ལེའུ་ཞེ་བདུན་པ་གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པ།༈ གསུམ་པ་ཁྱད་པར་དུ་ངེས་པའི་གསང་སྒོར་འཇུག་པ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། དེ་ནས་ཡང༌། ཞེས་པ་ནས། ངེས་པར་མཐོང་བའོ། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ནས་ཡང་གསང་བ་པའི་བདག་པོས། ལངྐའི་བདག་པོ་ལ་བོས་ཏེ་སྨྲས་པ། ལངྐའི་བདག་པོ་དེ་དག་ལས་ཁྱད་པར་དུ་ངེས་པའི་གསང་སྒོ ལྡེ་མིག་གསུམ་གྱིས་འབྱེད་པ་ཡང་འདི་ལྟ་སྟེ། དམ་པ་རྣམས་ཀྱི་གསང་བའི་སྒོ། ཡན་ལག་མདོ་དང་རྩ་བ་ཡི། །འབྱེད་འགྲོལ་ངེས་པར་འབྱིན་པ་ཡིས། །དེ་ཉིད་ངེས་པར་མཐོང་བའོ།། དེ་ནས་ཡང་སྟོན་པ་གསང་བའི་བདག་པོ་དེས། སྡུད་པ་པོ་ལང་ཀའི་བདག་པོ་ལ་བོས་ཏེ་སྨྲས་པ། ལང་ཀའི་མངའ་བདག་ཆེན་པོ། བཤད་པ་དེ་དག་རྣམས་ལས་ཐབས་ཀྱི་སྦྱོར་སྒོ་ལས་ཀྱང་ཁྱད་པར་དུ་གྱུར་པ་ངེས་པའི་གསང་སྒོ་གསང་སྔགས་ནང་པའི་བང་མཛོད་ལྡེའུ་མིག་རྣམ་པ་གསུམ་གྱིས་འབྱེད་ཚུལ་བསྟན་པ་ཡང༌། འདི་ལྟ་སྟེ། རྒྱལ་བ་རྫོགས་པའི་སངས་རྒྱས་རྣམ་འདྲེན་དམ་པ་རྣམས་ཀྱི་ཐུགས་ལ་བརྣག་པས་གསང་བའི་དོན་ཟབ་མོ་འབྱུང་བའི་སྒོ་དམ་པ་གསང་ཆེན་ལུང་གི་གསང་བ་ཡང༌། རྒྱུད་ཀྱི་ཡན་ལག་དྲུག་དང༌། མདོ་བཞི་དང༌། རྩ་བ་གསུམ་གྱི་ལྡེ་མིག་དམ་པ་ཡི། ལྡེ་མིག་ལྟ་བུར་འབྱེད་པ་དང༌། སྒོ་བྱེ་བ་ལྟ་བུར་འགྲོལ་བ་དང༌། མཛོད་འབྱིན་པ་ལྟ་བུར་ངེས་པར་འབྱིན་པ་ཡིས་སྒོ་ནས་རྟོགས་པའི་ཐབས་གསུམ་གྱིས། གསང་བ་མཆོག་གི་དེ་ཁོ་ན་ཉིད་ངེས་པར་མཐོང་བར་བྱེད་པའོ།། གཉིས་པ་ལ་རྒྱས་པར་བཤད་པ་གསུམ་སྟེ། འབྱེད་པར་བྱེད་པའི་ལྡེ་མིག འགྲོལ་བར་བྱེད་པའི་ལྡེ་མིག འབྱིན་པར་བྱེད་པའི་ལྡེ་མིག་བཤད་པའོ། །དང་པོ་ལ་གསུམ་སྟེ། སྤྱིར་བསྟན་པ། བྱེ་བྲག་ཏུ་བཤད་པ། ཞབས་བསྡུ་བའོ། །དང་པོ་ལ་གཉིས་༼༣༡༦༽ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། འབྱེད་པ་རྒྱུ་དང༌། ཞེས་པ་ནས། ཀུན་ལ་ངེས་པར་འགྲོ། །ཞེས་པའི་བར་གྱིས་བསྟན་ཏེ། འབྱེད་པ་རྒྱུ་དང་རྩ་བ་དང་། །འགྲེལ་བའི་ཚིག་དང་ངེས་པ་དང་།། སྦྱོར་བས་ཡན་ལག་རྫོགས་པ་ཡིན། །བརྗོད་འབྱུང་ཀུན་ལ་ངེས་པར་འགྲོ།། དེ་ཡང་འབྱེད་པའི་ལྡེ་མིག་བསྟན་པ་ལ་ཡང༌། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་དང༌། རྐྱེན་བརྗོད་པའི་གཞི་རྟེན་རྩ་བ་གླེང་བསླང་བ་དང༌། རྩོད་པ་བཟློག་པ་དགོས་འབྲེལ་བཞི་པའི་དོན་དང་དོན་བྱེད་པ་འདྲེན་པའི་ཚིག་བཅུ་དང༌། ཡན་ལག་ངེས་པ་བཅུ་གཉིས་དང༌། སྦྱོར་བ་དྲུག་ཅུ་རྩ་གཅིག་གིས་ཡང་དག་གི་ས་ལ་སྦྱོར་བས་ཡན་ལག་དྲུག་གི་དོན་རྫོགས་པར་ཚང་བ་ཡིན་ཏེ། དེ་ནི་འདི་ཉིད་གཅིག་པུར་མ་ཟད་གསང་སྔགས་ཀྱི་རྒྱུད་བརྗོད་འབྱུང་ཇི་སྙེད་པའི་བསྟན་པ་ཀུན་ལ་ངེས་པར་འགྲོ་ཞིང་ཐུན་མོང་དུ་འཇུག་གོ། གཉིས་པ་རྒྱས་པར་བཤད་པ་ནི། རྒྱུ་གཞི་གང་འབྱུང༌། ཞེས་པ་ནས། དྲུག་ཏུ་རྫོགས་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། རྒྱུ་གཞི་གང་བྱུང་ཆད་ཕྱིར་ནི། །རྒྱུ་ཡི་ངོ་བོ་བྱིན་གྱིས་བརླབ། །ལུང་བསྟན་ཉིད་དུ་ངེས་པར་སྣང་། །རྩ་བའི་ཡན་ལག་གང་དག་གིས། །མདུན་བསུ་གུས་དང་དྲི་བ་དྲིས། །སྐབས་ལ་གླེང་དུ་བླང་བའོ། །འབྲེལ་བའི་ཡན་ལག་རྣམ་པ་བཞི། །བརྗོད་དང་བརྗོད་བྱ་འགྲེལ་དགོས་ལས། །ཐ་མ་གཉིས་བཞིར་འདྲེན་པའོ། །འདྲེན་པ་གང་འདིར་རྣམ་པ་བཅུ། །ལྟ་ཉིད་དེ་བཞིན་སྒོ་འབྱེད་དང་། །སྤྱིར་སྡུད་པ་དང་འབྱོར་པར་འདྲེན། །རང་རྐྱེན་ལྡེམ་དགོངས་གལ་པོ་ཉིད། །མ་བཅོས་དེ་ཉིད་མཚོན་པའི་དཔེ། །ཆོ་རོལ་སྣྲེལ་བཞི་རྣམ་པ་བཅུ། །མེ་ལོང་བཅུ་དང་རྣམ་སྦྱར་བས། །སྒྲོན་མས་མུན་པའི་རྫས་ཚོལ་སྦྱར། །ངེས་པ་བཞི་བཞི་བཞིར་སྦྱར་བས། །བཅུ་གཉིས་ཡན་ལག་བཞིར་ཀུན་སྣང་། །སྦྱོར་བ་བཞི་པ་ལྔ་གཉིས་བཞི། །ཡན་ལག་ལྔར་སྣང་དེར་སྦྱར་ལྔ། །རྟོག་འཇུག་དྲུག་ཅུ་གཅིག་ཐབས་ནས།། ཡན་ལག་དྲུག་ཏུ་རྫོགས་པའོ།། དེ་ལ་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་ལ་ཡང་དབྱེ་བ་གསུམ་སྟེ། རུ་ཏྲའི་དངོས་པོ་འཇིག་རྟེན་དུ་བྱུང་བ་འདུལ་བའི་ཕྱིར་གདུལ་བྱ་སྔོན་གྱི་གླེང་གཞི་དང༌། གང་ལྷན་ཅིག་པ་དང་གོ་ཕྱེ་བའི་འཁོར་གྱི་དོན་དུ་བསྟན་པ་དམ་པ་གསང་སྔགས་ཀྱི་དངོས་པོ་འབྱུང་བའི་དགོས་ཆེད་ཀྱི་ཕྱིར་ནི། རྒྱུ་ཡི་ངོ་བོ་སྐུ་བཞིས་གསང་བདག་ལ་བརྒྱུད་པས་སྔོན་བྱུང་བྱིན་གྱིས་བརླབས་ཀྱི་འབྱུང་བའི་གླེང་གཞི་གང་ཡིན་པ་གཏན་ཚིགས་བྱུང་ཁུང་གི་གླེང་གཞི་དང༌། གསང་བདག་གིས་དམ་པའི་རིགས་ཅན་ལྔ་ལ་བརྒྱུད་པས་རྗེས་འཇུག་ལུང་བསྟན་བརྒྱུད་པའི་གླེང་གཞི་ཉིད་དུ་ངེས་པར་སྣང་བ་དེ་རྣམས་སོ། །བསྟན་པ་རིན་པོ་ཆེའི་བརྗོད་པ་འབྱུང་བའི་རྩ་བ། གླེང་བསླང་བའི་ཡན་ལག་ལའང་དབྱེ་བ་གསུམ་སྟེ། སྟོན་པ་དང་འཁོར་དང་སྡུད་པ་པོ་དང་བཅས་པ་གང་དག་གིས། སྟོན་པས་འཁོར་རྣམས་དོན་ལ་སྤྲོ་བ་སྐྱེད་པའི་ཕྱིར་མདུན་བསུ་བའི་སྒོ་ནས་གླེང་བསླང་བ་དང༌། འཁོར་གྱིས་སྟོན་པས་གསུངས་པའི་དོན་མ་རིག་པས་ཐེ་ཚོམ་སྐྱེས་ནས་གུས་པ་དང་བཅས་ཏེ་དྲི་བ་དྲིས་ནས་གླེང་བ་སླང་བ་དང༌། དེ་ནས་སྐབས་སུ་དྲིས་ལན་བྱུང་ངོ་ཅོག་ལས་གློ་གློར་གླེང་དུ་ལངས་པས་རྒྱུད་དོན་རྫོགས་པར་འབྱུང་བའོ། །འབྲེལ་བའི་ཡན་ལག་དགོས་འབྲེལ་རྣམ་པ་བཞི་སྟེ། ཚིག་དང་ཡི་གེར་བསྟན་པ་རྗོད་བྱེད་དང་རྒྱུད་དོན་གྱི་ངོ་བོ་བརྗོད་བྱ་དང༌། འབྲེལ་བ་དང་དགོས་པ་རྣམས་ལས་ཐ་མ་ལ་དགོས་པ་དང་ཉིང་དགོས་གཉིས་སུ་ཕྱེ་བས་བརྗོད་བྱ་དང༌། འབྲེལ་བ་དང་དགོས་པ་དང་ཉིང་དགོས་ཀྱི་གྲངས་བཞིར་འདྲེན་པའོ། །དེ་ལ་བརྗོད་བྱ་ནི་རྒྱུད་ཀྱི་དོན་ཏེ་༼༣༡༧༽སྦས་པའི་དོན་མཚོན་འབྱུང་བའི་རིགས། མ་མཐོང་རྣམས་ལ་བསྟན་པར་བཤད། །ཅེས་པས་མངོན་ནོ། །རྗོད་བྱེད་ནི་ཕྱག་ན་རྡོ་རྗེ་འཆད་པའི་སྐྱེས་བུས་བསྟན་པའི་ལུང་གི་ཚིག་རྒྱུད་དོ། །འབྲེལ་བ་ནི། རྒྱུ་དང་འབྲས་བུ་དང་ཐབས་དང་ཐབས་ལས་བྱུང་བར་འབྲེལ་བའི་ཚུལ་ཏེ། སྟོན་པ་ཀུན་ཏུ་བཟང་པོས་གསང་བ་པ་ལ་དབང་བསྐུར་ནས། ཕྱག་ན་རྡོ་རྗེའི་ལག་ཏུ་རྒྱ་གྲམ་བབས་པས་འཁོར་ལོ་བསྐོར་ཏེ་འདུས་པ་ཕལ་མོ་ཆེ་ལ་བཤད་པ་དང༌། གསང་བའི་བདག་པོ་ནི་རྡོ་རྗེ་སེམས་དཔའི་ཐུགས་དེ་བཞིན་ཉིད་ལས་སྐྱེས་པས་བཅོམ་ལྡན་འདས་ཀྱི་ཐུགས་དང་འབྲེལ་བའོ། །དགོས་པ་ནི་ལམ་རྣམས་དང་དེའི་ཆ་རྐྱེན་རྣམས་ཏེ་དང་དུ་བླང་བའི་ཕྱིར་རོ། །དགོས་པའི་ཡང་དགོས་པ་ནི་གསང་སྔགས་ཇི་བཞིན་པ་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བ་ཉིད་མངོན་དུ་གྱུར་པ་སྟེ། དགོས་པས་དོན་དུ་གཉེར་བའི་དོན་སྒོ་ཡིན་པའི་ཕྱིར་རོ། །སྨྲ་བརྗོད་ཚིག་གི་ཡན་ལག་གིས་དོན་ལ་ངེས་པར་འདྲེན་པ་ལའང་སྤྱིར་བརྗོད་བྱ་མཚོན་པའི་ཐབས་མང་ཡང་གང་ལུང་ཆེན་གསང་བ་ཟབ་མོའི་འབྲུ་གཉེར་གྱི་དོན་བཤད་པའི་སྐབས་འདིར་ནི་མཚོན་པའི་དཔེ་དང་སྦྱར་ཏེ་གསལ་བར་བྱེད་པའི་ཡན་ལག་གི་ཚིག་རྣམ་པ་བཅུ་སྟེ། རང་བཞིན་ལྟ་བའི་ཚིག་གིས་རྟོགས་པའི་ནམ་འཕང་གཅད་པ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུ་ཉིད་དང༌། དེ་བཞིན་དུ་སྒོ་རྣམ་པར་འབྱེད་པའི་ཚིག་གིས་དོན་གྱི་ཚོམས་ས་གཅོད་ཀྱི་དབྱེ་བ་སྟག་གི་མཆོངས་པ་ལྟ་བུ་དང༌། སྤྱིར་སྤྱི་དོན་སྡུད་པའི་ཚིག་གིས་ཁོག་དབུབ་པ་སེང་གེའི་མཆོངས་པ་ལྟ་བུ་དང༌། འབྲེལ་བར་སྦྱོར་བའི་ཚིག་གིས་གོང་འོག་གི་ལེའུ་མཚམས་འབྱོར་བར་བྱས་ཏེ་འདྲེན་པ་ངང་མོའི་འགྲོས་ལྟ་བུ་དང༌། རང་རྐྱེན་གཉེར་གྱི་ཚིག་གིས་གཞུང་གི་འབྲུ་གཞོམ་པ། རུ་སྦལ་གྱི་འགྲོས་ལྟ་བུ་དང༌། ལྡེམ་དགོངས་མན་ངག་གི་ཚིག་གིས་མི་འཚམས་པ་འཚམས་པར་བཤད་པ་རྣ་ཕྲུག་བྲག་ལ་འཛེགས་པ་ལྟ་བུ་དང༌། གལ་པོ་ཞེས་གཏར་ཀ་གེགས་སེལ་གྱི་ཚིག་གིས་ཐེ་ཚོམ་གཅོད་པ་ཉིད་གླག་གཟན་ལ་འཇུམས་པ་ལྟ་བུ་དང༌། ཚད་མ་བཀའ་གཞུང་གི་ཚིག་གིས་མ་བཅོས་མ་བསླད་པས་དེ་ཁོ་ན་ཉིད་ལ་ཡིད་ཆེས་ཤིང་གདེངས་རྙེད་པར་བྱ་བ་དུས་ཀྱི་འབྲུག་ཆར་ལྟ་བུ་དང༌། མཚོན་པའི་དཔེ་ཡི་ཚིག་གིས་མཐའ་མཐུན་པ་དང་མི་མཐུན་པ་ཉེ་བར་སྦྱར་བས་ཡིད་ཆེས་ཤིང་གོ་སླ་བར་བྱ་བ་མེ་ལོང་ལྟ་བུ་དང༌། ཆོ་རོལ་སྣྲེལ་གཞིར་གྱུར་པ་བསྣོལ་༼༣༡༨༽མཚམས་འཕེན་སྡུད་ཀྱི་ཚིག་གིས་གོང་འོག་གི་འབྲེལ་བརྩི་ཞིང་འཁྲུགས་པ་སྡེབ་པ་ཐགས་དང་སེང་ཕྲུག་རྩལ་སྦྱོང་བ་ལྟ་བུ་དང་རྣམ་པ་བཅུ་པོ་ཉིད་མཚོན་བྱེད་ཀྱི་དཔེ་མེ་ལོང་བཅུ་དང་མཚོན་བྱ་དོན་གྱི་གནས་བཅུ་རྣམ་པར་སྦྱར་བས་གནས་ལུགས་རྟོགས་པར་བྱ་བ་ནི་སྒྲོན་མས་མུན་པའི་རྫས་ཚོལ་བ་དང་འདྲ་བར་སྦྱར་བར་བྱ་སྟེ། སྒྲོན་མ་ནི་འདྲེན་པའི་ཚིག་མུན་པ་ནི་དོན་མི་མཐོང་བ། རྫས་ཚོལ་བ་ནི་གསེར་དང་འདྲ་བའི་བརྗོད་བྱ། སྦྱར་བ་ནི་དོན་ངེས་པར་མཐོང་བའོ། །དེས་ན་བཤད་པ་དང་འཆད་པའི་འགྲེལ་ལུགས་རྣམས་ཀྱང་འདི་དག་གིས་ཁོང་ནས་ངེས་པར་འཇལ་བར་བྱའོ། །ངེས་དོན་རྙེད་པའི་བྱེ་བྲག་གི་ཡན་ལག་ངེས་པ་ནི་སྣོད་རྣམ་པ་བཞི་ལ་བསྟན་པ་བཞི་ཡི་ཚིག་དང་དོན་གྱི་ཆོས་རྣམས་ཆོས་རྟགས་ཀྱི་ཕྱག་རྒྱ་གསང་བའི་སྤྱི་ཐེམས་ཆེན་པོ་བཞིར་སྦྱར་ཏེ་གཏན་ལ་དབབ་ནས་དམིགས་བཟུང་བས་ངེས་པའི་ངོ་བོ་བཞི་གསུམ་བཅུ་གཉིས་སུ་དབྱེ་སྟེ་ཡན་ལག་བཞི་བཞིར་འཆད་པ་ཀུན་སྣང་བའོ། །ཡང་ན་སྣོད་བཞི་ལ་ཆོས་རྟགས་བཞི་དང༌། དེའི་དོན་བཞི་སྟེ་ཡན་ལག་བཞི་ཚོམ་འདྲེས་པར་ཆ་རེར་འཆད་པའང་སྣང་ངོ་། །བདག་གི་དོན་དུ་སྦྱོར་བ་བཞི་པ་ཞེས་བཞི་ཚོ་བརྒྱད་དེ་སུམ་ཅུ་སོ་གཉིས་ལ། ཀུན་མཁྱེན་དམ་པ་རིན་པོ་ཆེའི་གསུང་སྒྲོས་ལྟར་ན། སྦྱོར་བའམ་རྟོགས་པ་བཞི། ཤེས་པ་བཞི། དགོས་པ་བཞི། ལམ་བཞི། དབང་བཞི། གོམས་པ་བཞི། བསྙེན་བསྒྲུབ་བཞི། མཚན་ཉིད་དང་སྦྱར་བ་བཞིའམ། ཡང་ན་རིགས་འཛིན་བཞིའོ། །གཞན་དོན་དུ་སྦྱོར་བ་ལྔ་ཚན་གཉིས་དང་བཞི་ཚན་གཉིས་དང་ཡན་ལག་ལྔར་སྣང་བ་དང་དེ་དང་སྦྱར་བ་ལྔ་སྟེ་ཉེར་བརྒྱད་དུ་གསུངས་པ། མངོན་ཤེས་ལྔ། སྒྲུབ་པའི་ཡོ་བྱད་ལྔ། ཆོ་འཕྲུལ་བཞི། ཕྲིན་ལས་བཞི། ཐབས་ལྔ། ཐབས་དང་སྦྱར་བ་ལྔའོ།། འགྲེལ་ཆེན་ལྟར་ན། ངེས་པའི་ཐབས་ཆེན་པོས་ལམ་དམ་པ་ལ་ངེས་པར་སྦྱོར་བའི་ཡན་ལག་ནི། རྟོགས་པ་རྣམ་པ་བཞི། མཚན་ཉིད་ཀྱི་ཡན་ལག་བཞི། དགོས་འབྲེལ་བཞི། ཐོས་ཆུང་གོམས་དང་སོགས་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་བཞི། ཚོ་གཉིས། སེམས་འཇུག་པའི་རིམ་པ་བཞི། བསྙེན་བསྒྲུབ་བཞི། དེའི་དོན་ཤེས་པར་བྱ་བ། དེ་བཞིན་མཉམ་གྱུར་སོགས་བཞི་ནི་བདག་དོན་ཏེ། གྲངས་ནི་བཞི་ཚོ་བརྒྱད་དོ། །གཞན་དོན་མཛད་པ། ཆོ་འཕྲུལ་བཞི་དང༌། ཐབས་སྦྱར་༼༣༡༩༽ལྔ་དང༌། སྔགས་ཀྱི་རང་བཞིན་ལྔ་སྟེ་ཕྲག་གཉིས་དང༌། ཕྲིན་ལས་བཞི་དང༌། ཐབས་ཀྱི་ཡན་ལག་ལྔ་དང༌། དེས་དོན་ལ་སྦྱོར་ཐབས་ལྔའོ། །གྲངས་ནི། ལྔ་ཕྲག་བཞི་དང༌། བཞི་ཕྲག་གཉིས་སོ། །དེ་གཉིས་ཀའང་དོན་ལ་ཁྱད་པར་མེད་དོ། །དེ་ལྟར་སྤྱིར་བསྡོམས་པས་ངེས་པར་དོན་གཉིས་ལ་འཇུག་པས་སྦྱོར་བའི་རྟོགས་འཇུག་དྲུག་ཅུ་རྩ་གཅིག་གི་ཐབས་བསྟན་ནས། གླེང་གཞི་མན་ཆད་ཀྱིས་འཆད་པའི་ཡན་ལག་དྲུག་པོ་རྣམས་འདིར་འདུས་ཤིང་ཚང་བ་ཉིད་དུ་ངེས་པར་རྫོགས་པའོ། །དེ་ལྟར་དྲུག་ལ་སྤྱིར་དགུ་བཅུ་རྩ་གཅིག་ཏུ་འགྱུར་ཏེ། གླེང་གཞི་གཉིས། གླེང་བསླང་བ་གཉིས། དགོས་འབྲེལ་བཞི། འདྲེན་པ་བཅུ། ངེས་པ་བཅུ་གཉིས། སྦྱོར་བའི་རེ་གཅིག་གོ། གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ། རྒྱས་པར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། སྦྱོར་བའི་ཡན་ལག་གོ །ཞེས་པའི་བར་གྱིས་བསྟན་ཏེ། ལངྐའི་བདག་པོ་གང་འདིར་ཡན་ལག་དྲུག་ནི་འདི་ལྟ་སྟེ། རྒྱུའི་ཡན་ལག་དང་། རྩ་བའི་ཡན་ལག་དང་། འབྲེལ་བའི་ཡན་ལག་དང་། འདྲེན་པའི་ཡན་ལག་དང་། ངེས་པའི་ཡན་ལག་དང་། སྦྱོར་བའི་ཡན་ལག་གོ། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། དེ་ལ་གང་འདིར་ཡན་ལག་དྲུག་བསྣན་ནས་སྟོན་པ་ནི། རེ་རེ་ནས་རྒྱས་པར་བསྟན་པའི་ཕྱིར་འདི་ལྟ་སྟེ། རྒྱུའི་ཡན་ལག་གླེང་གཞི་དང༌། རྩ་བའི་ཡན་ལག་གླེང་བསླང་བ་དང༌། འབྲེལ་བའི་ཡན་ལག་དགོས་འབྲེལ་དང༌། འདྲེན་པའི་ཡན་ལག་ཚིག་བཅུ་དང༌། ངེས་པའི་ཡན་ལག་བཅུ་གཉིས་དང༌། སྦྱོར་བའི་ཡན་ལག་དྲུག་ཅུ་རྩ་གཅིག་དག་གོ། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་སྟེ། རྒྱུའི་ཡན་ལག རྩ་བའི་ཡན་ལག འབྲེལ་བའི་ཡན་ལག འདྲེན་པའི་ཡན་ལག ངེས་པའི་ཡན་ལག སྦྱོར་བའི་ཡན་ལག་བཤད་པའོ། །དང་པོ་ལ་གསུམ་སྟེ། མདོར་བསྟན་པ། རྒྱས་པར་བཤད་པ། ཞབས་བསྡུ་བའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། རྫོགས་པ་དྲུག་གོ །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་ལངྐའི་བདག་པོ་རྒྱུའི་ཡན་ལག་ནི། གང་འབྱུང་བའི་རྒྱུར་གྱུར་པ་སྟེ། འདི་ལྟར་ཡོངས་སུ་ཚོགས་པ་དྲུག་གོ། ལེའུ་འདིས་ངེས་དོན་དང་དྲང་དོན་གཉིས་ཀ་སྟོན་ནོ། །ལང་ཀའི་བདག་པོ། དེ་ལ་རྒྱུའི་ཡན་ལག་གླེང་གཞི་བསྟན་པ་ནི། གང་བསྟན་པའི་དངོས་པོ་འབྱུང་ཞིང་སྣང་བའི་རྒྱུར་གྱུར་པ་སྟེ་མིང་ཡང་ངེས་པར་འགྲུབ་པ་ལ། དེའི་ངོ་བོ་བསྟན་པ་ནི་འདི་ལྟར་ཏེ། སྟོན་པ་དང༌། གནས་དང༌། འཁོར་དང༌། སྡུད་པ་དང༌། དུས་དང༌། བསྟན་པ་སྟེ་ཡོངས་སུ་རྫོགས་པའི་ཕུན་སུམ་ཚོགས་པ་དྲུག་གོ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ། སྐུ་བཞིའི་གླེང་གཞི་ལོ་རྒྱུས་སུ་བརྗོད་པ། དེ་དག་མ་འདྲེས་ཡོངས་རྫོགས་སུ་བཞུགས་པས་ཞུ་བ་བསྒུགས་པའོ། །དང་པོ་ལ་བཞི་སྟེ། ཆོས་སྐུའི་གླེང་གཞི། ༼༣༢༠༽ལོངས་སྐུའི་གླེང་གཞི། སྤྲུལ་སྐུའི་གླེང་གཞི། གསང་བའི་སྐུའི་གླེང་གཞི་བཤད་པའོ། །དང་པོ་ལ་བཞི་སྟེ། དུས་དང་སྡུད་པ་པོ་ཐུན་མོང་དུ་བསྟན་པ། སྟོན་པ་བཤད་པ། གནས་བསྟན་པ། འཁོར་བཤད་པའོ། །དང་པོ་ནི། ལང་ཀའི། ཞེས་པ་ནས། དུས་གཅིག་ན། ཞེས་པའི་བར་གྱིས་བསྟན་ཏེ། ལངྐའི་བདག་པོ་དེ་ཡང་འདི་ལྟར་འདི་སྐད་བདག་གིས་ཐོས་པ། དེ་ཁོ་ན་ཉིད་ངེས་པར་སྣང་བའི་དུས་གཅིག་ན། འདི་ནི་གླེང་གཞི་གསུམ་དུ་ཕྱེ་བ་ལས། གཏན་ཚིགས་འབྱུང་ཁུངས་རྒྱུའི་གླེང་གཞིར་གྱུར་པའི་ཕྱིར། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། དེ་ཡང་འདི་ལྟར། བློ་གྲོས་ཅན་ལ་ངེས་པར་སྣང་བའི་བསྟན་པ་རིན་པོ་ཆེ་འདི་སྐད་དུ་ཉེ་བར་བསྟན་པའི་དོན་སྟོན་པ་ཆོས་ཀྱི་སྐུ་ལ་གསང་བའི་བདག་པོ་འཆད་པའི་སྐྱེས་བུ་ཉིད་འདིར་སྐབས་ཀྱི་སྡུད་པ་པོར་གྱུར་པ་བདག་གིས་ཐོས་པའི་ཚེ་ཐོས་ལུགས་ཆོས་ཉིད་ཇི་བཞིན་པ་དེ་ཁོ་ན་ཉིད་དུ་རིག་པའི་གསུང་གིས་རིག་པ་ལ་ངེས་པར་མི་འགྱུར་བར་རང་སྣང་ཞིང་ཤར་བའི་དུས་གཅིག་གི་ཚེ་ན། ཞེས་རྒྱུའི་སྡུད་པ་དང་དུས་ཕུན་སུམ་ཚོགས་པའོ།། གཉིས་པ་སྟོན་པ་བཤད་པ་ལ་གཉིས་ཏེ། སྟོན་པའི་ངོ་བོ་བསྟན་པ། །མཚན་ཉིད་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས། ཞེས་པ་ནས། ཡོངས་སུ་རྫོགས་པའི་རྒྱལ་པོ་དེ། ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས། དགྲ་བཅོམ་པ་ཡང་དག་པར་རྫོགས་པར་རྫོགས་པའི་སངས་རྒྱས་ཞེས་བྱའི་ཐ་སྙད་དང་བྲལ་བ། བླ་དྭགས་ཐམས་ཅད་ལས་འདས་པ། ནམ་མཁའ་ཆེན་པོ་ཀུན་ལ་ཁྱབ་པའི་བདག་ཉིད། མངོན་སུམ་མི་གནས་མཚོན་དུ་མེད་པ་ཡོངས་སུ་རྫོགས་པའི་རྒྱལ་པོ་དེ། སྟོན་པ་གང་ཞེ་ན། ཐེག་མཆོག་རྫོགས་པ་ཆེན་པོ་དང་སྦྱར་ཏེ། མཐར་ཐུག་པའི་ཡེ་ཤེས་ཆེན་པོ་གཉིས་སུ་མེད་པར་བྱ་བ་ཐམས་ཅད་མཛད་པས་མཐའ་ཀུན་བཅོམ་ཞིང་རང་བཞིན་གྱིས་སྣང་བའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་ལྡན་པར་བཞུགས་ཀྱང་ངོ་བོ་ཡོངས་སུ་མི་ཟིན་པས་དམིགས་བསམ་ལས་འདས་པ། །གཞི་དབྱིངས་དེ་བཞིན་ཉིད་ཡེ་ཇི་བཞིན་པའི་ངང་ཉིད་དུ་ཕྱིན་པ་མེད་པར་སོན་ཞིང་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ལྷུན་ལ་མི་གཡོ་བ་ཆེན་པོར་བཞུགས་པ། བདེ་བ་འཇོམས་པས་དགྲ་ཡིས་འཚེ་བ་སྤང་བྱའི་སྣང་བ་ཐམས་ཅད་མ་སྤངས་བྲལ་བར་བཅོམ་པས་དགྲ་བཅོམ་ཆེན་པོ། ཡོན་ཏན་ཇི་སྙེད་པ་ཐམས་ཅད་བརྩལ་བ་མེད་པར་ཡང་དག་པར་མངོན་དུ་བྱས་པས་གང་ལའང་རག་མ་ལས་པར་ཡོངས་སུ་རྫོགས་པའི་མངའ་བདག་སའི་ཞེན་མཐའ་རིལ་སངས་པའི་ཡེ་ཤེས་ཀུན་ཏུ་གདལ་ཞིང་སྒྲིབ་མེད་གསལ་བར་རྒྱས་པ། དེ་ལྟ་བུའི་ངོ་བོར་བཞུགས་པ་ལའང་ཕྱོགས་རིས་བྲལ་བས། ཚིག་གིས་འདི་ཞེས་བྱ་བར་བརྗོད་ཅིང་གདགས་པའི་ཐ་སྙད་ལ་ལྟོས་༼༣༢༡༽པའི་ཟླ་དང་བྲལ་བ། ངོ་བོ་བསྟན་དུ་མེད་པས་གློ་བུར་གྱི་མིང་རྣམས་མ་སྤངས་བྲལ་ཏེ་བླ་དྭགས་ཐམས་ཅད་ལས་འདས་པ། ཕྱིན་པ་མེད་པར་ཀུན་ཏུ་གདལ་བས་ཡེ་ཤེས་ཀྱི་ནམ་མཁའ་ཆེན་པོ་འཁོར་འདས་ཀྱི་དངོས་གཞི་ཀུན་ལ་རྫོགས་པར་ཁྱབ་པའི་བདག་ཉིད་ཆེན་པོ། དབྱིངས་དང་ཁ་དོག་གི་སྐུ་རྣམས་མ་བཀོལ་ལ་མི་ལྡན་པར་མངོན་སུམ་གྱི་ཡུལ་དུ་མི་གནས་པས་དཔེས་མཚོན་ཞིང་བསྐྲུན་དུ་མེད་པ། དངོས་པོ་གཉིས་པ་རིལ་ཡོངས་སུ་རྫོགས་པའི་རྒྱལ་པོ་ཀུན་གྱི་བདག་ཉིད་དུ་བཞུགས་པའི་ཆོས་བཅུ་དང་ལྡན་པ་དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུའི་ངོ་བོའོ།། གཉིས་པ་མཚན་ཉིད་བཤད་པ་ནི། འོག་ནས། གང་དུའང་མི་གནས། ཞེས་པ་ནས། མི་ནུབ་པའི་ཏོག་ཆེན་པོར། ཞེས་པའི་བར་གྱིས་བསྟན་ཏེ། གང་དུ་ཡང་མི་གནས་པ་ཆེན་པོ། གང་ལ་ཡང་མ་ཆགས་ཆགས་པའི་བདག་ཉིད། ཅི་ཡང་མི་མཛད་མཛད་པ་ཐམས་ཅད་ལྷུན་གྲུབ། མི་སྐྱེ་མི་འགག་རྣམ་གྲོལ་རྣམ་དག དངོས་པོར་མ་ཡིན་ནམ་མཁའི་རང་བཞིན། མ་བཅོས་མ་བྱས་ཡེ་ནས་ཇི་བཞིན། འཁོར་བ་མི་སྤོང་ཡེ་བརྡལ་ཁྱབ་པ། དུག་གསུམ་མི་སྤོང་སྨད་པ་ཆེན་པོ། ཅིར་ཡང་མི་དམིགས་དམིགས་པ་ཀུན་འབྱུང་། ཚིག་གི་ལམ་ཆད་བརྗོད་པ་ཀུན་འབྱུང་། གང་དང་མ་འདྲེས་གཅིག་ཏུ་ཡོངས་སུ་རྫོགས་པ། ཀུན་ནས་ཀུན་ཏུ་དང་བཟང་པོ། མི་ནུབ་པའི་ཏོག་ཆེན་པོར། སྟོན་པའི་མཚན་ཉིད་དང་ཡོན་ཏན་ཇི་ལྟ་བུ་ཞེ་ན། མཐའ་གང་གིས་ཀྱང་མ་རེག་པས་གང་དུའང་མི་གནས་ལ། འདི་འདྲར་མེད་ཅིང་ཐམས་ཅད་ཀྱི་དངོས་པོར་ཡང་ཤར་བས་གང་ཡང་མ་སྤངས་པའི་གནས་པ་ཆེན་པོ། ཡུལ་གྱི་མཚན་ཉིད་གང་དང་ཡང་ལྷན་ཅིག་པ་མེད་པས་གང་ལའང་མ་ཆགས་ལ། རིལ་དང་མི་ཕྱེད་པ་ཆེན་པོར་ཤར་བས་ཆགས་པའི་བདག་ཉིད། ཆེད་དུ་བྱ་བ་ཅི་ཡང་མི་མཛད་པར་ཕྲིན་ལས་ཐམས་ཅད་པར་བཞུགས་པས་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་སྟེ་འགྲོ་དོན་རྒྱུན་ཆད་མེད་པར་མཛད་པ། རྒྱུ་རྐྱེན་དང་བྲལ་བས་མི་སྐྱེ་ལ་ཡེ་ཤེས་མི་འགག་པས་འཕོ་འགྱུར་མེད་པ། ཕྱིན་ཅི་ལོག་དང་ཡང་དག་པའི་འཆིང་བ་ཐམས་ཅད་བཅད་པས་རྣམ་པར་གྲོལ་ཏེ། མཐའི་སྤྲོས་པའི་དྲི་མ་དང་བྲལ་བས་རྣམ་པར་དག་པ། ཐེར་ཟུག་མེད་པར་ཅིར་ཡང་འབྱུང་བས་དངོས་པོ་མ་ཡིན་ཞིང་ནམ་མཁའི་རང་བཞིན་ངང་གིས་གསལ་བ། ཀུན་ནས་ལེགས་པ་ཆེན་པོ་བྱེད་པ་པོས་མ་བཅོས་རྒྱུ་རྐྱེན་གྱིས་མ་བྱས་པར་བརྩལ་བ་མེད་པར་ཡེ་ནས་ཇི་བཞིན་པར་གནས་པས་རྣལ་མར་གྱུར་པ། སྨད་བྱ་འཁོར་བ་སྐྱོན་དུ་མི་འདོར་བས་མི་སྤོང་ལ་དེ་ཉིད་ཆོས་ཀྱི་སྐུ་ཉིད་དུ་གསལ་བར་གྱུར་པས་ཡེ་གདལ་ཁྱབ་པ། ཆགས་སྡང་མ་རིག་པའི་དུག་གསུམ་གྱི་ནད་རྣམས་མི་སྤོང་བར་སྐུ་གསུམ་གྱི་བདུད་རྩིར་མཛད་པས་འཚོ་མཛད་སྨན་པ་ཆེན་པོ། སྤྱོད་ཡུལ་ཀ་ནས་དག་པས་ཅིར་ཡང་མི་དམིགས་ལ་རྣམ་པའི་འཛིན་པ་ཡེ་ནས་འབྲལ་བཞིན་དམིགས་པ་དེ་དག་ཏུ་སྣང་བས་ཀུན་གྱི་འབྱུང་གནས་སུ་གྱུར་པ། ངོ་བོ་བརྗོད་དུ་མེད་པས་ཚིག་གི་ལམ་༼༣༢༢༽ཆད་ཀྱང་ངང་ལས་ལྷུན་གྱིས་གྲུབ་པར་འཆར་བས་སྨྲ་བརྗོད་ཀྱི་རྣམ་པར་རང་བཞིན་ཀུན་ཏུ་འབྱུང་བ། མཐའ་གང་གིས་ཀྱང་མ་བསྒོས་པས་གང་དང་མ་འདྲེས་ལ་ཐ་སྙད་ཀྱི་དངོས་གཞི་རིལ་འདུས་པས་གཅིག་ཏུ་ཡོངས་སུ་རྫོགས་པ། དུས་ཀུན་ནས་སྐབས་ཀྱི་སྔ་ཕྱི་ཀུན་ཏུ་དགག་སྒྲུབ་མེད་པར་མཐའི་དྲི་མའི་རྡུལ་དང་བྲལ་བས་ངང་བཟང་པོ་མཆོག་ཏུ་གྱུར་པ། ཀུན་གྱི་བླར་གྱུར་པས་དུས་གསུམ་དུ་མི་ནུབ་ཅིང་མི་རླག་པའི་ཏོག་ཆེན་པོར་རྒྱལ་མཚན་གྱི་རྩེ་མོར་བཞུགས་པ་སྟེ། འདིར་མཚན་ཉིད་ལྔ་ཕྲག་གཉིས་དང་གསུམ་དུ་ལྡན་པར་བཞུགས་སོ། ། གསུམ་པ་གནས་བསྟན་པ་ནི། གོང་ནས། ས་ཡོངས་སུ་ཁྱབ། ཅེས་པ་ནས། ཞེས་བྱ་བའི་ཞིང་ཁམས་ན། ཞེས་པའི་བར་གྱིས་བསྟན་ཏེ། ས་ཡོངས་སུ་ཁྱབ་པའི་གནས་རྫོགས་པ་སྤྱིར་ཆིབ་ཅེས་བྱ་བ། ནམ་མཁའི་དབྱིངས་བདེ་བ་ཆེན་པོའི་ངང་། ཐམས་ཅད་ལས་སངས་རྒྱས་པས་མཁྱེན་པར་བཀོད་པ། ཀུན་གཞི་ཆོས་ཀྱི་ཕོ་བྲང་། ཡེ་འབྱམས་རྨད་དུ་གྲགས་པ། རྒྱ་ཕྱོགས་སུ་ཡོངས་སུ་མ་ཆད་པ། ཆོས་ཉིད་ཀྱི་ནམ་མཁའ་བརྗོད་དུ་མེད་པ་ལ་ཡེ་ཤེས་ཀྱི་ཉི་མ་དཔག་ཏུ་མེད་པ་ཤར་བ། མཐའ་དང་དབུས་མེད་ཅིང་ཀུན་ཏུ་རྒྱ་མཉམ་པ། བདལ་ཁྱབ་ཆེན་པོ་ཞེས་བྱ་བའི་ཞིང་ཁམས་ན། སྟོན་པ་ཆོས་སྐུའི་གནས་ཕུན་སུམ་ཚོགས་པ་ནི། ཆོས་ཉིད་ཀྱིས་ཐམས་ཅད་ཀྱང་མ་བཀོལ་བར་གདལ་བའི་གཞིར་གྱུར་པས་འབྲས་བུའི་ས་མཆོག་ཡོངས་སུ་ཁྱབ་པའི་གནས་རྒྱུ་འབྲས་ཀུན་ལྷུན་གྱིས་རྫོགས་པའི་སའི་རིམ་པའི་ཏོག་ཆེན་པོར་གྱུར་ཏེ་འདིའི་གོང་ན་གཞན་མེད་པས་རྫོགས་པ་སྤྱིར་ཆིབས་ཀྱི་ས་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་ས་བཅུ་པ་ལ་གནས་པས་ཀྱང་ཡུལ་མིན་པར་མཉམ་ཉིད་ཆེན་པོ་མུ་མཐའ་མེད་པས་ནམ་མཁའི་དབྱིངས་གདུང་བ་ཐམས་ཅད་ངང་གིས་བྲལ་བའི་ཀློང་དམ་པ་བདེ་བ་ཆེན་པོའི་ངང༌། དངོས་པོ་གཉིས་པ་རིལ་ཡང་དག་པར་རྫོགས་པའི་ཡེ་ཤེས་ཀྱི་སར་རང་གསལ་བར་ཆུབ་པས་ཐམས་ཅད་སངས་རྒྱས་པར་མཁྱེན་པར་བཀོད་པ། ཐམས་ཅད་ཀྱི་འབྱུང་གནས་ཆོས་ཉིད་ཀྱི་ངང་རྒྱལ་བ་རིལ་གྱི་བཞུགས་གནས་ཆེན་པོ་ཀུན་གཞི་ཆོས་ཀྱི་ཕོ་བྲང་ཡངས་པ། ཡེ་ནས་མཐའ་དང་བྲལ་བར་ཐམས་ཅད་ལ་ཁྱབ་ཅིང་ཡོན་ཏན་ཀུན་གྱི་བདག་ཉིད་ཡེ་འབྱམས་རྨད་དུ་གྲགས་པ། རྒྱ་ཁྱོན་ཚད་མེད་པས་ཕྱོགས་བཅུར་དབྱེ་བས་ཕྱོགས་དང་རིས་སུ་ཡོངས་སུ་མ་ཆད་པར་མཉམ་པ་ཉིད་དུ་རང་གསལ་བ། དབྱིངས་ཀྱི་ཆ་ཆོས་ཉིད་ཀྱི་ནམ་མཁའ་ཚིག་གིས་བརྗོད་དུ་མེད་པས་རང་བཞིན་བསྟན་པར་དཀའ་བ་ལ། རྒྱན་རང་བྱུང་རིག་པའི་ཡེ་ཤེས་ཀྱི་ཉི་མ་འཆར་ནུབ་མེད་པར་གསལ་ཏེ་ཚད་དཔག་ཏུ་མེད་པར་རང་ཤར་བ། འདི་ཉིད་རྒྱུར་ཡང་གསུངས་པ་ཡོད། ཡོད་མེད་དང་རྟག་ཆད་ལ་སོགས་པ་ཀུན་ལས་འདས་པས་མི་བདེན་པས་མཐའ་དང་བདེན་པའི་དབུས་མེད་ཅིང་དབུ་མ་དང་གཉིས་མེད་ཀྱི་ཐ་སྙད་ལས་ཀྱང་གྲོལ་བས་ཀུན་ཏུ་རྒྱ་མཉམ་པ། ཆོས་ཉིད་བསྒོམ་༼༣༢༣༽པ་མེད་པར་ཀུན་ལ་ཁྱབ་པས་སྲོག་ཆགས་ལྡེམ་བུ་ཡན་ཆོད་དུ་སྣུམས་ཚབས་ཆེ་ཆུང་མེད་པར་གྱུར་པའི་མཚན་ནི། གདལ་ཁྱབ་ཆེན་པོ་ཞེས་བྱ་བའི་ཞིང་ཁམས་སུ་གྲགས་པ་ཕྱི་ནང་མེད་པར་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་པའི་གནས་དམ་པ་ན་བཞུགས་སོ།། བཞི་པ་འཁོར་བཤད་པ་ནི། འོག་ནས། ཡེ་ཤེས་བརྗོད་ཀྱིས། ཞེས་པ་ནས། ངོ་བོ་ཉིད་དུ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། ཡེ་ཤེས་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དང་འདུ་འབྲལ་མེད་པ་ཀུན་ཏུ་འུབ་ཆུབ་སྟེ། དངོས་པོ་མེད་པའི་ངོ་བོ་ཉིད་དུ་བཞུགས་སོ།། འཁོར་ཕུན་སུམ་ཚོགས་པ་ནི། རྫོགས་པ་སྤྱིར་ཆིབས་ཀྱི་ས་ཐོབ་སྟེ་ལྷུན་གྱིས་གྲུབ་པའི་རྣལ་འབྱོར་པ་རེ་རེ་ལའང་ཡེ་ཤེས་ལྔ་དང་ལྡན་ཞིང་ཡེ་ཤེས་རེ་རེ་ལའང་ལྔ་ལྔར་དབྱེ་བ་ལ་སོགས་པ་གྲངས་མེད་པའམ། རང་བྱུང་གི་ཡེ་ཤེས་ཆེན་པོ་མངོན་དུ་བྱས་པ་ཉིད་ཀྱང་ཡེ་ཤེས་རང་སྣང་བའི་ངོ་བོ་རྣམ་པར་དག་པའི་བྱེ་བྲག་གྲངས་ལས་འདས་ཏེ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་ཚད་མེད་བརྗོད་དུ་མེད་པ་དང༌། ཐོག་མར་འདུ་ཞིང་ཐ་མ་འབྲལ་བ་མེད་པར་ལྷུན་གྱིས་རྫོགས་ལ་མ་འདྲེས་པས་ཀུན་ཏུ་འུབ་ཆུབ་སྟེ། ཕྱག་དཔེ་གཅིག་ན་བར་འདིར་རང་རིག་པའི་རྒྱལ་པོ། ཞེས་བཞུགས། གཅིག་དང་དུ་མ་ལས་གྲོལ་བས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཐབས་གཅིག་ཏུ་བཞུགས་སོ། །དེ་བས་ན་གནས་ཀྱི་དོན་གྱིས་ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ཐོབ་པས་ཆོས་སྐུ་ལས་ཉན་པའི་འཁོར་དུ་གྱུར་པར་ཤིན་ཏུ་རིགས་སོ།། གཉིས་པ་ལོངས་སྐུའི་གླེང་གཞི་ལ་བཞི་སྟེ། དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ། སྟོན་པ་བཤད་པ། གནས་བསྟན་པ། འཁོར་བཤད་པའོ། །དང་པོ་ནི། གསང་བའི་སྙིང་པོ། ཞེས་པ་ནས། དུས་གཅིག་ན། ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་ཚིག་འདི་སྐད་དུ། འཐུན་འཇུག་ཐབས་སུ་ཐོས་པའི་དུས་གཅིག་ན། ལོངས་སྤྱོད་རྫོགས་པའི་སྐུའི་གླེང་གཞི་བསྟན་པ་ནི། ཇི་སྐད་བསྟན་པའི་གསང་སྔགས་ཀྱི་ཐེག་པ་དབྱིངས་དང་ཡེ་ཤེས་སམ་རྒྱུ་འབྲས་དབྱེར་མེད་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ཀྱི་དོན་ཟབ་མོ་བརྗོད་པ་དང་འདྲ་བའི་ཕྱིར་སྒྲའི་ཚིག་འདི་སྐད་དུ་ཐབས་ཀྱི་སྒོ་མང་པོས་ཇི་ལྟར་གདུལ་བྱ་ས་ལ་གནས་པའམ། རིག་འཛིན་རྣམས་ཀྱི་བློ་དང་མཐུན་པར་འཇུག་པའི་ཐབས་སུ་སྟོན་པ་གསང་བས་ལོངས་སྤྱོད་རྫོགས་པའམ་ལོངས་སྤྱོད་རྫོགས་སྐུའི་བསྟན་པར་སྡུད་པ་པོ་བདག་གིས་ཐོས་པར་གྱུར་པའི་དུས་གཅིག་གི་ཚེ་ན། གཉིས་པ་སྟོན་པ་བཤད་པ་ལ་གཉིས་ཏེ། སྟོན་པའི་ངོ་བོ་བཤད་པ། མཚན་ཉིད་བསྟན་པའོ། །དང་པོ་ནི། དེ་བཞིན་གཤེགས་པ། ཞེས་པ་ནས། བསྐྱོད་པ་དེ། ཞེས་པའི་བར་གྱིས་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཅོམ་ལྡན་འདས། གསང་བ་མཆོག་གི་བདག་པོ་དེ། བླང་དོར་མི་མངའ་བྱིན་གྱིས་བརླབས་ཀྱི་དབང་ཕྱུག འདོད་པ་ཀུན་འབྱུང་མི་ཟད་མཛོད་ཀྱི་བཀོད་པ། ཆེ་བ་ཀུན་བཅོམ་དམ་པར་རོལ་པའི་གཟི་བརྗིད། རླབས་སུ་སྤྱོད་པའི་སྤྱོད་པ་ཆེན་པོས་བསྐྱེད་པ་དེ། སྟོན་པ་ཉིད་ནི་གང་ཞེ་ན། གནས་༼༣༢༤༽ཚུལ་ཇི་ལྟར་ཡིན་པ་དེ་ཁོ་ན་བཞིན་དུ་ཡང་དག་པར་གཤེགས་ཏེ་ཉིད་ལས་སྐུ་གསུང་ཐུགས་ཀྱི་མཛད་པ་སྣ་ཚོགས་སུ་བཀོད་ནས་གཞན་དོན་དུ་གཤེགས་པའི་གཟུགས་སྐུའི་རྒྱལ་བ་གདུལ་བྱ་ལ་སྣང་བ་མ་ལུས་པ་ཐམས་ཅད་ཀྱི་གཙོ་མཆོག་སྟོན་པ་རིགས་དྲུག་པ། གཟུང་འཛིན་མི་མངའ་བར་ཟག་མེད་ཀྱི་ཆོས་ཀུན་ལ་དབང་བསྒྱུར་ཞིང་ངོ་བོ་གང་དུའང་མི་གནས་པས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་རྒྱལ་བ་ཀུན་ཏུ་ཞལ་གསང་སྔགས་ཐེག་པ་མཆོག་གི་མངའ་བདག་ཆེན་པོ་ལོངས་སྤྱོད་རྫོགས་སྐུ་དེ་ལ། མྱ་ངན་ལས་འདས་པ་བླང་བ་དང་འཁོར་བ་དོར་བའི་སྤོང་ལེན་མི་མངའ་བར་ཉིད་ཀྱི་ཐུགས་རང་སྣང་བའི་ཡེ་ཤེས་སུ་མ་འདྲེས་ལ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་ཀྱི་དབང་ཕྱུག་ཆེན་པོ། ལོངས་སྤྱོད་རྫོགས་པའི་བསྟན་པ་དང་དངོས་གྲུབ་ཀྱི་འདོད་པ་ཀུན་གྱི་འབྱུང་གནས་སུ་གྱུར་ཀྱང་འཕེལ་འགྲིབ་མི་མངའ་བར་མི་ཟད་མཛོད་ཀྱི་བཀོད་པར་དང་ལྡན་པ། མཚན་དང་དཔེ་བྱད་རྫོགས་པའི་སྐུ་མཆོག་སྐུ་གསུང་ཐུགས་ཀྱི་ཆེ་བ་ཀུན་གྱིས་སྤྱོམ་པའི་མངའ་བདག་དམ་པ་འཁོར་ཐམས་ཅད་ཀྱང་ངོ་མཚར་སྐྱེས་ཏེ་ངམ་པར་འགྱུར་བས་ལོངས་སྤྱོད་ལ་རོལ་པའི་སྐུའི་གཟི་བརྗིད་མཚུངས་པ་མེད་པ། ཕྲིན་ལས་ཀྱི་མཛད་ཐབས་མཐའ་ཡས་པས་རླབས་སུ་གཅོད་པའི་སྒོ་ནས་བྱ་བ་མེད་པར་དོན་སྤྱོད་པ་ཆེན་པོས་འགྲོ་བ་མེད་པར་གདུལ་བྱའི་དོན་ལ་ཐུགས་རྗེའི་དབང་གིས་བསྐྱོད་པར་མཛད་པ་དེ་ལྟ་བུ་ནི་སྟོན་པ་མཆོག་གི་ངོ་བོའོ།། གཉིས་པ་མཚན་ཉིད་བསྟན་པ་ནི། འོག་ནས། གར་ཡང་མ་འགགས་སྣང་བ་ཆེན་པོ། ཞེས་པ་ནས། ཡོངས་སུ་རྫོགས་པའི་རྒྱལ་པོ་དེ། ཞེས་པའི་བར་གྱིས་བསྟན་ཏེ། གར་ཡང་མ་འགགས་ཀུན་སྣང་ཆེན་པོ། ཅི་ཡང་མ་གསུངས་རྒྱ་ཆེར་བཤད་པ། གང་ལའང་མི་ དགོངས་ཏིང་འཛིན་ཆེན་པོ། མངའ་ཏང་ཡོངས་སུ་རྫོགས་པའི་རྒྱལ་པོ་དེ། སྟོན་པའི་མཚན་ཉིད་ནི། གོང་གི ཆེ་བ་ཀུན་སྤྱོམ། མན་ཆད་ཀྱིས་ཀྱང་མཚན་ཉིད་ཡང་སྟོན་ལ། སྟོན་པའི་ངོ་བོ་ཀུན་ཏུ་ཞལ་དུ་བཞུགས་པས་མཚན་ཉིད་ཀྱང་ཆོས་ཐམས་ཅད་གར་ཡང་མ་འགགས་པར་ཀུན་ཏུ་གསལ་ཡང་སྣང་བྱ་སྣང་བྱེད་མེད་པས་སྣང་བ་ཆེན་པོ། བརྗོད་པ་ཅིར་ཡང་མ་གསུངས་པར་སྐུ་དང་དགོངས་པའི་བྱིན་རླབས་ཀྱིས་གདུལ་བྱའི་རིག་པ་ལ་གསང་སྔགས་དམ་པ་རྫོགས་པར་རྒྱ་ཆེར་བཤད་དེ་དོན་འཇལ་བར་མཛད་པ། དགོངས་པ་བསམ་དཔྱོད་དང་བྲལ་བས་ཡུལ་གང་ལ་ཡང་མི་དགོངས་པར་གནས་བྱ་གནས་བྱེད་མེད་པར་མི་གཡོ་བར་གསལ་བས་ཏིང་ངེ་འཛིན་ཆེན་པོ་མཆོག་ཏུ་འཕགས་པ། བསོད་ནམས་དང་ཡེ་ཤེས་ཀྱི་ལོངས་སྤྱོད་གཉིས་ལ་མངའ་ཐང་ཡོངས་སུ་རྫོགས་པར་ལྷུན་གྱིས་གྲུབ་པའི་བདག་ཉིད་དུ་བཞུགས་པའི་༼༣༢༥༽ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པ་དེ་ལྟ་བུའི་མཚན་ཉིད་བླ་ན་མེད་པར་དང་ལྡན་པའོ།། གསུམ་པ་གནས་བསྟན་པ་ནི། གོང་གི རྨད་དུ་བྱུང་བའི་དོན་འདི་ཉིད། ཅེས་པ་ནས། ཀུན་ཏུ་ཡང་ནང་དུ་གྱུར་པ་ན། ཞེས་པའི་བར་གྱིས་བསྟན་ཏེ། རྨད་དུ་བྱུང་བའི་དོན་འདི་ཉིད་གླེང་བའི་གནས། ཚོགས་ཆེན་རྫོགས་པའི་གཞི། རྩལ་ཆེན་རྫོགས་པའི་ས། བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན། འོག་མིན་ཆོས་ཀྱི་ཕོ་བྲང་རིན་པོ་ཆེ་སྣ་ཚོགས་ཀྱི་གཞལ་ཡས། མཐའ་དང་དབུས་མེད་ཅིང་རྩེ་མོ་ཀུན་ཏུ་རྒྱ་མཉམ་པ། རིན་པོ་ཆེའི་རྒྱལ་པོས་རྣམ་པར་བརྒྱན་པ། མུ་ཏིག་གི་ལྕང་ལོ་དང་། ཆུན་འཕྱང་དང་། ལྡ་ལྡིས་མཛེས་པ། རྩིབས་ཀུན་ཏུ་ཉི་མ་དང་ཟླ་བ་རངས་པ་དང་། མ་རངས་པ་འཕྱོ་བས་གསལ་བཏབ་ཅིང་འཕྲ་བཀོད་པ། སྐར་མ་དང་ཤིན་ཏུ་སྐར་མ་དག་གིས་གཟེར་སྤྲས་པ། རིན་པོ་ཆེའི་ཀ་བ་བརྒྱད་ཟུག་པ། ཉི་མ་དང་ཟླ་བས་བརྒྱན་པ། རིན་པོ་ཆེའི་ཀ་བརྒྱན་ལས། རིན་པོ་ཆེའི་གཙར་དང་། འོད་ཟེར་ཀུན་འཕྲོ་བ། གདུང་ཆེན་པོ་བརྒྱད་རེའུ་རེར་བྲེས་པ། ཆོས་ཉིད་ཀྱི་བླ་བྲེ་ལ། རྡོ་རྗེའི་ཤར་བུ་བྱུང་བ། རྫུ་འཕྲུལ་གྱི་སྤྲིན་དཔུང་འཐིབས་པ། བྱང་ཆུབ་ཀྱི་ཆར་མངོན་པར་འབབ་པ། ཉོན་མོངས་པའི་གདུང་བ་སངས་པར་གྱུར་པ། ཡེ་ཤེས་ཀྱི་མྱུ་གུ་མངོན་པར་བསྐྱེད་པ་ཆོས་ཉིད་ཀྱི་སྒྲ་མངོན་པར་སྒྲོག་པ་ལས། ཀུན་གཞི་ཡེ་འབྱམས་རྨད་དུ་གྲགས་པའི་གླེང་སློང་བ་ཚིག་གི་བརྗོད་པ་དང་བྲལ་ཞིང་། བཞིན་དང་མེ་ལོང་གི་ཚུལ་ལྟར་སྣང་བ། གཞལ་ཡས་ཁང་རྡོ་རྗེས་མངོན་པར་དགའ་བ། རྡོ་རྗེས་རྣམ་པར་བརྒྱན་པ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། གསེར་གྱི་ས་གཞི་བདལ་བ། མེ་ལོང་ངམ། ཆུ་ཤེལ་ལམ། ཆུ་དང་བའམ། གསེར་ཤིན་ཏུ་སྦྱངས་པ་ལྟར་མཉམ་ཞིང་སྙོམས་ལ། གསལ་ཞིང་འཚེར་བ་ལས་གཟུགས་བརྙན་འབྱུང་བ། ནེམ་པ། འཕར་བ། འཇམ་པ། དག་པ། དང་བ། ལྡེམ་པ། མཉེན་པ། འབར་བ། འཕྲོ་བ། རྟོག་པ་མེད་པ། རིན་པོ་ཆེ་སྣ་ཚོགས་ཀྱི་འོད་རང་བཞིན་གྱིས་བྱུང་ཞིང་། ཟེར་ཀུན་ཏུ་འཕྲོ་བས་ཕྱི་ནང་གི་མུན་པ་ཡོངས་སུ་སེལ་བ། བུ་རྩེ་འཁོར་ལོ་རྩིབས་བཞིར་འབར་བ། རྡོ་རྗེས་ཀུན་ཏུ་སྤྲས་པ། སྒོ་གསུམ་ཀུན་ཏུ་གསལ་བ་ལ། བ་ཏིའི་འོད་གྱི་མུ་ཁྱུད་ཡོངས་སུ་མ་ཆད་པ། ཉི་ཟླའི་གའུ་གསུམ་རྒྱུད་ཟུང་སྒྲིལ་དུ་འབར་བ། ཐེམ་སྐས་དང་། རྟ་བབས་ཀྱིས་བརྒྱན་པ། གྲུ་ཆད་བཞིས་བརྒྱན་པ། བར་ཁྱམས་ཀྱིས་མཛེས་པ། ཧར་དང་། ཧར་ཆེན་པོས་བརྒྱན་པ། ཏྭ་ར་ཎ་ཡིས་བཟུང་བ། འཕྲེང་བས་མཛེས་པ། དྲ་བ་དང་དྲ་བ་ཕྱེད་མས་བརྒྱན་པ། ཟར་ཚགས་ཀྱི་ཀླུབས་པ། རྡོ་རྗེ་རིན་པོ་ཆེ་འབར་བས་ཀུན་ཏུ་མདངས་ཕྱུང་བ། དྲིལ་བུ་གཡེར་ཀ་ལས་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་སྒྲོག་པ། ཆོས་ཀྱི་སྐུའི་གཟུགས་བརྙན་བྱུང་བ། གཞི་ཡོངས་སུ་མཛེས་པའི་རྒྱན། རྡོ་རྗེ་མུ་ཁྱུད་མ་ཆད་པས། རྡོ་རྗེ་འགྲེང་བུ་དང་དྲ་བས་བརྒྱན་པ། ཏ་ལའི་ཤིང་ལྗོན་པ་སྐྱེས་པ་ལ་གསེར་གྱི་ཙོང་ཙོང་བྲེས་པ། རིན་པོ་ཆེའི་ཕྲ་མིག་གིས་སྤྲས་པ། བདུད་རྩིའི་ཆུ་རྒྱུན་འབབ་པ། ཕྱི་དང་ནང་མེད་ཅིང་ཀུན་ཏུ་ཡང་ནང་དུ་གྱུར་པ་ན། དེའི་བཞུགས་གནས་ཀྱི་རང་བཞིན་ནི། བགྲོ་བ་མེད་པར་གདུལ་བྱ་མཆོག་ལ་རྨད་དུ་བྱུང་བའི་གསང་སྔགས་ཀྱི་ཐེག་པ་ཁྱད་པར་ཅན་གྱི་དོན་ཟབ་མོ་འདི་ཉིད་དབྱིངས་ཀྱི་སྐུ་དང་དགོངས་པས་གླེང་བའི་སྟོན་པའི་བཞུགས་གནས་ཕུན་སུམ་ཚོགས་པ་གང་ཞེ་ན། མ་འགགས་པ་དང་མ་དམིགས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་རྣམ་གཉིས་ཡོངས་སུ་རྫོགས་པའི་གཞི་ཡི་ཕྱིར་དང༌། མཐར་ལམ་པ་བསྒྲུབ་བྱའི་རྩལ་ཆེན་རྫོགས་པའི་ས་མཆོག་ནོན་ཏེ་ཡེ་ཤེས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་འཁོར་དང་སྟོན་པ་ཉིད་ལ་རང་སྣང་ཞིང༌། འཁོར་འདས་ཀྱི་བདེ་བ་རྣམ་གཉིས་ལ་མངའ་མཛད་པའི་ཕྱིར། ཟུག་རྔུ་མེད་པས་བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་ན། གནས་གཞི་ནི་གདུལ་བྱའི་ངོ་ལ་ཞིང་ཁམས་དེ་ན་གཞལ་ཡས་ཁང་ཡོད་པར་སྣང་བའོ། །དེའང་རང་བཞིན་དང༌། རིག་པ་དང༌། གནས་ཀྱི་འོག་མིན་ནི་ཆོས་ཉིད་དང༌། གཟུང་འཛིན་བྲལ་བའི་ཡེ་ཤེས་དང༌། གཙང་རིགས་ལྷ་ལྔའི་བླར་གྱུར་པས་དབང་ཕྱུག་ཆེན་པོའི་གནས་རྣམས་ཏེ། འདིར་གདུལ་བྱའི་ངོ་ལ་སྣང་བས་གནས་ཀྱི་འོག་མིན་ལ་དོན་རང་བཞིན་དང་རིག་པའི་གནས་ཀྱང་མཉམ་པ་ཉིད་དུ་རྫོགས་པས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང༌། རྒྱུ་ཡེ་ཤེས་ཀྱི་རིན་པོ་ཆེ་སྣ་ཚོགས་ལས་བྱས་ཤིང་གྲུབ་པ་རྒྱ་དང་ཡན་མན་གྱི་ཚད་ལས་འདས་པའི་གཞལ་ཡས་ཁང༌། རིལ་ནང་ཉིད་དུ་གྱུར་པ་ལ་མཐའ་དང་དབུས་མེད་ཅིང་རྒྱ་ཁྱོན་གྱི་ཚད་གཟུང་དང་བྲལ་བའི་ངོ་བོ། གཞལ་ཡས་ཁང་གི་རྩེ་མོ་སྤྲོས་པ་མེད་པའི་རང་རྟགས་གྲྭ་ཟུར་མེད་པར་ཀུན་ཏུ་རྒྱ་མཉམ་པས་ཟླུམ་པོར་ཐམས་ཅད་དུ་ཁྱབ་ཅིང་འཁྱིལ་བའོ། །འོ་ན་སྒོ་དང་དབྱིབས་སྣང་བ་ལ་ངེས་པར་གཟུང་བ་མེད་དོ་ཞེ་ན། དེ་དག་གི་དོན་སྨོས་པ་སྟེ་གདུལ་བྱའི་ངོ་ལ་དབྱིབས་དང་སྒོ་སྣང་ཞིང་ཚད་མེད་པ་སྟེ། དཔེར་ན་མི་རྣམས་རང་རང་གི་གནས་ན་འདུག་པས་ལུང་པའི་དབྱིབས་དང་ཕུ་མདའ་དང་ལམ་སྒོ་ཤེས་ཀྱང༌། ལུང་པ་རིལ་གྱིས་རྒྱ་དང་དཔང་ཚད་འདི་ཙམ་ཞེས་མ་དམིགས་པ་ལྟར་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཞལ་ཡས་ཁང་མཐོང་ནས་དེ་ན་བདག་ཅག་ཆོས་སྟོན་༼༣༢༦༽ཅིང་ཉན་ནས་འདུག་ཀྱང༌། རྒྱ་དང་དཔང་དམིགས་པར་མི་ནུས་ཏེ། གལ་ཏེ་དམིགས་ན་ཚད་མི་རྙེད་པ་ནི་བྱང་ཆུབ་སེམས་དཔའ་དཔལ་སྟོབས་ཀྱིས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏོར་བལྟས་པས་མ་མཐོང་བ་བཞིན་ནོ། །རྒྱན་གྱི་མཚན་ཉིད་ཇི་ལྟ་བུ་སྙམ་པ་ལ། རང་བྱུང་གི་ཡེ་ཤེས་རིན་པོ་ཆེའི་རྒྱལ་པོས་འོད་རབ་ཏུ་འབར་བས་ཀུན་ནས་རྣམ་པར་བརྒྱན་པ། ཐག་པ་དང་འདྲ་བའི་ཡེ་ཤེས་ལས་ཕྲེང་བ་སྣ་ཚོགས་དང་འདྲ་བར་ཐབས་མང་པོ་རྫོགས་པས་ཇི་སྙེད་པས་ཡོན་ཏན་གྱི་བདག་ཉིད་དང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངའ་བའི་ཕྱིར་མུ་ཏིག་གི་ཕྲེང་བ་མང་པོར་འཁྲིགས་པས་ལྕང་ལོ་ཅན་སྣ་ཚོགས་ཀྱིས་ཕྱི་ནང་ནས་བརྒྱན་པ་དང༌། གཞན་ཡང་ཐབས་དང་ཤེས་རབ་འབྲེལ་བའམ་བདེན་པ་གཉིས་སུ་མེད་པའི་ཕྱིར། རིན་པོ་ཆེའི་ཆུན་འཕྱང་པཉྩ་རེ་ཁེའི་གཟར་མང་པོ་ཕྱི་ནང་ནས་བརྒྱན་པ་དང༌། ཐབས་སྣ་ཚོགས་ཀྱིས་ཀུན་ནས་མཉེན་པས། དར་འཕན་དང་བ་དན་དང་བླ་བྲེ་ལ་སོགས་པ་དར་སྣ་ཚོགས་ཀྱི་ལྡ་ལྡིས་ཕྱོགས་དང་མཚམས་དང་སྟེང་ནས་མཛེས་པར་བརྒྱན་པ། རྩིབས་ལོགས་ཀུན་ཏུ་རང་བཞིན་གྱིས་འོད་གསལ་བའི་རྟགས་སུ་ཉི་མ་འོད་ཟེར་རྒྱས་པ་དང༌། ཟླ་བ་རངས་པར་རྫོགས་པ་ཚེས་བཅུ་དྲུག་པ་ལྟ་བུ་དང༌། མ་རངས་པར་ཕྱེད་པ་ཚེས་བརྒྱད་པ་ལྟ་བུར་འཕྱོ་བས་འོད་ཀྱིས་གསལ་བཏབ་ཅིང་38འཕྲ་སྤེལ་མར་བཀོད་དེ་གཅིག་མདངས་གཅིག་གིས་ཕྱུང་ནས་ཀུན་ཏུ་གསལ་ཡང་བདེན་པ་མ་མཐོང་བས་མི་རྟོགས་པ། ཡང་ན་རྩེ་མོ་བུམ་པ་ལྟར་ཟླུམ་པའི་ནང་གི་ཕྱོགས་ཀྱི་གཞལ་ཡས་ཁང་གི་སྟེང་འཁོར་ལོའི་རྩིབས་ཀུན་ཏུ་ཉི་མ་དང་ཟླ་བ་རངས་པ་དང་མ་རངས་འཕྱོ་བས་ཐམས་ཅད་གསལ་བར་བྱེད་ཅིང་ཉི་ཟླ་སྤེལ་མའི་ཕྲ་བཀོད་པ། སྐར་མ་ཆུང་ངུ་དང་ཤིན་ཏུ་སྐར་མ་ཆེན་པོ་དག་གིས་རིན་པོ་ཆེའི་རྩིག་པའི་གཟེར་འགོ་རྣམས་སྤྲས་པས་བརྒྱན་པ། དབུས་ཀྱི་ཕྱོགས་མཚམས་ན་རྣམ་ཐར་བརྒྱད་ཀྱི་རྟགས་སུ་འོག་རྡོ་རྗེའི་གདུང་ནས་རིན་པོ་ཆེའི་ཀ་བ་མཆོག་བརྒྱད་ཟུག་པས་སྟེང་གི་རྡོ་རྗེའི་གདུང་མགོ་བཏེགས་པ། ཀ་ལོའི་ཀ་རྒྱན་ཉི་མ་དང་ཟླ་བས་བྱས་ཏེ་ཡོངས་སུ་བརྒྱན་པ། འདིར་ཀུན་མཁྱེན་དམ་པ་རིན་པོ་ཆེའི་གསུང་སྒྲོས་ལ། ཀ་བའི་ཞབས་སུ་པདྨ་དང་འཁོར་ལོ་དང་ཟླ་བ། སྟེང་དུ་འཁོར་ལོ་དང་པདྨ་དང་ཉི་མ་བཀོད་པས་བརྒྱན་པ། ཞེས་གསུངས། ༼༣༢༧༽ཡེ་ཤེས་ཀྱི་བྱེ་བྲག་སྣ་ཚོགས་རྫོགས་པའི་རྟགས་སུ། ཀ་བ་ལ་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱི་ཀ་རྒྱན་བྱས་པ་ལས་ཀྱང་རིན་པོ་ཆེའི་གཙར་སྣ་ཚོགས་བརྒྱུས་པས་མཛེས་པ་དང༌། འོད་ཟེར་སྣ་ཚོགས་ཕྱོགས་ཀུན་ཏུ་འཕྲོ་བ། རིན་པོ་ཆེའི་གདུང་ཆེན་པོ་བརྒྱད་གཉིས་བསྣོལ་མར་བྱུང་བས་བར་ཐམས་ཅད་རེའུ་མིག་གི་རེས་སུ་བྲེས་པ། ཆོས་ཉིད་མ་སྐྱེས་པས་ཀུན་ཏུ་ཁྱབ་པའི་རྟགས་སུ་དར་གྱི་བླ་རེ་དང༌། ཐམས་ཅད་གཉིས་སུ་མེད་པར་རང་སྣང་བས་དེ་ལ་རྡོ་རྗེའི་ཤར་བུ་འབྱུང་བས་རྒྱན་དང་ལྡན་པ། ཡང་ན་ཐབས་མ་འདྲེས་པར་བྱུང་བས། མདའ་ཡབ་ཀྱི་འོག་ཏུ་རྡོ་རྗེའི་ཤར་བུ་བུམ་པའི་དབྱིབས་སུ་སོ་སོར་འབྱུང་བ་ཡེ་ཤེས་ཆེན་པོ་ཅིར་ཡང་སྣང་ལ་མ་ངེས་པས་ཆོ་འཕྲུལ་གྱི་བཀོད་པ་ལས་སྤྲུལ་པའི་སྐུའི་འཕྲོ་འདུ་ལ་སོགས་པ་རྫུ་འཕྲུལ་གྱི་སྤྲིན་ཕུང་སྣ་ཚོགས་ཕྱོགས་ཇི་སྙེད་ཀུན་ནས་གཏིབས་པ། བྱང་ཆུབ་ཆེན་པོའི་གནས་ཀྱི་བྱིན་གྱིས་བརླབས་ལས་གདུལ་བྱའི་སེམས་བསྐྱེད་པའི་ཆོས་དང་སྤྲུལ་པའི་ཆར་མངོན་པར་འབབ་པ་དང༌། གདུལ་བྱ་བྱང་སེམས་དང་འགྲོ་དྲུག་གཉིས་ཀྱི་ཉོན་མོངས་པའི་དགོན་དོང་གི་གདུང་བ་བརླན་ཞིང་བསངས་ནས་མེད་ལ་དག་པར་གྱུར་པ། དེ་དག་གི་རྒྱུད་པ་ཡེ་ཤེས་ཇི་སྙེད་པའི་སྒོ་སྔར་མ་སྐྱེས་པ་སྐྱེད་པར་བྱེད་པས་ཡེ་ཤེས་ཀྱི་མྱུ་གུ་མངོན་པར་བསྐྱེད་པ་དང༌། ཐེག་པ་ཆེན་པོ་གསང་བ་མཆོག་གི་ཆོས་ཉིད་ཀྱི་རང་སྒྲ་ཕྱོགས་ཀུན་ཏུ་མངོན་པར་སྒྲོགས་པ་ལས། གསང་ཆེན་དོན་གྱི་ངོ་བོ་ཆོས་ཉིད་ཇི་བཞིན་པ་ཀུན་གཞི་ཡེ་འབྱམས་རྨད་དུ་གྲགས་པའི་རང་བྱུང་ཟླ་མེད་པ་འདིའི་དོན་གླེང་སློང་ཞིང་གསལ་བར་སྟོན་པ། དེ་ཡང་ཚིག་གི་བརྗོད་པ་དང་བྲལ་ཞིང་དཔེ་བཞིན་དང་མེ་ལོང་གི་ཚུལ་ལྟར་གཞལ་ཡས་ཁང་གི་དབྱིབས་དང་ཁ་དོག་མཐོང་བས་དོན་སྣང་བར་འགྱུར་བ། གཞལ་ཡས་ཁང་མི་ཕྱེད་པས་རྡོ་རྗེ་མི་འགྱུར་བའི་ངོ་བོར་མ་སྐྱེས་པར་རང་སྣང་བས་གདུལ་བྱ་རྣམས་མངོན་པར་ཉམས་དགའ་བ། རིན་པོ་ཆེ་ལས་བྱས་པའི་རྡོ་རྗེས་ཕྱོགས་བཞི་ནས་རྣམ་པར་བརྒྱན་པ། རང་བྱུང་གི་ཡེ་ཤེས་རྟོག་པ་མེད་བཞིན་ཅིར་ཡང་སྣང་བའི་རྟགས། གཞལ་ཡས་ཁང་གི་མཚན་ཉིད་ཀྱང༌། རྒྱུ་རིན་པོ་ཆེ་སྣ་ཚོགས་ཀྱི་རིགས་མང་པོ་ལས་མངོན་པར་གྲུབ་པ། འོག་གསེར་གྱི་ས་གཞི་གདལ་བ། རྩིག་པ་དང་རྒྱན་དང་འོག་དང་ངོས་ཀུན་ཀྱང་མེ་ལོང་ངམ། ཆུ་ཤེལ་ལམ། ཆུ་དྭང་བའམ། གསེར་ཤིན་ཏུ་སྦྱངས་པ་ལྟར་རིམ་པ་བཞིན་མཉམ་ཞིང་སྙོམས་ལ། ཁ་དོག་གསལ་ཞིང་འོད་༼༣༢༨༽འཚེར་བ་ལས་གཞན་གྱི་གཟུགས་བརྙན་ནང་དུ་འབྱུང་ཞིང་མ་འདྲེས་པར་སྣང་བ། མནན་ན་ནེམས་པ། བཏེགས་ན་འཕར་བ། རེག་ན་འཇམ་པ། བལྟས་ན་དྲི་མ་མེད་པས་རང་བཞིན་དག་པ། མཚན་ཉིད་རྡུལ་མེད་པར་དྭང་བ། གཞལ་ཡས་ཁང་གི་རྩེ་མོ་ལྡེམ་པ། ཡང་ན་དངོས་པོ་མེད་པས་ལྡེམ་པ། གདོས་པ་མེད་པར་མཉེན་པ། འོད་གསལ་བར་འབར་བ། ཟེར་སྣ་ཚོགས་འཕྲོ་བ། འདི་འདྲའི་རྣམ་པར་རྟོག་པ་མེད་པས་བྱེད་པ་མེད་པར་རང་སྣང་བ། རིན་པོ་ཆེ་སྣ་ཚོགས་ཇི་སྙེད་པ་དེ་སྙེད་ཀྱི་འོད་རང་བཞིན་གྱིས་མ་འདྲེས་པར་འབྱུང་ཞིང་ཕྱོགས་ཀུན་ཏུ་ཁྱབ་པ། གཞལ་ཡས་ཁང་ལས་འོད་ཟེར་ཀུན་ཏུ་འཕྲོ་བས་ཕྱི་དང་ནང་གི་མུན་པ་ཡོངས་སུ་སེལ་བའི་ལས་བྱེད་པ། ནང་གི་འོག་གཞི་དང༌། སྟེང་བུམ་པའི་དབུ་རྩེའི་ནང་ཀུན་དབྱིབས་འཁོར་ལོ་རྩིབས་བཞིར་འོད་གསལ་བར་འབར་བ། དེ་ལ་མུ་ཁྱུད་ཀྱི་ཕྲེང་བ་རིམ་པ་གཉིས་སུ་རྡོ་རྗེ་ཉལ་བ་དང༌། འགྲེང་བའི་རྡོ་རྗེས་ར་བ་གཉིས་ཀྱིས་ཀུན་ཏུ་སྤྲས་ཏེ་འཁོར་བར་བརྒྱན་པ། ཕྱོགས་གཅིག་ནའང་སྒོ་གསུམ་བརྩེགས་པའམ་རིམ་པ་གསུམ་ལ། ནང་མ་བཞི་ནི་འབྲས་བུའི་ངོ་བོ་རྣམ་ཐར་བཞི་སྟེ། རྣམ་ཐར་གསུམ་ནི་ས་བཅུ་ལ་རྫོགས་པའོ། །བར་པ་རྒྱུའི་ཐེག་པ་ཚད་མེད་བཞི། ཕྱི་མ་བསྡུ་བ་བཞི་སྟེ་གདུལ་བྱ་འཇུག་སླ་བའོ། །སྒོ་དེ་དག་ལས་ཀྱང་ཐུགས་རྗེ་ཀུན་ཏུ་གསལ་བར་འཆར་བ། གདུལ་བྱ་ཡང་བཞི་ཚན་དེ་དག་གི་སྒོ་ནས་འཇུག་པའི་ཕྱིར་སྒོའོ། །རང་བྱུང་ཡེ་ཤེས་ཀྱི་ཐམས་ཅད་དབང་དུ་མཛད་པའི་རྟགས་སུ། རིན་པོ་ཆེའི་པ་ཏི་འོད་དམར་སྨུག་ཅན་གྱིས་གཞལ་ཡས་ཀྱི་རྒྱབ་གཡོགས་ཏེ་མུ་ཁྱུད་ཡོངས་སུ་བར་མ་ཆད་པར་བསྐོར་བ། ཉི་ཟླའི་གའུ་ཁ་སྦྱར་གསུམ་རྒྱུད་བྱས་པ་ཟུང་སྒྲིལ་དུ་གཤིབས་ནས་འོད་འབར་བ་དང་ལྡན་པ། གཞལ་ཡས་ཀྱི་རྨང་ནས་སྒོའི་ཕྱི་ནང་དུ་ཐེམ་སྐས་ཀྱི་རིམ་པ་བརྒྱད་དང༌། ཡ་ཕུབ་ཀྱི་སྟེང་ན་ཡང༌། རྟ་རྐང་དང༌། ཆུ་སྐྱེས་སམ་པདྨ། སྒྲོམ་དང༌། ཟར་ཚགས་དང༌། སྣ་འཕྱོངས་དང༌། ཆུན་འཕྱངས་དང༌། ཤར་བུ་དང༌། ཕ་གུའི་སྟེང་ཁྱུང་མགོ་དང་འབྲས་བུའི་རྟ་བབ་བརྒྱད་ཀྱིས་བརྒྱན་པ་དང་ལྡན་ཏེ། ཐེག་པ་བརྒྱད་ཀྱི་རྒྱུ་འབྲས་ཀྱི་ཕྱིར་རོ། །ཡང་ན་རྒྱུའི་རྟ་བབ། དྲན་པ་ཉེར་བཞག་བཞི་ནས་ཡང་དག་སྤོང་བཞིར་བརྒྱུད་པས་རྫུ་འཕྲུལ་གྱི་རྐང་པ་བཞིའི་སྒོ་ནས་འཇུག་པའི་རྟགས་དང༌། འབྲས་བུའི་རྟ་བབ་ཐེག་པ་བརྒྱད་བགྲོད་ནས་༼༣༢༩༽རྫོགས་པ་ཆེན་པོར་འཇུག་པའི་རྟགས་སུའང་གསུངས་སོ། །བདེན་པ་བཞིའི་ཕྱིར་གྲུ་ཆད་བཞིས་བརྒྱན་པ། བདེན་པ་གཉིས་དང་དབྱེར་མེད་པ་གསུམ་གྱི་ཕྱིར། སྒོ་གསུམ་ཡོད་པས་བར་ཁྱམས་གསུམ་གྱིས་མཛེས་པ། ཡེ་ཤེས་ཀྱི་རྩིག་པའི་སྟེང་ནས་མུ་ཏིག་གི་ཧ་ར་ཕྱེད་པ་དང༌། རངས་པར་འཁོར་བའི་ཧ་ར་ཆེན་པོས་བརྒྱན་པ། དེ་ལ་ཡང་ཆུ་སྲིན་ཏྭ་ར་ན་ཡིས་བཟུང་བ་སྟེ་ཡ་ཕུབས་སུ་ཡང་རིགས་སོ། །དེ་དག་དང་རྟ་བབ་རྣམས་སུ་རིན་པོ་ཆེའི་ཕྲེང་བས་མཛེས་པར་བརྒྱན་པ། རྩིག་པ་དང་བྱ་འདབ་གཉིས་ཀྱི་བར་དུ་མགུལ་འཁོར་བར། དྲྭ་བ་བསྐྱིལ་བ་དང༌། དྲྭ་བ་ཕྱེད་པར་བརྐྱངས་པས་ཀུན་ཏུ་བརྒྱན་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པར་ཤར་བའི་རྟགས་སུ། ལོགས་ངོས་རྣམས་ལ་རིན་པོ་ཆེའི་ཟ་ར་ཚགས་ཀྱིས་ཡོངས་སུ་ཀླུབས་པ། སྒོའི་རྩེ་མོའི་གཡས་གཡོན་ན། རྡོ་རྗེ་རིན་པོ་ཆེ་འོད་འབར་བས་ཀུན་ཏུ་མདངས་ཕྱུང་སྟེ་ཤིན་ཏུ་གསལ་བར་བྱས་པ། དྲིལ་བུ་དང་གཡེར་ཁ་འཕྱང་བ་ལས་ཐེག་པ་ཆེན་པོའི་དོན་མཚོན་པ་འབྱུང་བའི་ཆོས་ཀྱི་སྒྲ་སྒྲོགས་པ། བཤད་པ་དེ་དག་ཀུན་ཀྱང་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་ལ། དེ་དག་གིས་ཀྱང་གཉིས་སུ་མེད་པའི་ཆོས་སྐུ་ཆེན་པོའི་དོན་སྣང་ཞིང་འབྱུང་བའི་མཚོན་བྱེད་དུ་གྱུར་པ་ཡིན་པས་གཞི་ཁྱད་པར་དུ་ལེགས་པར་ཡོངས་སུ་མཛེས་པའི་རྒྱན་དང་ལྡན་པ། ཡང་ན་ནང་གཞལ་ཡས་ཁང་ལ་ཕྱི་མཆོད་རྟེན་གྱི་རྣམ་པར་ཤར་བས་ཆོས་ཀྱི་སྐུ་མཚོན་པའི་གཟུགས་བརྙན་དུ་འབྱུང་བ། ཞེས་ཀྱང་གསུངས། བཤད་པ་བཞིན་ལྟེ་བ་ལ་རྡོ་རྗེ་མུ་ཁྱུད་བར་མ་ཆད་པས་ཀུན་ཏུ་བསྐོར་བ། རྡོ་རྗེའི་འགྲེང་བུ་ནི་ལྟེ་བའི་རྡོ་རྗེའི་ཚུལ་དང༌། སྒོའི་གོང་གི་ཐོག་ཐུན་མོང་དང༌། མི་མཐུན་པ་ཚར་བཅད་པའི་རྟགས་སུ། ཕྱི་རོལ་དུ་ཡང་རྡོ་རྗེའི་དྲྭ་བས་བརྒྱན་པ། སྒོའི་གཡས་གཡོན་ནས་དགོས་འདོད་སྐོང་བའི་རྟགས་ཡེ་ཤེས་ཀྱི་ཏཱ་ལའི་ཤིང་ལྗོན་པ་སྐྱེས་པ་ལ། གསེར་གྱི་ཙོང་ཙོང་གིས་བྲེས་ཏེ་སྦྲེལ་བ་ལ་ཡང་རིན་པོ་ཆེའི་རིགས་སྣ་ཚོགས་ཀྱི་ཕྲ་མིག་གིས་སྤྲས་ཤིང་བརྒྱན་པ་ལས་གཡེར་ཁ་འཕྱང་བའོ། །གཡས་གཡོན་ནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་ཡིད་དུ་འོང་བ་དལ་བར་འབབ་པ། རིལ་གཟུང་འཛིན་དང་བྲལ་བས་ཕྱི་དང་ནང་མེད་པར་ཡེ་ཤེས་ཁོ་ན་བས་ཀུན་ཏུ་ཡང་ནང་དུ་གྱུར་པ་སྟེ། གསང་བ་སྙིང་པོའི་འགྲེལ་ཆུང་ལས། གནས་མཆོག་མཚན་༼༣༣༠༽ཉིད་བརྗོད་པ་ནི། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །བྷ་ག་ཉིད་དུ་འདུས་པས་ན། །ཀུན་ཏུ་ནང་ཞེས་བརྗོད་པ་ཡིན། །ཞེས་གསུངས་པ་ལྟར་ཏེ། རྒྱལ་བའི་ཡེ་ཤེས་ཀྱི་བཀོད་པ་རང་སྣང་བའི་ཞིང་ན་བཞུགས་པའོ།། བཞི་པ་འཁོར་བཤད་པ་ནི། རྫོགས་ལོངས་སྤྱོད་པའི་འཁོར། ཞེས་པ་ནས། སྤྱོད་པར་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། རྫོགས་ལོངས་སྤྱོད་པའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་ལ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་མི་བསྐྱོད་པ་ལ་སོགས་པ། རྡོ་རྗེའི་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་བཏང་སྙོམས་ཆེན་པོ་ལ་སོགས་པ། ནོར་བུའི་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་མཚན་མ་མེད་པ་ལ་སོགས་པ། པདྨའི་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་སེམས་དཔའ་ཆེན་པོ་ལ་སོགས་པ། གཞོན་ནུའི་གདུང་དང་། སྡེའི་སངས་རྒྱས་ཐམས་ཅད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་རྣམ་པར་མི་ཤིགས་པ་ལ་སོགས་པ། གླང་པོའི་གདུང་་དང་། སྡེའི་སངས་རྒྱས་ཐམས་ཅད་ཀུན་ཀྱང་ཐབས་སྤྲིན་ཕུང་ལྟ་བུ་དང་། ཤེས་རབ་ནམ་མཁའ་ལྟ་བུར་འབྲེལ་བ་ཤ་སྟག་དང་། གཙོ་བོ་དང་འཁོར་གྱི་ཚུལ་དུ་རྫོགས་ལོངས་སྤྱོད་པར་བཞུགས་སོ།། འཁོར་ཇི་ལྟ་བུ་དང་ལྡན་ཞེ་ན། ཉིད་ལས་མི་གཞན་པའི་འཁོར་ཕྱོགས་བཅུའི་སངས་རྒྱས་དང་རིག་པ་ཁྱད་པར་ཅན་གྱི་འཁོར་མཐར་ལམ་པ་སྟེ། འཁོར་གྲངས་ལས་འདས་པ་ཉེ་བར་བསྟན་པ་ནི། རྫོགས་ལོངས་སྤྱོད་པའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་ལ། འདི་ལྟ་སྟེ། སྙིང་པོའི་གླེང་གཞི་དང་ཡང་ཚུལ་མཐུན་པར། རྣམ་པར་ཤེས་པའི་ཕུང་པོ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་དུ་རྟོགས་པས་དེ་ཁོ་ན་ཉིད་དུ་ནར་སོན་པར་གཤེགས་པས་རྟོག་པ་དེ་ཉིད་མ་སྤངས་དག་པའི་ཚུལ་ནས་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་པའི་མཚན་ངེས་པར་འགྲུབ་ལ། དེ་ཡང་རྣམ་པར་ཤེས་པའི་ཕུང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཆེན་པོར་འབྱུང་འཇུག་མེད་པར་རང་གསལ་བ་དེའི་ཚེ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའི་བདག་ཉིད་ཟག་པ་མེད་པའི་སྐུར་སྣང་བའི་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པ་གཙོ་བོ་རྡོ་རྗེའི་གདུང་དང༌། རྒྱུད་འཛིན་པ་དང༌། གདུང་འཚོབ་པ་གཉིས་ཀྱི་སྒོ་ནས་ཐུགས་ཀྱི་རིགས་དེའི་སྡེའི་སངས་རྒྱས་སུ་གྱུར་པ། རྡོ་རྗེ་སེམས་དཔའ། རྡོ་རྗེ་རྒྱལ་པོ། རྡོ་རྗེ་འདོད་པ། རྡོ་རྗེ་ལེགས་པ་ལ་སོགས་པ་འཁོར་དུ་སྣང་བའི་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ལ་བཞུགས་པ་ཐམས་ཅད་དང༌། ཚོར་བའི་ཕུང་པོ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་དུ་རྟོགས་པས་དེ་ཁོ་ན་ཉིད་དུ་ནར་སོན་པར་གཤེགས་པས་རྟོག་པ་དེ་ཉིད་མ་སྤངས་དག་པའི་ཚུལ་ནས་ཚོར་བའི་རྒྱལ་པོ་ཞེས་པའི་མཚན་ཡང་འགྲུབ་ལ། དེ་ཡང་ཚོར་བའི་ཕུང་པོ་ཉིད་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་ཤར་བའི་བཏང་སྙོམས་ཆེན་པོ་ཏིང་ངེ་འཛིན་གྱི་ཕུང་པོ་འབུམ་ཕྲག་ལ་མངའ་བརྙེས་པའི་བདག་ཉིད་ཟག་པ་མེད་པའི་སྐུར་སྣང་བའི་རིན་ཆེན་འབྱུང་ལྡན་ལ་སོགས་པ་གཙོ་བོ་ནོར་བུའི་གདུང་དང༌། རྒྱུད་འཛིན་པ་དང༌། གདུང་འཚོབ་པ་གཉིས་ཀྱི་སྒོ་ནས་ཡོན་ཏན་གྱི་རིགས་དེའི་སྡེའི་སངས་རྒྱས་སུ་གྱུར་པ། རྡོ་རྗེ་རིན་ཆེན། རྡོ་རྗེ་གཟི་བརྗིད། རྡོ་རྗེ་རྒྱལ་མཚན། རྡོ་རྗེ་བཞད་པ་ལ་སོགས་པ་འཁོར་དུ་སྣང་བའི་རྩལ་ཆེན་པ་ཐམས་ཅད་དང༌། དེ་བཞིན་༼༣༣༡༽དུ་འདུ་ཤེས་ཀྱི་ཕུང་པོ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་དུ་རྟོགས་པས་དེ་ཁོ་ན་ཉིད་དུ་ནར་སོན་པར་གཤེགས་པས་རྟོག་པ་དེ་ཉིད་མ་སྤངས་དག་པའི་ཚུལ་ནས་འདུ་ཤེས་ཀྱི་རྒྱལ་པོ་ཞེས་པའི་མཚན་ཡང་འགྲུབ་ལ། དེའང་འདུ་ཤེས་ཀྱི་ཕུང་པོ་སོ་སོར་རྟོག་པའི་ཡེ་ཤེས་སུ་ཤར་ཏེ་གསལ་ལ་མི་འཛིན་པ་ལ་འདུ་ཤེས་གསུམ་གྱི་མཚན་མ་མེད་པར་ཤེས་རབ་ཀྱི་ཕུང་པོའི་བདག་ཉིད་ཟག་པ་མེད་པའི་སྐུར་སྣང་བའི་འོད་སྣང་མཐའ་ཡས་ལ་སོགས་པ་གཙོ་བོ་པདྨོའི་གདུང་དང༌། རྒྱུད་འཛིན་པ་དང༌། གདུང་འཚོབ་པ་གཉིས་ཀྱི་སྒོ་ནས་པདྨོའི་རིགས་དེའི་སྡེའི་སངས་རྒྱས་སུ་གྱུར་པ། རྡོ་རྗེ་ཆོས། རྡོ་རྗེ་རྣོན་པོ། རྡོ་རྗེ་འཁོར་ལོ། རྡོ་རྗེ་སྨྲ་བ་ལ་སོགས་པ་འཁོར་དུ་སྣང་བའི་རྩལ་ཆེན་པ་ཐམས་ཅད་དང༌། འདུ་བྱེད་ཀྱི་ཕུང་པོ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་དུ་རྟོགས་ཏེ་དེ་ཁོ་ན་ཉིད་དུ་ནར་སོན་པར་གཤེགས་པས་རྟོག་པ་དེ་ཉིད་མ་སྤངས་དག་པའི་ཚུལ་ནས་འདུ་བྱེད་ཀྱི་རྒྱལ་པོ་ཞེས་པའི་མཚན་ཡང་འགྲུབ་ལ། དེ་ཡང་འདུ་བྱེད་ཀྱི་ཕུང་པོ་དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་བའི་བདག་གཞན་གྱི་དགོས་པ་ལས་མི་གཡོ་བས་སེམས་དཔའ་ཆེན་པོ་རྣམ་པར་གྲོལ་བའི་ཕུང་པོའི་བདག་ཉིད་ཟག་པ་མེད་པའི་སྐུར་སྣང་བའི་དོན་ཡོད་གྲུབ་པ་ལ་སོགས་པ་གཙོ་བོ་གཞོན་ནུའི་གདུང་དང༌། རྒྱུད་འཛིན་པ་དང༌། གདུང་འཚོབ་པ་གཉིས་ཀྱི་སྒོ་ནས་ལས་ཀྱི་རིགས་དེའི་སྡེའི་སངས་རྒྱས་སུ་གྱུར་པ། རྡོ་རྗེ་ལས། རྡོ་རྗེ་མཆེ་བ། རྡོ་རྗེ་ཁུ་ཚུར། རྡོ་རྗེ་གནོད་སྦྱིན་ལ་སོགས་པ་འཁོར་དུ་སྣང་བའི་རྩལ་ཆེན་པ་ཐམས་ཅད་དང༌། གཟུགས་ཀྱི་ཕུང་པོ་ཉིད་རང་རིག་པ་གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་དེ་བཞིན་ཉིད་དུ་མ་འདྲེས་ཡོངས་སུ་རྫོགས་པར་རྟོགས་ཏེ་དེ་ཁོ་ན་ཉིད་དུ་ནར་སོན་པར་གཤེགས་པས་རྟོག་པ་དེ་ཉིད་མ་སྤངས་དག་པའི་ཚུལ་ནས་གཟུགས་ཀྱི་རྒྱལ་པོ་ཞེས་པའི་མཚན་ཡང་འགྲུབ་ལ། དེའང་གཟུགས་ཀྱི་ཕུང་པོ་ཉིད་སྟོང་པ་ཉིད་ཀྱི་ཡེ་ཤེས་སུ་རང་སྣང་ཞིང་འབྱེད་པ་མེད་པར་ཤར་བ་ལས་ཁྱད་པར་དུ་ཡང་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དག་པ་ལས་བཏགས་པའི་རྣམ་པར་མི་རིག་པ་ཚུལ་ཁྲིམས་ཀྱི་ཕུང་པོའི་བདག་ཉིད་ཟག་པ་མེད་པའི་སྐུར་གསལ་བར་སྣང་བའི་རྣམ་པར་སྣང་མཛད་ལ་སོགས་པ་གཙོ་བོ་གླང་པོའི་གདུང་དང༌། རིགས་འཛིན་པ་དང༌། གདུང་འཚོབ་པ་གཉིས་ཀྱི་སྒོ་ནས་དེ་བཞིན་གཤེགས་༼༣༣༢༽པའི་རིགས་དེའི་སྡེའི་སངས་རྒྱས་སུ་གྱུར་པ། སེམས་དཔའ་རྡོ་རྗེ། རིན་ཆེན་རྡོ་རྗེ། ཆོས་ཀྱི་རྡོ་རྗེ། ལས་ཀྱི་རྡོ་རྗེ་ལ་སོགས་པ་འཁོར་དུ་སྣང་ཡང་ཉིད་ལས་མི་གཞན་པའི་རྒྱལ་བ་རྫོགས་པའི་སངས་རྒྱས་ཐམས་ཅད་དེ། དེ་ལྟར་རིགས་ལྔ་པོ་ཀུན་ཀྱང་ཐབས་ཡབ་ཏུ་སྣང་བ་ཡོན་ཏན་ཅིར་ཡང་འཆར་བས་སྤྲིན་ཕུང་ལྟ་བུ་དང༌། ཤེས་རབ་ཡུམ་དུ་སྣང་བ་སྤྲོས་པ་དང་བྲལ་བས་ནམ་མཁའ་ལྟ་བུ་ཡེ་ཤེས་དང་དབྱིངས་གཉིས་སུ་མེད་པར་ཟུང་དུ་འབྲེལ་བ་ཤ་སྟག་ཏུ་བཞུགས་པ་དང༌། བཞུགས་ཚུལ་ཡང༌། གཙོ་བོ་རིགས་ཀྱི་རྒྱལ་བ་ལྔ་དང༌། རང་རང་གི་འཁོར་གྱི་སེམས་དཔའ་ཇི་སྙེད་པའི་ཚུལ་དུ་ལོངས་སྤྱོད་ཆེན་པོའི་སྟོན་པ་གསང་བ་མཆོག་གི་བདག་པོ་དང༌། རིགས་ལྔ་ཁོ་ན་ལྟར་རྫོགས་ལོངས་སྤྱོད་པའི་གཙོ་བོ་དང༌། གནས་ཀྱི་དགོངས་པས་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་རྫོགས་སྐུ་ལ་ཉན་པའི་འཁོར་དུ་བཀོད་པའི་རང་ལ་ཐབས་གཅིག་པར་བཞུགས་བྱ་བཞུགས་བྱེད་མེད་པའི་ཚུལ་གྱིས་བཞུགས་སོ།། གསུམ་པ་སྤྲུལ་སྐུའི་གླེང་གཞི་ལ་བཞི་སྟེ། དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ། སྟོན་པ་བཤད་པ། གནས་བསྟན་པ། འཁོར་བཤད་པའོ། །དང་པོ་ནི། རྒྱ་ཆེར་བརྗོད་པ། ཞེས་པ་ནས། དུས་གཅིག་ན། ཞེས་པའི་བར་གྱིས་བསྟན་ཏེ། རྒྱ་ཆེར་བརྗོད་པ་ལྡེམ་དགོངས་སྦྱོར་བའི་ཚིག་འདི་སྐད། དཀྲི་བའི་ཐབས་སུ་ཐོས་པའི་དུས་གཅིག་ན། དེ་ཡང་སྤྲུལ་པའི་སྐུའི་བསྟན་པ་རྒྱ་ཆེར་བརྗོད་པ་ལྡེམ་པོ་དང་དགོངས་པ་བརྒྱད་ཀྱིས་དོན་ལ་སྦྱོར་བའི་ཚངས་པ་དབྱངས་ཀྱི་ཚིག་ཏུ་བགྲོ་བ་འདི་སྐད་དུ། ལོག་སྲེད་ཅན་ལ་བཀྲི་དྲང་བརྒྱུད་པའི་ཐབས་སུ་བསྟན་པ་ཇི་སྙེད་པ་ཐམས་ཅད་སྡུད་པ་པོ་ཕྱག་ན་རྡོ་རྗེ་བདག་ཉིད་ཀྱིས་དངོས་སུ་ཚིག་ཏུ་ཐོས་པའི་དུས་གཅིག་ཏུ་གྱུར་པ་དེའི་ཚེ་ན། གཉིས་པ་སྟོན་པ་བཤད་པ་ལ་གཉིས་ཏེ། སྟོན་པའི་ངོ་བོ་བསྟན་པ། མཚན་ཉིད་བཤད་པའོ། །དང་པོ་ནི། བཅོམ་ལྡན་འདས། ཞེས་པ་ནས། རྒྱལ་པོ་རྣམས་ནི། ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་ཆོ་འཕྲུལ་ཆེན་པོ། ཅིར་ཡང་སྣང་བའི་རྒྱལ་པོ་རྣམས་ནི། སྟོན་པའི་ངོ་བོ་ནི། མཚན་ཉིད་ཐེག་པ་ལྟར་བདུད་བཞི་བཅོམ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་ལས་འདས་པའི་རྣམ་འདྲེན་དམ་པ་ཐུབ་པའི་དབང་པོ་ལ་སོགས་པ་ཆོས་ཀྱི་སྐུ་ལས་མ་གཡོས་པར་ཐུགས་རྗེས་སྤྲུལ་པའི་ཆོ་འཕྲུལ་ཆེན་པོ་མཛད་པ་བཅུ་གཉིས་ལ་སོགས་པ་ཕྲིན་ལས་ཀྱི་བཀོད་པ་སྣ་ཚོགས་པ་གདུལ་བྱ་འདུལ་བའི་དབང་གིས་ངེས་པ་མེད་པར་ཅིར་ཡང་སྣང་བའི་ཐབས་ལ་མཁས་པའི་མངའ་བདག་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་སྤྲུལ་པའི་༼༣༣༣༽སྒྲོན་མར་བཀོད་པའི་སྟོན་པ་ཇི་སྙེད་པའི་སྐུ་ཡི་སྒྱུ་འཕྲུལ་བསྟན་པ་རྣམས་ནི། གཉིས་པ་མཚན་ཉིད་བཤད་པ་ནི། འོག་ནས། འཁོར་བ་འདྲེན་པའི། ཞེས་པ་ནས། ཆེན་པོར་སྤྲུལ་པ་སྟེ། ཞེས་པའི་བར་གྱིས་བསྟན་ཏེ། འཁོར་བ་འདྲེན་པའི་སངས་རྒྱས་སྣང་སྲིད་སྟོན་པའི་སྒྲོན་མ། གདུང་བ་སེལ་བའི་སེམས་དཔའ། འགྲོ་དོན་མཛད་པའི་འཕགས་པ། ཐབས་མཁས་ཐུགས་རྗེའི་སྤྲུལ་པ། འབྱུང་བ་དོན་གྱི་བཅོམ་ལྡན་འདས། ཐུགས་རྗེ་བརྟག་པའི་བདག་ཉིད་ཆེན་པོར་སྤྲུལ་པ་སྟེ། སྟོན་པའི་མཚན་ཉིད་ནི། གནས་གཅིག་ནས་གཅིག་ཏུ་འཁོར་བའི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཁམས་གསུམ་ལས་འདོན་ཞིང་ཟག་མེད་ལ་བཀོད་ནས་ཐར་པར་འདྲེན་པའི་སངས་རྒྱས། མ་རིག་པའི་ལིང་ཏོག་བསལ་ནས་སྣང་སྲིད་ལ་བདེན་པ་གཉིས་དང་ལས་རྒྱུ་འབྲས་གསལ་བར་སྟོན་པའི་སྒྲོན་མ། ཉོན་མོངས་པ་དང་སྡུག་བསྔལ་གྱི་གདུང་བ་སེལ་ཞིང་ཕན་བདེར་སྦྱོར་བའི་སེམས་དཔའ། འགྲོ་དྲུག་ཇི་ལྟར་འདུལ་བ་བཞིན་དོན་མཛད་པའི་འཕགས་པའི་གཙོ་མཆོག་དམ་པ། ཤིན་ཏུ་བསྒྱུར་བར་དཀའ་བའང་ལྡེམ་དགོངས་བརྒྱད་དང་ལུང་བཞི་ལ་སོགས་པས་སྒྲོལ་བའི་ཐབས་ལ་མཁས་པས་ཐུགས་རྗེའི་སྤྲུལ་པ་ཆེན་པོ། སྔ་ཕྱིར་འབྱུང་བ་རྒྱུན་མི་ཆད་པར་གདུལ་བྱ་ཀུན་གྱི་སྒྲོན་མར་སྣང་བའི་ཐུབ་པ་བཅོམ་ལྡན་འདས། ཐུགས་རྗེ་ཆེན་པོ་མི་སྐྱེ་བའི་དུས་མེད་པས་རྒྱུན་གྱི་རྟག་པའི་བདག་ཉིད་ཆེན་པོར་སྤྲུལ་པའི་སྐུར་བྱུང་བ་སྟེ། གསུམ་པ་གནས་བསྟན་པ་ནི། གོང་ནས། བྱ་བ་རྫོགས་པའི་གནས། ཞེས་པ་ནས། ཞིང་ཁམས་ན། ཞེས་པའི་བར་གྱིས་བསྟན་ཏེ། བྱ་བ་རྫོགས་པའི་གནས་བསོད་ནམས་གཏེར་ཞེས་བྱ་བ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ། གནས་ཇི་བཞིན་པ། མོས་པ་ཅན་ཞེས་བྱ་བའི་ཞིང་ཁམས་ན། གནས་ཕུན་སུམ་ཚོགས་པ་ནི། ཕྲིན་ལས་ཀྱི་བྱ་བ་རོལ་པའི་བཀོད་པ་ཉི་ཤུ་དང༌། མཛད་པ་བཅུ་གཉིས་རྫོགས་པར་མཛད་པའི་གནས། ལྔ་པ་བསོད་ནམས་གཏེར་གྱིས་ཞེས་བྱ་བ་ལ་གནས་པ་མན་ཆད་ཀྱིས་བསོད་ནམས་གསོགས་པའི་ཞིང༌། གདུལ་བྱ་སེམས་ངེས་པར་སྐྱེས་ནས་ཚོགས་སྦྱོར་བ་དག་གི་སྤྱོད་ཡུལ། འཇིག་རྟེན་གྱི་ཁམས་བཤད་པ་ལྟར་དཔག་ཏུ་མེད་ཅིང་བསམ་ལས་འདས་པར་གྱུར་པ། འགྲོ་དྲུག་སོ་སོའི་གནས་འཇིག་རྟེན་འདི་ཁོ་ན་ཇི་བཞིན་པ་ལས་མ་བཅོས་པ། ཡང་ན་སྤྲུལ་པའི་སྒྲོན་མའི་གནས་བཤད་པའི་བཀོད་པ་ཇི་བཞིན་པ། གདུལ་བྱ་མོས་པས་སྤྱོད་པ་ཤས་ཆེ་བས་མོས་པ་ཅན་ཞེས་བྱ་བའི་ཞིང་ཁམས་ན་བཞུགས་པའོ།། བཞི་པ་འཁོར་བཤད་པ་ནི། འོག་ནས། འཁོར་བརྗོད་ཀྱིས་མི་ལང༌། ཞེས་པ་ནས། སྣང་བར་སྟོན་ཏོ། །ཞེས་པའི་བར་གྱིས་བསྟན་ཏེ། འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་དག་དང་། སྟོན་པ་དང་ཉན་པའི་ཚུལ་དུ་རྣམ་པར་བཤད་པ་ཆེན་པོར་བཞུགས་ཏེ། ཐམས་ཅད་བདེན་པ་གཉིས་ཀྱི་ཚུལ་དུ་སྣང་བར་སྟོན་ཏོ།། འཁོར་སྤྱི་ནི་རིགས་དྲུག་གི་གདུལ་བྱ་ཀུན་དང༌། ཁྱད་པར་དུ་ཡང་ལྷ་མི་སྐལ་པ་ཅན་གྲངས་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་ཚད་གཟུང་ལས་འདས་པ་དག་དང་ལྷན་ཅིག་ཏུ། དངོས་སུ་ཚིག་ཏུ་༼༣༣༤༽སྟོན་པ་དང༌། རྣ་བས་ཉན་པའི་ཚུལ་དུ་བརྗོད་ཅིང་གྲགས་པ་ནི་གདུལ་བྱའི་སྣང་བ་སྟེ། སྟོན་པས་གསུང་དབྱངས་ཡན་ལག་སུམ་བརྒྱ་དྲུག་ཅུ་སོགས་བསམ་གྱིས་མི་ཁྱབ་པའི་སྒོ་ནས། རྩ་བ་སྡེ་སྣོད་གསུམ་ལ་ཡན་ལག་བཅུ་གཉིས་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་སྤྲོས་ཏེ་རྣམ་པར་བཤད་པ་ཆེན་པོར་བཀའ་སྩལ་ཞིང་བཞུགས་ཏེ། ཆོས་སྟོན་ཚུལ་ནི། ཐམས་ཅད་ཀྱང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ཀྱི་ཚུལ་འབའ་ཞིག་ཏུ་སྣང་བར་ཡོངས་སུ་སྟོན་ཏོ། །གནས་ཀྱི་དགོས་པས་བསོད་ནམས་གཏེར་གྱི་ས་པ་ནི་འཁོར་དུ་ངེས་པའོ།། བཞི་པ་གསང་བའི་སྐུའི་གླེང་གཞི་བཤད་པ་ལ་བཞི་སྟེ། དུས་དང་སྡུད་པ་ཐུན་མོང་དུ་བསྟན་པ། སྟོན་པ་བཤད་པ། གནས་བསྟན་པ། འཁོར་བཤད་པའོ། །དང་པོ་ནི། འདོད་པ་རང་རྐྱེན། ཞེས་པ་ནས། དུས་གཅིག་ན། ཞེས་པའི་བར་གྱིས་བསྟན་ཏེ། འདོད་པ་རང་རྐྱེན་གྱི་ཚིག་འདི་སྐད། མ་བཀག་ཆོས་ཉིད་དུ་དགོངས་པ་རང་སྣང་བར་ཐོས་པའི་དུས་གཅིག་ན། སྟོན་པ་གསང་བའི་སྐུའི་བསྟན་པ། འདོད་པ་རང་གིས་ཆོས་ཉིད་རྟོགས་པའི་རྐྱེན་གྱི་ཚིག་དང༌། འདོད་ཆགས་ཅན་གྱིས་རང་སྤྱོད་ཀྱིས་གྲོལ་བའི་རྐྱེན་དུ་འདོད་པ་སྤྱོད་པའི་ཐབས་ཀྱི་ཚིག་འདི་སྐད་དུ། དེ་ཡང་འདོད་པ་སྤང་དུ་མེད་དེ་མ་བཀག་པར་དེ་ཉིད་དོན་གྱི་ཆོས་ཉིད་དུ་གནས་པ་ཡིན་པ་དང༌། ཡིན་དོན་གྱི་རང་བཞིན་དེ་ཉིད་མངོན་དུ་འབྱིན་པར་བྱེད་པ་ལ་དགོངས་ཏེ་བསྟན་པ་ཉིད། སྡུད་པ་པོ་གསང་བདག་ཆེན་པོས། སེང་གེ་ལྟ་བུའི་གསུང་ཐབས་ཀྱི་སྒོ་ནས་བརྗོད་པ་དང་འདྲ་བར་རང་སྣང་གི་དགོངས་པ་ལ་ཤར་ཏེ་ཐོས་པར་གྱུར་པའི་དུས་དེའི་སྐབས་གཅིག་ན། ཞེས་ཟླ་སྤངས་པ་ནི་ཐམས་ཅད་ནས་ཐམས་ཅད་དུ་མ་ཡིན་པ་སྟེ་བཤད་པ་རྣམས་ལའང་སྦྱར་རོ།། གཉིས་པ་སྟོན་པ་བཤད་པ་ལ་གཉིས་ཏེ། སྟོན་པའི་ངོ་བོ་བཤད་པ། མཚན་ཉིད་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས། ཞེས་པ་ནས། བདེ་བ་ཆེན་པོ་དེ། ཞེས་པའི་བར་གྱིས་བསྟན་ཏེ། བཅོམ་ལྡན་འདས་གསང་བའི་སྐུ་བདེ་བ་ཆེན་པོ་དེ། སྟོན་པའི་ངོ་བོ་ནི། ཉོན་མོངས་པ་དང༌། འདུས་བྱས་དང༌། སྐད་ཅིག་གིས་འགྱུར་བ་དང༌། སྤང་གཉེན་གྱི་རྟོག་པ་རྣམས་རང་གིས་མེད་ཅིང་ཡེ་ཤེས་རང་གསལ་གྱི་རེག་པར་ཡོན་ཏན་ལྷུན་གྲུབ་ཏུ་འཆར་བས་མཐའ་གཉིས་མ་སྤངས་པར་བྲལ་བས་བཅོམ་ལྡན་འདས། ལྟ་བས་གསང་བ་དང༌། སྤྱོད་པས་གསང་བའི་རང་བྱུང་དོན་གྱི་སྐུ་རྟེན་ཐིག་ལེ་འདུས་པའི་ཡེ་ཤེས་བདེ་བ་ཆེན་པོ་མི་འགྱུར་བའི་རོ་དང་ལྡན་པར་བཞུགས་པ་དེ་ཉིད་དོ།། གཉིས་པ་མཚན་ཉིད་བསྟན་པ་ནི། འོག་ནས། ཐུན་མོང་མ༼༣༣༥༽གྱུར་གསང་བའི་སྐུ་སྟེ། ཞེས་པས་བསྟན་ཏེ། ཐུན་མོང་དུ་མ་གྱུར་པའི་གསང་བའི་སྐུ་སྟེ། སྟོན་པའི་མཚན་ཉིད་ནི། ཡོ་ག་ཕྱིར་མན་ཆད་ཀྱི་ཡུལ་མ་ཡིན་པས་ཐུན་མོང་དུ་མ་གྱུར་ཏེ་རྟོགས་པར་དཀའ་བས་གསང་བའི་སྐུ་སྟེ། མཐའི་ཟུག་རྔུ་མ་སྤང་བྲལ་ཞིང་ལོངས་སྤྱོད་གཉིས་བདེ་སྟོང་དབྱེར་མེད་དུ་བཞུགས་པ་དེ་ཉིད་དོ།། གསུམ་པ་གནས་བསྟན་པ་ནི། གོང་གི །ཆོ་འཕྲུལ་ཡོངས་སུ། ཞེས་པ་ནས། ཞིང་ཁམས་ན། ཞེས་པའི་བར་གྱིས་བསྟན་ཏེ། ཆོ་འཕྲུལ་ཡོངས་སུ་རྫོགས་པའི་གནས། གཙུག་ཏོར་འཁོར་ལོས་སྒྱུར་བའི་ཁྱད་པར། ཟབ་མོ་གསང་བ་མཆོག་གི་དགྱེས་པ། ཡུམ་གྱི་ལྷུམས་པདྨའི་སྙིང་པོ། རྒྱལ་བ་ཀུན་གྱིས་བསྐྲུན་པའི་ཕོ་བྲང་། གང་གི་དོན་དུ་གཤེགས་པའི་ཤུལ། སྲིད་པ་གསུམ་གྱི་སེམས་ཅན་སྐྱེད་པར་བྱེད་པའི་གཞི། ཆགས་པའི་རྟེན། འབྱུང་བའི་གནས། འགྲོ་བའི་ལམ་དུ་གྱུར་པ། དེ་དང་ཆ་མཐུན་དུ་བསྟན་པ། པདྨོ་ཅན་ཞེས་བྱ་བར་གྲགས་པའི་ཞིང་ཁམས་ན། གནས་ཕུན་སུམ་ཚོགས་པ་ནི། རྟོགས་པ་དང་མ་རྟོགས་པ་ལས་འཁོར་འདས་ཀྱི་ཆོ་འཕྲུལ་ཡོངས་སུ་རྫོགས་པར་སྟོན་ལ་ཁྱད་པར་དུ་ཇི་སྙེད་པའི་སྤྲུལ་པ་འབྱུང་བའི་གནས། རྡོ་རྗེའི་རྩེ་མོ་དང་གསང་བའི་སྣ་རྩེ་ཕྲད་པས་རྟེན་གྱི་ངོ་བོ་དབུ་ནས་སླར་བཟློག་པའི་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཐབས་མཆོག་གང་གིས་འོག་མ་ལས་ཁྱད་པར་དུ་གྱུར་པའི་གསང་བ་ཟབ་མོ་དཔག་པར་དཀའ་བ་ཉམས་སུ་མྱོང་ནས་གཉིས་མེད་ཀྱི་ཡེ་ཤེས་གསང་བ་མཆོག་གི་རོ་དང་ལྡན་པས་དགའ་བ་ཆེན་པོའི་བྱེ་བྲག་བརྒྱད་གཉིས་ཀྱི་རོལ་པར་ཤར་ཏེ་ཀུན་ནས་དགྱེས་པར་བྱེད་པ། འཁོར་འདས་སྐྱེད་པའི་གནས་དོན་དང་མཐུན་པའི་བྷ་ག་ཡུམ་གྱི་ལྷུམས་སུ་ཉེས་པས་མི་གོས་པར་འདབ་མ་བརྒྱད་ལྡན་གྱི་པདྨའི་སྙིང་པོ་རྩ་བའི་རྩེ་མོའི་ཟེའུ་འབྲུ། རྒྱལ་བ་བཞི་བཅུ་རྩ་གཉིས་ལ་སོགས་པ་ཀུན་གྱི་སྐུ་བསྐྲུན་ཞིང་འབྱུང་བའི་ཕོ་བྲང༌། གནས་ཀྱི་ཡོན་ཏན་གདུལ་བྱ་ཤིན་ཏུ་ཆགས་པ་ཅན་གང་ཐབས་ཀྱི་མཆོག་གི་གདུལ་ཞིང་དོན་མཛད་པ་ལ་གཤེགས་པའི་ཤུལ་ལམ་དམ་པ། སྐྱོན་གྱི་དབང་དུ་ཐབས་དང་བྲལ་ནས་བླ་མན་ཆད་སྲིད་པ་ཁམས་གསུམ་གྱི་སེམས་ཅན་ལས་ཀྱིས་སྐྱེད་ཅིང་སྨིན་པར་བྱེད་པའི་གཞི། འགྲོ་བ་རྣམས་ཤིན་ཏུ་ཆགས་ཤིང་ཞེན་པའི་རྟེན་དུ་གྱུར་པ། སེམས་ཅན་མང་པོ་འབྱུང་བའི་གནས། རྣལ་འབྱོར་པ་དང་འགྲོ་བ་རྣམས་ཐབས་ཀྱིས་ཟིན་མ་ཟིན་གྱིས་འཁོར་འདས་སུ་འགྲོ་བར་བྱེད་པའི་ལམ་དུ་གྱུར་པ། གདུལ་བྱ་གང་དག་གདུལ་བའི་ཕྱིར་སྤྱོད་པ་དེ་དང་ཆ་མཐུན་དུ་བསྟན་ཏེ། ཆགས་པ་མེད་པར་བྱེད་པས་གསང་བའི་གནས་པདྨོ་འདབ་མ་བརྒྱད་དང་ལྡན་པ་ཅན་ཞེས་བྱ་བར་མཚན་ངེས་པར་གྲགས་པའི་ཞིང་ཁམས་རྟོགས་ན་ཡོན་ཏན་ཀུན་འབྱུང་བའི་གཞི་རྟེན་བཀོད་པ་སྣ་ཚོགས་ཐ་དད་དུ་སྣང་བ་དེ་ན་བཞུགས་སོ།། བཞི་པ་འཁོར་བཤད་པ་ནི། འོག་ནས། གསང་བའི་འཁོར། ཞེས་པ་ནས། ཚུལ་དུ་བཞུགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། གསང་བའི་འཁོར་བརྗོད་ཀྱིས་མི་ལང་བའི་ཡང་མི་ལང་བ་ལ། འདི་ལྟ་སྟེ། གསང་བའི་སེམས་དཔའ་ཆེན་པོ་རྡོ་རྗེ་མྱུར་བ་དང་། རྡོ་རྗེ་ཆེན་པོ་མགྱོགས་པ་དང་། རྡོ་རྗེ་ཆེན་པོ་རྣོ་བ་དང་། རྡོ་རྗེ་ཆེན་པོ་འབྱུང་བ་དང་། རྡོ་རྗེ་ཆེན་པོ་འབྱེད་པ་དང་། རྡོ་རྗེ་ཆེན་པོ་ཆེ་བ་དང་། རྡོ་རྗེ་ཆེན་པོ་ཡངས་པ་དང་། རྡོ་རྗེ་ཆེན་པོ་ཟབ་པ་དང་། རྡོ་རྗེ་ཆེན་པོ་བརྟན་པ་དང་། རྡོ་རྗེ་ཆེན་པོ་སྣ་ཚོགས་ལ་སོགས་པ། ཤིན་ཏུ་གསང་བའི་འཁོར་འབྱུང་འཇུག་དང་བཅས་ཏེ། གང་ཐེ་ཚོམ་གཅོད་པ་དང་། ཆོད་པ་དང་། ཞུ་བར་ལྡོག་པའི་ཚུལ་དུ་བཞུགས་སོ།། འཁོར་བསྟན་པ་ནི། ༼༣༣༦༽གསང་བའི་སྐུའི་འཁོར་རྩ་དང་བཅུད་དུ་འཛོམ་པ་ལ་ཡེ་ཤེས་ཀྱིས་བསྐུལ་བས་རྣམ་པར་འཕྲུལ་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བ་གྲངས་ལས་འདས་པ་ཉིད་ཉེ་བར་བསྟན་པ་འདི་ལྟ་སྟེ། འཁོར་དེ་དག་ཀྱང་ཕྱི་པ་མན་ཆད་ཀྱི་ཡུལ་མ་ཡིན་པས་གསང་བ་དམ་པ་གཉིས་སུ་མེད་པའི་ཡེ་ཤེས་ཤར་བས། རྩོལ་བའི་ཐབས་ཀྱི་ཆ་རེས་ཉོན་མོངས་པ་དང་སྒྲིབ་པའི་ཕུང་པོ་ཀུན་ནས་བསལ་ཞིང་གསང་སྔགས་ཀྱི་དོན་ལ་མི་གཡོ་བར་སེམས་པས་དམིགས་ཤིང་མཐའ་ཀུན་འཇོམས་པར་བྱེད་པས་དཔའ་བོར་གྱུར་པའི་ཕྱིར། ཀུན་ཀྱང་གསང་བའི་སེམས་དཔའ་ཐབས་ཀྱི་རྡོ་རྗེ་ཡིན་པར་ངེས་པ་ནི་སྤྱིའི་མཚན་ནོ།། སྒོས་མཚན་ནི། རྡོ་རྗེ་ལྟ་བུའི་ཐབས་ཀྱི་ཁྱད་པར་གྱིས་ཟིན་པའི་འཁོར་འདི་དག་རྒྱུད་སོ་སོ་བ་མ་ཡིན་པའི་ཕྱིར། ཐབས་ཁྱད་པར་ཅན་གྱིས་ཟིན་པའི་རྡོ་རྗེའི་ཡེ་ཤེས་ཆེན་པོ་གསང་སྔགས་ཀྱི་དོན་དེ་མ་ཐག་པར་འབྱུང་བས་རྡོ་རྗེ་མྱུར་བ་དང༌། ཡང་དག་པའི་ས་ལ་སྐད་ཅིག་གིས་ཕྱིན་པར་བྱེད་པས་རྡོ་རྗེ་ཆེན་པོ་མགྱོགས་པ་དང༌། བདེ་ལ་མི་རྟོག་པས་ལོག་པའི་དྲྭ་བ་གཅོད་པས་རྡོ་རྗེ་ཆེན་པོ་རྣོན་པོ་དང༌། དེ་ལས་ཡོན་ཏན་གྱི་བྱེ་བྲག་རང་འཆར་བས་རྡོ་རྗེ་ཆེན་པོ་འབྱུང་བ་དང༌། རིག་པའི་སྒོ་གསལ་བར་བྱེད་པས་རྡོ་རྗེ་ཆེན་པོ་འགྱེད་པ་དང༌། ཐབས་གོང་ན་མེད་པ་དང་ལྡན་པས་རྡོ་རྗེ་ཆེན་པོ་ཆེ་བ་དང༌། དམན་པ་མ་སྤངས་བཀོལ་བ་མེད་པར་རྣམ་པར་དག་པས་རྡོ་རྗེ་ཆེན་པོ་ཡངས་པ་དང༌། ཐབས་ཀྱི་དོན་དཔག་པར་དཀའ་བས་རྡོ་རྗེ་ཆེན་པོ་ཟབ་པ་དང་། མི་འགྱུར་བའི་ཡེ་ཤེས་ཆེན་པོ་ནུབ་པ་མེད་པར་ཤར་བས་རྡོ་རྗེ་ཆེན་པོ་བརྟན་པ་དང༌། ཡེ་ཤེས་ཆེན་པོ་ཇི་སྙེད་པའི་བྱེ་བྲག་ཀུན་འདུས་པས་རྡོ་རྗེ་ཆེན་པོ་སྣ་ཚོགས་དང༌། ལ་སོགས་པ་ཞེས་པས་དངོས་པོ་གཞན་བསྡུ་བ་ནི་བརྗོད་ཀྱིས་མི་ལང་བ་རྣམས་ཏེ། དེ་ལྟ་བུའི་ཤིན་ཏུ་གསང་བའི་འཁོར་མང་པོ་པདྨའི་སྙིང་པོའི་གནས་སུ་རང་རང་གི་གནས་ནས་འབྱུང་སྟེ་འོང་བ་དང༌། གཞལ་ཡས་སུ་འཇུག་པ་དང༌། རང་གནས་སུ་འགྲོ་བ་དང་བཅས་ཏེ། འཁོར་གྱི་དངོས་པོ་ཇི་སྙེད་པ་དག་གང་རྟེན་དང་འཕྲད་བདོ་བ་ལས་ཐེ་ཚོམ་གཅོད་བཞིན་པ་དང༌། སླར་བཟློག་ནས་རང་རང་གི་གནས་སུ་ཕྱིན་པས་ཐེ་ཚོམ་ཆོད་ནས་གསང་བ་དམ་པའི་གདིངས་རྙེད་ཟིན་པ་དང༌། ཡང་རང་རང་གི་གནས་ནས་ཆ་ཡིས་བསྐྱོད་དེ་གསང་བའི་དོན་རྩེ་མོའི་གནས་སུ་ཞུ་བར་རྩོམ་ནས་ཉེ་བར་བསྡོགས་པའི་ཚུལ་དུ་བཞུགས་ཏེ། གནས་གསུམ་ན་༼༣༣༧༽རྒྱུད་ཐ་དད་པའི་དབང་དུ་ཡང་འགྱུར་བར་རིགས་སོ། །དེའང་རྩ་གནས་བྱེ་མ་བྱེས་ཀྱི་ཡེ་ཤེས་སུ་སྐྱེ་བ་དང༌། སྐྱེས་པ་དང༌། ལྡོག་པའི་རིམ་པ་ཁོ་ནའོ། །འདི་དག་རིལ་ཡང་གསང་བ་ཆེན་པོའི་སྐུའི་ཡན་ལག་གི་བྱེ་བྲག་ཏུ་འདུས་པའི་ཕྱིར་འཁོར་ཕུན་སུམ་ཚོགས་པར་ངེས་པའོ།། གཉིས་པ་དེ་དག་མ་འདྲེས་ཡོངས་རྫོགས་སུ་བཞུགས་པས་ཞུ་བ་བསྒུགས་པ་ལ་གཉིས་ཏེ། གཅིག་དང་དུ་བྲལ་དུ་བཞུགས་པ་དང༌། དགོངས་པ་ཉམས་པ་ལ་བཞུགས་ཏེ་ཞུ་བ་བསྒུགས་པའོ། །དང་པོ་ནི། དེ་ལྟར་ན། ཞེས་པ་ནས། ཀུན་ཏུ་སྣང་ངོ་། །ཞེས་པའི་བར་གྱིས་བསྟན་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་རེ་རེ་ལ་ཡང་སྐུའི་བྱེ་བྲག་འདི་ལྟར་སྣང་ཞིང་། ཐ་དད་དུ་སྣང་བ་ཡང་མེད་དེ། གཅིག་དང་ཐ་དད་པའི་ངོ་བོ་ལས་ཀྱང་གྲོལ་ལ། ལྷན་ནེ། ལྷང་ངེ་། ལྷམ་མེ། ལྷག་གེར་ཀུན་ནས་ཀུན་ཏུ་སྣང་ངོ་།། དེ་བས་ན། སྟོན་པ་སྐུ་བཞིའི་གླེང་གཞིའི་ངོ་བོ་ཕུན་སུམ་ཚོགས་པ་དྲུག་དྲུག་ཏུ་བསྟན་པའི་ཚུལ་དེ་ལྟར་ན། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཇི་སྙེད་པ་ཐམས་ཅད་ལས་ཐོས་པའི་ཚུལ་ཡང༌། གདུལ་བྱའི་དབང་གི་ཕྱིར་རྒྱལ་བ་རེ་རེ་ལ་ཡང་སྐུའི་བྱེ་བྲག་རྣམ་པ་བཞི་བཞི་འདི་ལྟར་སྣང་ཞིང་ཕུན་སུམ་ཚོགས་པ་དྲུག་ལྡན་དུ་ཤར་བས་ཕྱོགས་ཀུན་ལྷུན་གྱིས་གྲུབ་པའི་གླེང་གཞི་ཞེས་ཀྱང་བྱ་ལ། ཐམས་ཅད་ཀྱི་ངོ་བོ་རིས་སུ་ཆད་ཅིང་ཐ་དད་དུ་སྣང་བ་ལྟར་སོ་སོར་འབྱུང་བའི་རྒྱུ་ཡང་མེད་དེ། ལྷུན་རྫོགས་ངང་གི་ཐིག་ལེ་གཅིག་གི་དབྱིངས་སུ་མཉམ་པའི་ཕྱིར། ཕྱོགས་མེད་གདལ་ཁྱབ་མཉམ་པ་ཆེན་པོའི་གླེང་གཞི་ཞེས་ཀྱང་བྱ་སྟེ། མཐའ་ལ་ཞེན་པ་ཡོངས་སུ་བསལ་བའི་ཕྱིར་རྒྱལ་བ་ཐམས་ཅད་གཅིག་དང་ཐ་དད་པའི་ངོ་བོ་ལས་ཀྱང་གྲོལ་ལ། རང་སྣང་རིས་མེད་ཀྱི་བཀོད་པ་སྟོན་པའི་ཕྱིར། སྟོན་པ་མི་གཡོ་བར་ལྷན་ནེ། གནས་མི་སྒྲིབ་པར་ལྷང་ངེ་། འཁོར་རྟོགས་པའི་ངང་ལ་ལྷམ་མེ། བསྟན་པ་ཀུན་དོན་གསལ་བར་ལྷག་གེར་སྣང་བའམ། ཡང་ན། ཆོས་སྐུ་མ་གཡོས་པར་ལྷན་ནེ། ལོངས་སྐུ་རང་གསལ་དུ་ལྷང་ངེ། གསང་བའི་སྐུ་བདེ་བ་ཆེན་པོར་ལྷམ་མེ། སྤྲུལ་པའི་སྐུ་མངོན་པར་ལྷག་གེར་ཕྱོགས་ཀུན་ནས་དུས་ཀུན་ཏུ་གནས་ཐམས་ཅད་པར་སྔ་མ་དང་ཕྱི་མ་མེད་པར་མ་འདྲེས་ཡོངས་རྫོགས་སུ་སྣང་ངོ་། །དེ་ལྟར་གླེང་གཞི་འདིའི་དོན་རྒྱས་པ་ནི་ཀུན་མཁྱེན་དམ་པ་རིན་པོ་ཆེས་སྐུ་བཞིའི་གླེང་འགྲེལ་ལས་ཤེས་པར་བྱ་སྟེ། འདིར་བར་སྐབས་སུ་འབྲུ་གནོན་ལ་མཁོ་བ་ཅུང་ཟད་ལས་ཐམས་ཅད་སྦྱར་ན་མང་བར་འགྱུར་བས་ཡི་གེས་འཇིགས་སོ།། གཉིས་པ་དགོངས་པ་ཉམས་པ་ལ་བཞུགས་ཏེ་ཞུ་བ་བསྒུགས་པ་ནི། དེའི་ཚེ། ཞེས་པ་ནས། མི་དམིགས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། དེའི་ཚེ་དེའི་དུས་ན་མི་ཆེད་པའི་སྤྱོད་ཡུལ། ཐབས་ཀྱི་ཐེག་པ་ཆེན་པོ་གསང་བའི་སྙིང་པོ་འདི། སྐུ་གཞིར་རྣམ་པར་སྣང་བ་ལ་སོགས་པ་ཐོས་པ། ཕྱིན་ཅི་མ་ལོག་པའི་དོན་རྒྱལ་བའི་སྲས་དག་ལ་དེ་ཁོ་ན་ལྟར་བགྲོ་བ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཐམས་ཅད་དགོངས་པ་མཉམ་པ་ཉིད་ལ་ཤར་བར་མཁྱེན་ནས། སྐུ་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །ཐུགས་མཉམ་པར་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ། འཇུག་པ་འམ། ལྡོག་པ་འམ། རྣམ་པར་ལྡོག་པ་མི་དམིགས་སོ།། དེ་ལྟར་སྐུ་བཞིས་བཀའ་སྩལ་པ་དེའི་ཚེ། གསང་བ་པ་བདག་གིས་ཐོས་པ་དེའི་དུས་ན། ལམ་གྱི་༼༣༣༨༽གསུམ་པ་དང་སའི་དྲུག་པ་ཡན་ཆད་ཀྱི་རྣལ་འབྱོར་མཆོག་དང་སངས་རྒྱས་རྣམས་ཀྱི་བར་ལྷ་དང་མི་ཆེན་པོའི་སྤྱོད་ཡུལ། གསང་སྔགས་དམ་པའི་རྒྱུད། ཐབས་ཀྱི་ཐེག་པ་ཆེན་པོ་ཐུན་མོང་མིན་པས་གསང་བའི་སྙིང་པོ་འདི་ཉིད་སྡུད་པ་པོ་གསང་བའི་མངའ་བདག་ཆེན་པོ་ངས། བཤད་པ་བཞིན་དུ་སྟོན་པ་སྐུ་བཞི་རྣམ་པར་སྣང་བ་ལས་ཡང་དག་པར་ཐོས་པ། ནོར་བ་མེད་པར་ཕྱིན་ཅི་མ་ལོག་པའི་གསང་དོན་ཟབ་ཅིང་རྒྱ་ཆེ་བ་མ་འདྲེས་ཡོངས་རྫོགས་ཀྱི་དགོངས་པ་དམ་པ་ཉིད། རིག་པ་འཛིན་པ་རྒྱལ་བའི་སྲས་གདུང་རྒྱུད་དུ་བྱུང་བའི་འདུས་པ་ཕལ་མོ་ཆེའི་འཁོར་དག་ལ། སྟོན་པ་སྐུ་བཞིས་གསུངས་པ་དེ་ཁོ་ན་ཇི་ལྟ་བར་བགྲོ་ཞིང་བཤད་པ་ཉེ་བར་བསྟན་པ་ནི། འདི་ལྟ་སྟེ། རྫོགས་པའི་སངས་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཆོས་སོ་ཅོག་ཐམས་ཅད་དུ་སྣང་བའི་རྒྱུ་རྒྱལ་བའི་དགོངས་པ་སྤོང་ལེན་ངང་གིས་བྲལ་བའི་གསང་སྔགས་ཇི་བཞིན་པའི་མཉམ་པ་ཉིད་ལ་གཅིག་དང་དུ་མ་མེད་པར་རང་ཤར་བར་མཁྱེན་ནས་ཐུགས་སུ་ཆུད་པས། སྐུ་མཉམ་པ་ཉིད་སྣང་བའི་ཐ་སྙད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །གསུང་མཉམ་པ་ཉིད་བརྗོད་པའི་ཐ་སྙད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་སོ། །ཐུགས་མཉམ་པ་ཉིད་རྟོག་པའི་ཐ་སྙད་མི་དམིགས་པ་ཞེས་བྱ་བའི་ངང་ལ་དེ་ཁོ་ན་ཉིད་ཀྱི་ངོ་བོར་རྣམ་པར་བཞུགས་ཏེ། རྟེན་དང་རྟེན་ཅན་ནི་འདོད་པ་མ་ཡིན་ནོ། །འོན་ཏང་སྐུ་གསུང་ཐུགས་ཀྱི་ངང་དེ་ལའང་ཇི་བཞིན་པའི་ངང་ལས་བདག་ཉིད་འཕྲལ་དུ་འཇུག་པའམ། གཞན་མེད་པས་དེ་ལས་ལྡོག་པའམ། རབ་ཏུ་ཡང་བྱེ་བྲག་ཏུ་རྣམ་པར་ལྡོག་པ་ཞེས་བྱ་བའི་འཕོ་འགྱུར་དུ་སྣང་བ་ནི་གང་ཡང་མེད་ཅིང་མི་དམིགས་སོ།། གསུམ་པ་ཞབས་བསྡུ་བ་ནི། ལང་ཀའི། ཞེས་པ་ནས། ཡན་ལག་ཅེས་བྱའོ། །ཞེས་པའི་བར་གྱིས་བསྟན་ཏེ། ལངྐའི་བདག་པོ་གཉིས་ནི་གང་འབྱུང་བ་བརྗོད་པ་གཉིས་ཉིད་དོ། །ལངྐའི་བདག་པོ། དེ་དག་ནི་རྒྱུའི་ཡན་ལག་ཅེས་བྱའོ།། ལང་ཀའི་བདག་པོ། ཞེས་སྡུད་པ་པོ་ལ་བོས་ནས། འདིའི་གླེང་གཞི་གཏན་ཚིགས་བྱུངཁུངས་དང་ལུང་བསྟན་བརྒྱུད་པའི་གནས་དང་སྟོན་པ་གཉིས་ནི་ལོ་རྒྱུས་སུ་བརྗོད་པས་གང་བསྟན་པ་ཟབ་མོའི་དངོས་པོར་སྣང་བ་སྔོན་དང་ད་ལྟར་འབྱུང་བ་ཚིག་ཏུ་བརྗོད་པ་གཉིས་ཀྱི་སྒོ་ནས་བསྟན་པ་དམ་པའང་གཉིས་སུ་སྣང་བར་མཛད་པ་ཉིད་དོ། །འདིའི་དོན་ལ་ཇོ་བོ་ལྷ་རྗེ་ནི། བྱིན་རླབས་འབྱུང་བའི་གླེང་གཞི་དང༌། ལུང་བསྟན་བརྒྱུད་པའི་གླེང་གཞི་གཉིས་རྗེས་འཇུག་ཏུ་རི་མ་ལ་ཡར་འབྱུང་བའི་ཆ་ནས་ལུང་བསྟན་༼༣༣༩༽བརྒྱུད་པའི་གླེང་གཞིར་འགྲོ་ལ། དེ་ལོ་རྒྱུས་བརྗོད་པའི་ཆ་ནས་བྱིན་རླབས་འབྱུང་བའི་གླེང་གཞིར་འགྲོའོ། །འདིའི་གནད་ཀས། དོན་བསྡུས་ཀྱི་ལུང་བསྟན་བརྒྱུད་པའི་སྐབས་ན། གླེང་བསླང་ལ་སོགས་དྲུག་རྣམས་དང༌། མདོ་བཞི་རྩ་བ་གསུམ་ལ་སོགས། ཚུལ་བཞིན་རྗེས་སུ་སྦྱར་བར་བྱ། །ཞེས་པའང་འབྱུང་བའི་ཆ་ནས་ལུང་བསྟན་བརྒྱུད་པའི་ལྡེ་མིག་ཏུ་འགྲོ་ལ། ལོ་རྒྱུས་བརྗོད་པའི་ཆ་ནས་བྱིན་རླབས་འབྱུང་བའི་ལྡེ་མིག་ཏུ་འགྲོའོ། །ཞེས་གསུང་ངོ༌།། དེ་ལ་ཀུན་མཁྱེན་ཤེས་རབ་སེང་གེས། དོན་བསྡུས་ཀྱི་ལྡེ་མིག་དེ་ལ་འདི་ལྟར་ཡང་གོ་སྟེ། སྤྱིར་འབྱེད་པར་བྱེད་པའི་ལྡེའུ་མིག་ལ་ཡན་ལག་དྲུག་ལས། བྱིན་རླབས་འབྱུང་བ་དང༌། ལུང་བསྟན་བརྒྱུད་པ་གཉིས་ཀྱི། རྒྱུའི་ཡན་ལག་དང་རྩ་བའི་ཡན་ལག་གཉིས་མ་འདྲེས་པར་བྱུང་བས། འབྲེལ་བའི་ཡན་ལག་མན་ཆད་ལ། རང་བཞིན་དགོངས་འདུས་གཏན་ལ་འབེབས་པའི་དུས་ན་བྱིན་རླབས་འབྱུང་བའི་རྒྱུད་ཀྱི་ལྡེ་མིག་ཏུ་འགྲོ་ལ། མཚོན་པར་བྱེད་པ་ཡི་གེའི་རྒྱུད་གཏན་ལ་འབེབས་པའི་ངོས་ནས་ལུང་བསྟན་བརྒྱུད་པའི་རྒྱུད་ཀྱི་ལྡེ་མིག་ཏུ་འགྲོའོ། །གསུངས་པ་ཉིད། བསྟན་པ་གཉིས་ཀྱི་དོན་རྣམས་མ་འདྲེས་ཡོངས་རྫོགས་སུ་གསལ་བར་མཐོང་བའི་དཀའ་བའི་གནད་སྣང་བར་བྱེད་པ་སྟེ། བློ་ལྡན་རྣམས་ཀྱིས་ཞིབ་ཏུ་བསམ་པར་འོས་སོ། །འོན་ཀྱང་ལེའུ་དང་པོར་ཡང་སྐུ་བཞི་ལ་གསང་བདག་གིས་ཐོས་པ་གཅིག་བྱུང༌། ལེའུ་ཞེ་བདུན་པ་འདིར་ཡང་སྐུ་བཞི་ལ་གསང་བདག་གིས་ཐོས་ནས་འདུག་པས་བྱིན་རླབས་འབྱུང་བ་རང་ལ་གླེང་གཞི་གཉིས་བྱུང་བས་བལྡབས་པར་འགྲོ་སྙམ་པ་ལ། ཆོས་རྗེ་ཀཿཐོག་པས་ལེའུ་དང་པོར་གླེང་གཞི་གཅིག་བྱུང་བ་ནི་སྔོན་བྱུང་དུ་འབྱུང་བ་ཡིན་ལ། ཞེ་བདུན་པའི་གླེང་གཞི་ནི་རྗེས་འཇུག་ལ་ལོ་རྒྱུས་སུ་བརྗོད་པར་འཐད་དམ་སྙམ་མོ། །ཞེས་གསུངས་ཏེ། གནད་ཟབ་མོ་སྟོན་པའི་འཆད་ཚུལ་འདིས་གོང་གི་རྩ་ཚིག་གི་དོན་འགྲོལ་བའི་གསལ་བྱེད་དུའང་ཤུགས་ཀྱིས་འགྲོའོ། །ལང་ཀའི་བདག་པོ། དེ་དག་ནི་རྒྱུད་འབྱུང་བའི་རྒྱུའི་ཡན་ལག་གླེང་གཞི་ཞེས་བྱའོ།། ཞེས་རྒྱུད་འདི་འབྱུང་བའི་རྒྱུའི་ངོ་བོ་ཚོགས་པའི་ཕྱིར་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞི་སྟེ། གསང་སྔགས་དམ་པའི་ཡན་ལག་གཅིག་གོ །གླེང་གཞི་འདིར་སྨོས་པ་ནི་བསྟན་པར་འགྱུར་གྱི་རྒྱུད་འབྱུང་བར་མི་རིགས་པས་དགོས་པ་མེད་དོ་བར་དོགས་པ་ལ། འབྱུང་ཁུངས་ཀྱི་གླེང་གཞི་འདི་དག་མི་སྣང་ན་ནི་གསང་བའི་བདག་པོ་ཉིད་ཀྱང་གསང་བདག་ཏུ་མི་འགྱུར་བས་འདིར་༼༣༤༠༽སྨོས་པས་འཁོར་རྣམས་དང་པོ་གསང་བདག་ཉིད་ཀྱིས་སུ་ལ་ཐོས་པའི་ལོ་རྒྱུས་ཀྱིས་ཡིད་ཆེས་པར་འགྱུར་བ་དང༌། འདིར་མི་ཡུལ་དུ་སྣང་བ་གཙོར་བྱས་པ་དང༌། རྒྱུད་དཀྲུགས་པའི་དབང་གིས་གྲལ་ལ་ཐེ་ཚོམ་མེད་དོ། །གྲལ་ནི་གླེང་བསླང་བ་དང་ཡང་རྗེས་སུ་མཐུན་ནོ། །འོན་ཀྱང་རྒྱུད་འདི་ལ་གླེང་གཞི་ཚན་པ་དྲུག་བྱུང་བས་བལྡབས་སམ་སྙམ་པ་ལ། ལྔ་ནི་བྱིན་རླབས་འབྱུང་བའི་གླེང་གཞི་ཡིན་པས། ལེའུ་དང་པོ་སྐུ་གསུམ་གྱིའོ། །སོ་གསུམ་པའི་དེ་སྐུ་ལྔའི་གླེང་གཞིའོ། །ཞེ་བདུན་པའི་འདིར་སྐུ་བཞིའོ། །ང་ལྔ་པའི་ནི་གསང་བའི་སྐུའི་གླེང་གཞིའོ། །ང་དྲུག་པའི་ནི་ངོ་བོ་ཉིད་སྐུའི་གླེང་གཞིའོ། །ཞེས་གསུངས་ཏེ། ལུང་བསྟན་བརྒྱུད་པའི་བསྟན་པའི་ཡང་གཏན་ཚིགས་བྱུང་ཁུངས་ཀྱི་གླེང་གཞིར་འགྱུར་རོ། །ལྔ་པའི་སྟོད་ནི་ལུང་བསྟན་བརྒྱུད་པའི་གླེང་གཞིའོ། །ཞེས་གསུངས་སོ།། ལེའུའི་མཚན་ནི། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གླེང་གཞི་ཕུན་སུམ་ཚོགས་པ་བསྟན་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། གླེང་གཞི་ཕུན་སུམ་ཚོགས་པ་བྱུང་བའི་ཚུལ་བསྟན་པའི་ལེའུ་སྟེ། བཞི་བཅུ་ཞེ་བདུན་པ་ཉིད་གསལ་བར་བཀྲོལ་བའོ།། །། |