྱན་གདུང་འཛིན་རྒྱལ་བའི་སྲས༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ནི་འདི་བཟུང་བྱང་ཆུབ་བར༔ སོ་སོ་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་སྡོམ་པའི་ཚོགས༔ ཡང་དག་ཉིད་དུ་བཟུང་བྱས་ཏེ༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདག་ལ་བྱིན་གྱིས་
བརླབ་ཏུ་གསོལ༔ ལན་གསུམ། དེ་རྣམས་ཀྱིས་རྒྱུད་རྣམ་པར་དག་པར་བྱ་བ་སོང་ནས། དབང་གི་གཞི་དགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་བཅུན་ལ་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་གསལ་ཐོབ་ཅིག །ཨ༔ གཞི་དབྱིངས་ཀ་དག་དེ་བཞིན་ཉིད༔ སོགས་ནས། སྤྲུལ་སྐུའི་ཆ་ལུགས་མཚན་དཔེས་མཛེས༔ བར་ལས་བྱང་ལྟར་བརྗོད། དེ་ལྟར་གསལ་བའི་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་ཡི་གེ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་གྱིས་མཚན་པ་དང། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའི་དབྱིངས་གང་བ་འཕྲོས། སངས་རྒྱས་ཀྱི་ཞིང་རབ་འབྱམས་དང་ཁྱད་པར་རྔ་ཡབ་པདྨ་འོད་ཀྱི་གཞལ་མེད་ཁང་ཆེན་པོ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་ཀྱང་འཆི་མེད་མཚོ་སྐྱེས་རྡོ་རྗེའི་སྐུའི་རྣམ་པར་བཞེངས་ཏེ་ནམ་མཁའ་ནས་ཆར་ཆེན་པོ་འབབ་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་འདུན་མཛོད་ཅིག །འབེབ་པའི་རྫས་བདུག །དབྱངས་རོལ་དང་བཅས། ཧཱུྃ༔ སྔོན་གྱི་བསྐལ་པ་སོགས་ལས་གཞུང་ལྟར་བརྗོད་ལ་བྱིན་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་སྒོ་གསུམ་ལ་རབ་ཏུ་གནས་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག་ལ་བརྟན་པར་
བྱ། དེ་དག་རྣམས་ཀྱིས་འཇུག་པའི་རིམ་པ་གྲུབ་ནས་དངོས་གཞིའི་དབང་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཅེས་འབུལ་གཞུག །དེ་ལ་དང་པོ་བུམ་པའི་དབང་གི་དོན་དུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་པ་བཞིན། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་མངོན་པར་དབང་བསྐུར་བ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། སེམས་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བར་གཅོད་ཀྱི་བགེགས་བསྐྲད། ཡུམ་ལྔ་རྩ་གསུམ་ལྷ་ཚོགས་རྣམས་ཀྱིས་ངོ་བོ་བདུད་རྩིས་བཀང་པའི་བུམ་པ་ཐོགས་ནས་དབང་བསྐུར་བའི་ཕྲིན་ལས་མཛད་པར་གྱུར། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་
བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར། བུམ་པ་སྤྱི་བོར་བཞག་ལ། ཨོཾ༔ འཆི་མེད་རྩ་གསུམ་ལྷ་ཚོགས་ཀྱི༔ གསང་གསུམ་གནས་ལས་བྱུང་བ་ཡི༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ ཕུང་ཁམས་ལྷ་སྐུར་དག་པར་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གསུངས་ཤིང་དབང་བསྐུར་པས་བདུད་རྩིའི་རྒྱུན་གྱིས་ལུས་ཐམས་ཅད་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་པ་ལས། རིགས་ཀྱི་བདག་པོ་འོད་དཔག་མེད་ཀྱི་རྒྱས་བཏབ་པ་ལ་ནམ་མཁའི་དབང་ལྷ་རྣམས་ཀྱང་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་སོགས་དང་མེ་ཏོག་འཐོར་ལ་བརྟན་པར་བྱ། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ཡིན་པས་དང་པོའི་སླད་དུ་འདུན་པ་འདི་ལྟར་དུ་མཛོད། འདི་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་འོག་མིན་པདྨ་འོད་ཀྱི་གཞལ་མེད་ཁང། བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་འཆི་མེད་མཚོ་སྐྱེས་རྡོ་རྗེའི་སྐུའི་རྣམ་པར་བཀྲ་ལམ་གྱིས་འཆར་བར་མོས་ལ་སེམས་གཏོད་ཅིག །དེས་སྐུའི་དབང་བསྐུར་ཐོབ་པས་དེང་ཕྱིན་ཆད་སྣང་སྟོང་ཕྱག་རྒྱའི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །གཉིས་པ་གསུང་བཟླས་ལུང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས། རང་གིས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས་པའི་
གནས་གསུམ་ནས་གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ། གསུང་སྔགས་ཕྲེང་། ཐུགས་ཕྱག་མཚན་དང་འོད་ཟེར་དཀར་དམར་མཐིང་གསུམ་རྣམ་པ་དཔག་ཏུ་མེད་པ་བྱོན་ཏེ་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་སྒྲིབ་བཞི་དག །དབང་བཞི་ཐོབ། སྐུ་བཞིའི་ས་བོན་རྒྱུད་ལ་བཞག །ཐུན་མོང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་མོས་ལ་བསྙེན་སྔགས་འདིའི་རྗེས་ཟློས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས་ལན་གསུམ། ནམ་མཁར་བཞུགས་པའི་ལྷ་རྣམས་རང་རང་ལ་ཐིམ། ཁྱེད་རང་རྣམས་ལྷར་གསལ་བའི་སྙིང་གའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿདམར་པོ་རེ་གསལ་ཐོབ། སློབ་དཔོན་ཡང་དེ་ལྟར་གསལ་བ་ལ་མོས་གུས་བྱས་པས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་པ་སྙིང་གའི་ཧྲཱིཿཡིག་གི་མཐར་འཁོད་ཅིང་གཡས་སུ་འཁོར་བའི་འོད་ཟེར་གྱིས་རྩ་བ་གསུམ་གྱི་ལྷ་ཚོགས་མཆོད་ཅིང་ཐུགས་དམ་བསྐུལ། བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཀྱི་རྣམ་པར་བསྡུས་ཏེ་ཐིམ། སྣོད་བཅུད་ཀྱི་དངོས་འཛིན་བག་ཆགས་དང་བཅས་པ་སྦྱངས་ནས་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོར་གྱུར་པར་མོས་ལ་སྒྲུབ་པའི་སྔགས་ཀྱི་རྗེས་ཟློས། ཞེས་སྒྲུབ་སྔགས་ལན་གསུམ། སླར་ཡང་སྔགས་ཕྲེང་ལས་འོད་ཟེར་སྣ་ཚོགས་
ཕྱོགས་བཅུར་འཕྲོས་པས་ཕྲིན་ལས་བཞི་དང་དངོས་གྲུབ་རྣམ་གཉིས་འབད་མེད་དུ་འགྲུབ་པར་མོས་ལ་ལས་སྦྱོར་སྔགས་ཀྱི་རྗེས་ཟློས། དེ་ལྟར་རྗེས་ཟློས་བྱར་གཞུག །དེས་གསུང་གི་དབང་ཐོབ་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །གསུམ་པ་ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ། བསྒོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ནམ་མཁའ་ལ་འཇའ་ཚོན་ཡལ་བ་བཞིན་འོད་གསལ་གཉུག་མའི་ཀློང་དུ་ཐིམ་པར་མོས་ལ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་དུ་མཉམ་པར་ཞོག་ཅིག །ཅེས་ཅུང་ཟད་འཇོག །དེས་ཐུགས་ཀྱི་དབང་ཐོབ་པས་དེང་ཕྱིན་ཆད་རིག་སྟོང་ཟུང་འཇུག་ཡེ་ཤེས་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བ་གྱིས་ཤིག །དེ་ལྟར་ན་དེ་རྣམས་ཀྱིས་རྩ་གསུམ་ཡོངས་རྫོགས་ལ་བརྟེན་ནས་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྙེན་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་དག་པ་བརྗོད། གཉིས་པ་གསང་བའི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་དུ་མཛོད། སླར་ཡང་སློབ་དཔོན་དང་ཁྱེད་རང་རྣམས་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཐལ་སྦྱར་ཕྲེང་བ་དང་པདྨ་བསྣམས་ཤིང་ཡུམ་དང་བཅས་པ། རྒྱན་ཆ་ལུགས་ཡོངས་
སུ་རྫོགས་པའི་སྐུར་ལམ་གྱིས་གྱུར་པར་མོས་ཤིག །བླ་མ་ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ། བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་མཁའ་གསང་ནས་ཕྱུངས་ཏེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་ཁྱེད་རང་རྣམས་ལ་བྱིན་པ་མགྲིན་པའི་ལམ་བརྒྱུད། རྩ་ཁམས་ཐམས་ཅད་ལ་ཁྱབ་པས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་གྲོལ་ཏེ་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱ༔ འཇིག་རྟེན་དབང་ཕྱུག་བདེ་བ་ཆེ༔ རྡོ་རྗེ་བཙུན་མོར་སྙོམས་ཞུགས་པའི༔ བྱང་ཆུབ་སེམས་ཀྱིས་དབང་བསྐུར་བས༔ རྩ་རླུང་དབུ་མར་ཐིམ་པར་ཤོག༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱ༔ དེ་ལྟར་ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་བསྐུར་བ་ཐོབ། ངག་གི་སྒྲིབ་པ་དག །ལམ་རྩ་རླུང་ཉེ་བར་བསྙེན་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་དམིགས་འདུན་འདི་བཞིན་དུ་མཛོད། སློབ་དཔོན་དང་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་རྟ་མགྲིན་སྐུ་མདོག་དམར་
པོ་ཁྲོ་ཞིང་འཛུམ་པའི་ཉམས་ཅན་ཡུམ་ཕག་མོ་མཐིང་གས་འཁྱུད་པ། གཉིས་ཀའང་གྲི་གུག་དང་ཐོད་པ་འཛིན་ཅིང་དུར་ཁྲོད་ཀྱི་ཆས་དང་རྟ་ཞལ་ཕག་ཞལ་གྱིས་མཚན་པ། བདེ་དྲོད་ཀྱི་མེ་ཕུང་འབར་བའི་དབུས་ན་བཞུགས་པར་གསལ་ཐོབ། རྟ་ཕག་ཡབ་ཡུམ་གྱི་ཕྱག་རྒྱ་སྣང་སྟོང་སྒྱུ་མ་ལྟ་བུའི་བརྡས་མཚོན་ཏེ་ཆོས་ཐམས་ཅད་དོན་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་རྟགས་ལྷན་སྐྱེས་སུ་གྲུབ་པ་ཉིད་ཟབ་མོའི་གནད་ཀྱིས་ལམ་དུ་ཁྱེར་དགོས་པའི་དོན་རྟོགས་པར་གྱིས་ཤིག །མེ་ལོང་ངོས་སུ་རྟ་ཕག་སྐུ་གཟུགས་ཤར་བ་བསྟན་ལ། ཧཱུྃ༔ བདེ་ཆེན་ཐབས་མཆོག་གར་གྱི་དབང༔ ཤེས་རབ་སྟོང་ཉིད་ཕག་མོ་ཡུམ༔ མཉམ་སྦྱོར་ཕྱག་རྒྱས་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་མ་ཧཱ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་དཔོན་དབང་ཆེན་རྟ་མགྲིན་གྱི་ཡུམ་ལས་ཕག་མོ་གཉིས་པ་འཕྲོས། ཁྱེད་རང་གི་ཡུམ་ལ་ཐིམ་པས་ཁྱེད་རང་རྟ་ཕག་ཡབ་ཡུམ་དངོས་སུ་གསལ་བ་ལྷའི་འདུ་ཤེས། མཁའ་གསང་རྡོ་རྗེ་དང་པདྨར་བྱིན་གྱིས་བརླབས་པ་སྔགས་ཀྱི་འདུ་ཤེས། ཐབས་ཟབ་མོ་འདི་ལ་བརྟེན་ནས་བདེ་ཆེན་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་དེ་གསུམ་དང་ལྡན་པས་སྙོམས་པར་ཞུགས་པ་ལས་ཡས་བབ་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་རིམ་པར་སྐྱེས་པའི་རང་ངོ་ལ་མཉམ་པར་བཞག་པས་མཐར་ཐུག་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་
ཆེན་ཀྱི་ཡེ་ཤེས་མངོན་དུ་གྱུར་པར་མོས་ཤིག །དེ་ལྟར་རྟ་མགྲིན་ཡབ་ཡུམ་ལ་བརྟེན་ནས་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པ་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་དགའ་བཞིའི་ཡེ་ཤེས་སྒྲུབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་དོན་དམ་རིག་པ་རྩལ་གྱི་དབང་བསྐུར་བ་ལ་དམིགས་པ་འདི་ལྟར་མཛོད་ཅིག །གཏོར་མ་ཐོགས་ལ། དབྱིངས་ཀྱི་ངོ་བོ་གཏོར་སྣོད་གཞལ་མེད་ཁང་དུ་རིག་པའི་རང་བཞིན་བླ་མའི་གཏོར་ཆེན་དང་། སློབ་དཔོན་ཁྱེད་རང་རྣམས་དང་བཅས་པ་སྐད་ཅིག་གིས་རིགས་ཀྱི་བདག་པོ་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན། སྐུ་མདོག་དམར་པོ་མཉམ་གཞག་ལྷུང་བཟེད་འཛིན་ཅིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྐུར་ལམ་སྟེ་གྱུར་པ་ལ། གཏོར་མའི་ལྷ་སྤྱི་བོར་སྤྱན་དྲངས་ཏེ་རྡོ་རྗེ་ཡེ་ཤེས་ཆེན་པོའི་བྱིན་རླབས་སྩོལ་བར་མོས་ལ་དད་གུས་དྲག་པོ་སྐྱེད་ཅིག །ཨ༔ གཏོར་སྣོད་ཀ་དག་ཆོས་ཀྱི་དབྱིངས༔ གཏོར་མ་ལྷུན་གྲུབ་རིག་པའི་སྐུ༔ རིགས་ཀྱི་བདག་པོས་དབང་བསྐུར་བས༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཨོཾ་ཨཱཿཧཱུྃ་དྷཱརྨ་དྷཱ་ཏུ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཧྲཱི༔ ཞེས་གཏོར་མ་མགོར་བཞག །གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་ཡེ་ཤེས་འཕོ་བའི་བྱིན་རླབས་ཐོབ། བླ་མ་ཆོས་སྐུའི་ཐུགས་དང་རང་གི་སེམས་
དབྱེར་མེད་དུ་འདྲེས། གནས་ལུགས་རྫོགས་པ་ཆེན་པོའི་དགོངས་པ་མངོན་དུ་གྱུར་པར་མོས་ལ་རིག་སྟོང་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཨ་ཨ་ཨ༔ ཞེས་དཔོན་སློབ་གཉིས་ཀས་དར་གཅིག་མཉམ་པར་བཞག །སླར་ཡང་ལྟ་སྒོམ་སྤྱོད་འབྲས་བཞིའི་ངོ་སྤྲོད་མདོར་བསྡུ་བའི་ཚུལ་གྱིས་གདབ་པ་ཡིན་པས་འདི་ལ་གསན་འཚལ། དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཡིན་པས། ཇི་སྐད་དུ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་པས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྨྲ་བསམ་བརྗོད་པ་ཀུན་ལས་འདས་པ། གདོད་མ་ནས་སྐྱེ་འགག་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ནམ་མཁའ་ལྟ་བུའི་དབྱིངས། དེ་ཉིད་སོ་སོ་རང་གི་རིག་པ་མངོན་སུམ་པས་ཉམས་སུ་མྱོང་བའི་སྤྱོད་ཡུལ་ཅན། དུས་གསུམ་རྒྱལ་བ་མ་ལུས་པ་སྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའམ་རང་བཞིན་རྫོགས་པ་ཆེན་པོ་ཞེས་བྱ་བ་དབྱིངས་དང་རིག་པ་ཟུང་དུ་འཇུག་པའི་ཡེ་གྲོལ་ལ་བསྐྱར་གྲོལ་གྱིས་ལྷན་པ་གདབ་མི་དགོས་པ་ཤེས་རིག་ཟང་ཀ་མ་འདི་ཀ་ཡིན་ལ། དེ་ལྟར་ལྟ་བ་རིག་སྟོང་རྗེན་པ་ངོ་འཕྲོད་ཕན་ཆོད། སྒོམ་པ་ཉམས་མྱོང་དང་འབྲེལ་དགོས་པས། དྲན་པས་ཟིན་ཙམ་ནས་གསལ་བ་སྟོང་པ་རིག་པའི་སྙིང་པོ་ཅན་གྱི་ངང་
བསྐྱངས་ནས་ཉམས་ལེན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་གོམས་པར་བྱ་དགོས། ལྟ་སྒོམ་གྱི་བོགས་འདོན་དུ་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱོད་པས། འབྲས་བུ་གཞན་དོན་དང་འབྲེལ་བ་རིང་པོར་མི་ཐོགས་པ་ཤུགས་ལས་འབྱུང་བ་ཡིན་པས་དེ་ལྟར་ཉམས་སུ་ལོངས་ཤིག །ཅེས་གདམས། དེ་ལྟར་ཡེ་ཤེས་སེམས་དཔའི་བྱིན་རླབས་འཕོ་བ་ལ་བརྟེན་ནས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །ལམ་ཀ་དག་ལྷུན་གྲུབ་རྫོགས་པ་ཆེན་པོ་སྒྲུབ་པ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །ཞེས་རྟོགས་པ་བསྐྱེད། ཤིས་བརྗོད་ལས་བྱང་ནས་འབྱུང་བ་སོགས་ཇི་ལྟར་འོས་པ་བརྗོད། དམ་ཚིག་བསྒྲག་བཟུང་། གཏང་རག་མཎྜལ་དང་ལུས་འབུལ། དགེ་བསྔོ་བྱས་ལ་སློབ་མ་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏང་བ་ནས་ཤིས་བརྗོད་ཀྱི་བར་ཡང་ཕྲིན་ལས་དང་གསང་བ་སྤྱིའི་རིགས་འགྲེ་སྦྱར་བས་འགྲུབ་བོ། །འདིར་འབད་དགེ་བས་མཚོ་སྐྱེས་རྗེའི། །གསང་གསུམ་ཕྲིན་ལས་དང་བཅས་པ། །བདག་གཞན་འགྲོ་བས་མྱུར་འགྲུབ་སྟེ། །འཆི་མེད་རྡོ་རྗེའི་དཔལ་ཐོབ་ཤོག །ཅེས་པའང་གཏེར་ཆེན་བླ་མ་ཐམས་ཅད་མཁྱེན་པའི་རྡོ་རྗེ་ཞལ་ལུང་མ་ནོར་བར་ཆོས་འདིའི་སྣོད་ལྡན་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བགྱིས་པ་དགེ་ལེགས་འཕེལ།། །།