རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས་རིག་འཛིན་ཛཔ྄་ཀྱི་བཀོལ་བྱང་། བསྟན་གཉིས་གཡུང་དྲུང་གླིང་པ།
རྩ་གསུམ་དགོངས་འདུས་ཟབ་མོ་གཏེར་གྱི་མཛོད་ལས༔ རིག་འཛིན་ཛཔ྄་ཀྱི་བཀོལ་བྱང་བཞུགས༔
རྩ་གསུམ་ཡོངས་འདུས་ལྷ་ལ་འདུད༔ རིག་འཛིན་ཛཔ྄་ཀྱི་དགོངས་པ་ནི༔ རྩ་གསུམ་ལྷ་ནི་སྔགས་ཡིན་ལ༔ སྔགས་ཀྱང་ལྷ་ཡི་རྣམ་པར་ཤར༔ ལྷ་སྔགས་རྣམ་དབྱེར་མི་ཕྱེད་པ༔ དཔེར་ན་ཡིད་བཞིན་ནོར་བུར་མཚུངས༔ ནོར་བུ་རྒྱལ་མཚན་རྩེར་མཆོད་ནས༔ གསོལ་བཏབ་དགོས་འདོད་འབྱུང་བ་བཞིན༔ བཟླས་པས་ཐུགས་དམ་རྒྱུད་བསྐུལ་ན༔ དངོས་གྲུབ་འབྱུང་བར་ཐེ་ཚོམ་མེད༔ ས་མ་ཡ༔ དེ་ཡང་བསྙེན་དང་ཉེ་བསྙེན་དང༔ སྒྲུབ་དང་སྒྲུབ་པ་ཆེན་པོ་བཞིས༔ སྙིང་པོ་སྔགས་ཀྱི་གཟེར་གདབ་ཅིང༔ འཕྲོ་འདུ་ཕྲིན་ལས་དགོངས་པ་བསྐྱང༔ ས་མ་ཡ༔ དེ་ལ་དང་པོ་བསྙེན་པ་ནི༔ ལྷ་ལ་སྙན་གསན་འབེབ་པ་སྟེ༔ རང་བྱུང་སྦས་པའི་གནས་ཆེན་ནི༔ གྲུབ་ཐོབ་གོང་མས་བྱིན་བརླབས་པ༔
བཀྲ་ཤིས་བྱིན་ཆགས་འཚེ་བ་མེད༔ འདུ་འཛི་གཡེང་བ་བྲལ་བའི་སར༔ སྣང་བའི་མི་ལ་རིན་གྱིས་བཙལ༔ མི་སྣང་ལྷ་ལ་གཏོར་མས་བརྔན༔ ས་ཡི་སྐྱོན་སྦྱངས་དབང་དུ་བྱ༔ སྲུང་བ་མཚམས་ཀྱི་ཕུར་པ་གདབ༔ རང་དབང་འདུས་པར་གྱུར་པ་ན༔ རང་བྱུང་རྡོ་རྗེའི་བྲག་སྐྱིབས་སམ༔ སྒྲུབ་པའི་ཁང་པ་མཚན་ལྡན་དུ༔ བཀྲ་ཤིས་ས་བླངས་སྟེགས་བུ་ནི༔ གྲུ་བཞི་ལྷམ་པ་མཛེས་པར་བརྩིགས༔ བླ་མ་ཡབ་ཡུམ་བྱང་སེམས་དང༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ༔ མཚན་མའི་དཀྱིལ་འཁོར་ཅི་རིགས་བཞེངས༔ ཁྱད་པར་སྐུ་ཡི་རྟེན་ཉིད་དུ༔ སྐུ་ཚབ་དངོས་སམ་རྗེས་མཐུན་ནམ༔ ཡང་ན་རས་འདུལ་བྱས་པའི་གཞིར༔ སེལ་མེད་བདུད་རྩི་བྱང་ཆུབ་སེམས༔ ཚོན་སྣ་ལྔ་རྣམས་བསྲེས་བྱས་
ལ༔ ལྷ་བཟོ་དམ་ཚིག་ལྡན་པ་ཡིས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ མཚན་རྫོགས་བརྗིད་ལྡན་བྲིས་པའི་རྒྱབ༔ བསྙེན་སྒྲུབ་རྣམ་པ་བཞི་ཡི་སྔགས༔ རྒྱས་བསྡུས་ཇི་ལྟར་རིགས་པའི་མཐར༔ གུ་རུ་རྩ་གསུམ་ལྷ་ཚོགས་རྣམས༔ རྟེན་འདིར་བརྟན་པར་བཞུགས་ནས་ཀྱང༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ༔ ཞལ་སྟོན་བྱིན་རློབས་དངོས་གྲུབ་སྩོལ༔ ཅེས་དང་དབྱངས་གསལ་རྟེན་སྙིང་བྲི༔ རབ་གནས་ཚུལ་བཞིན་བྱས་པ་དགྲམ༔ གསུང་རྟེན་ཙཀྲ་བཅའ་བ་ནི༔ གྲོ་ག་འམ་ནི་དར་ཤོག་ལ༔ འཁོར་ལོ་མུ་ཁྱུད་ལྔ་ལྡན་གྱི༔ ལྟེ་བར་རྡོ་རྗེ་རྩེ་ལྔའི་དབུས༔ དགོངས་རྒྱུད་གསང་སྔགས་ཕྲེང་དུ་དགོད༔ མཐའ་སྐོར་ཐོད་ཕྲེང་རྩ་སྔགས་དང༔ སྒྲུབ་པའི་སྔགས་ཀྱི་ཕྲེང་བ་བྲི༔ གོང་རས་རིགས་གསུམ་སེམས་དཔའི་སྔགས༔ མུ་ཁྱུད་དང་པོ་འདབ་བཞི་ལ༔ བཀའ་བབ་བཞི་ཡི་མཚན་སྔགས་དང༔ གཉིས་པར་རིན་ཆེན་ཟུར་བརྒྱད་ལ༔ རིག་འཛིན་རྣམ་བརྒྱད་མཚན་གྱི་སྔགས༔ བར་མཚམས་རིག་འཛིན་སྤྱི་དྲིལ་དགོད༔ གསུམ་པར་མཁའ་འགྲོ་རྣམ་གཉིས་དང༔ སྙན་བརྒྱུད་བླ་མའི་སྔགས་ཀྱིས་བརྒྱན༔ བཞི་པར་རྩ་གསུམ་སྤྱི་དྲིལ་དང༔ དབྱངས་གསལ་སྒོ་བ་བཞི་ཡི་སྔགས༔ རྟེན་འབྲེལ་སྙིང་པོའི་མཐའ་རྟེན་ཅིང༔ ཀུན་ལ་རང་རང་ཛཔ྄་དགོངས་དང༔ མཐུན་པའི་སྤེལ་ཚིག་སོ་སོ་འམ༔ སྤྱིར་བཏང་ཇི་ལྟར་
འཐད་པ་དང༔ ལྔ་པར་ནོར་འཛིན་པ་ཏྲས་བརྒྱན༔ དྲི་བཟང་བདུད་རྩི་ལྔ་ཡིས་བྱུག༔ རབ་གནས་ཚུལ་བཞིན་བྱས་པ་ཉིད༔ སྐུ་ཡི་རྟེན་གྱི་གཡས་སུ་བཤམས༔ ཐུགས་རྟེན་སྲོག་གི་ཕུར་པ་ནི༔ ཙན་དན་ལས་བྱས་སོར་བཅུ་གཉིས༔ རྒྱ་མདུད་གོང་མར་རིང་བསྲེལ་དང༔ བླ་མའི་སྐུ་གདུང་སྐུ་བལ་བཅུག༔ ཆང་བཟུང་བསྙེན་སྒྲུབ་གསང་སྔགས་དང༔ རྒྱ་མདུད་འོག་མར་བྱང་ཆུབ་སེམས༔ དཀར་དམར་འདྲེས་པའི་རིལ་བུས་གཏམས༔ རབ་གནས་ལེགས་བྱས་གཡོན་དུ་བཤམས༔ མདུན་དུ་ཡོན་ཏན་གཏོར་ཆེན་དང༔ རྒྱབ་དུ་ཕྲིན་ལས་དངོས་གྲུབ་རྫས༔ ཚེ་གལ་ལ་སོགས་ཅི་འབྱོར་དགོད༔ གལ་ཏེ་སྤྲོས་མེད་རྣལ་འབྱོར་པས༔ དེ་རྣམས་ཐམས་ཅད་མ་འབྱོར་ཡང༔ གུ་རུའི་གཏོར་ཆེན་ཙམ་ལ་བརྟེན༔ གང་ཡང་སྨན་རག་གཏོར་མཆོད་སོགས༔ བག་དྲོ་བརྗིད་དང་ལྡན་པར་བཤམ༔ བར་ཆད་བསལ་ཞིང་བྱིན་ཆེན་དབབ༔ དེ་ནས་སྒྲུབ་ཁང་སྒོ་དྲུང་དུ༔ མཚན་མའི་རྟེན་དང་མཆོད་གཏོར་བཤམས༔ མཐུ་ཆེན་རྒྱལ་པོ་ཆེན་པོ་བཞིར༔ ཕྱི་མཚམས་སྲུང་བའི་ཕྲིན་ལས་གསོལ༔ རྡོ་རྗེའི་གར་གྱིས་ཕྱོགས་མཚམས་བཅིང༔ ཆོས་ཉིད་སྟོང་པའི་ཕྱག་རྒྱས་གདབ༔ དེ་ནི་བསྙེན་སྒྲུབ་སྟ་གོན་ནོ༔ ས་མ་ཡ༔ དེ་ནས་བདེ་བའི་གདན་ལ་འདུག༔ ལུས་ངག་ཡིད་གསུམ་རྣལ་དུ་
དབབ༔ བླ་མར་མོས་གུས་དྲག་ཏུ་བྱ༔ ཅི་མཛད་ཁྱེད་ཤེས་བློ་སྙིང་གཏད༔ དལ་འབྱོར་རྙེད་དཀའ་འཇིག་སླ་དང༔ ལས་འབྲས་བསླུ་མེད་དོན་ལ་བསམ༔ སྲིད་ལ་ངེས་འབྱུང་བཅོས་མིན་བསྐྱེད༔ སྐྱབས་འགྲོ་ལ་སོགས་རྒྱུད་སྦྱང་བའི༔ སྔོན་འགྲོའི་རིམ་པ་ཚུལ་བཞིན་བྱ༔ ཁྱད་པར་བླ་མའི་རྣལ་འབྱོར་བསྒོམ༔ གསོལ་འདེབས་བསྙེན་པ་བྱེ་བ་འམ༔ འབུམ་ཕྲག་གཅིག་གི་མཐའ་རྟེན་བཟླ༔ དབང་བླང་ཐུགས་ཡིད་བསྲེས་བྱས་ལ༔ དུས་གསུམ་སྤྲོས་བཅད་གཉུག་མར་བཞག༔ བསམ་གཏན་སྣོད་དུ་རུང་བ་ན༔ ལས་ཀྱི་རིམ་པ་གཞུང་བསྲངས་ལ༔ བདག་དང་མདུན་རྟེན་དབྱེར་མེད་པར༔ རྩ་གསུམ་དཀྱིལ་འཁོར་ཆེན་པོར་བསྒོམ༔ མཆོད་ཅིང་བསྟོད་པས་མཉེས་པར་བྱས༔ ཁྱད་པར་དཀྱིལ་འཁོར་གཙོ་བོ་ནས༔ འཁོར་གྱི་བར་རྣམས་ཐམས་ཅད་ལ༔ རེ་རེ་བཞིན་དུ་སེམས་བཟུང་ཞིང༔ རང་སེམས་ལྷ་སྐུར་ཤར་བ་ན༔ གསལ་དྭངས་རྙོགས་པ་མེད་པའི་ངང༔ ཡུན་ཐུང་གྲངས་མང་རྩེ་གཅིག་བསྒོམ༔ གོམས་ནས་སྒོམ་ཡུན་ཇེ་རིང་བྱ༔ དེ་ལྟར་བརྩོན་པས་ཡིད་ཀྱི་ཡུལ༔ མ་འདྲེས་ཡོངས་རྫོགས་གསལ་སྣང་འཆར༔ བར་དུ་རླུང་སེམས་ཟིན་པ་ལ༔ སྟོང་གཟུགས་ལྷ་སྐུ་དབང་པོ་གསལ༔ ཐ་མ་རླུང་སེམས་ལྷ་ཡི་སྐུ༔ རྣམ་སྨིན་རིག་འཛིན་གྲུབ་པའི་རྟགས༔ ལུས་ཉིད་ལྷ་སྐུར་
རང་ཤར་འབྱུང༔ ལྷ་དང་སེམས་བྱུང་ཆོས་ཉིད་གསུམ༔ དབྱེར་མེད་དགོངས་པའི་གདེང་ཐོབ་ནས༔ བསྐྱེད་རིམ་མཐའ་རུ་ཕྱིན་པར་འགྱུར༔ གཞན་ཡང་ང་རྒྱལ་བརྟན་པ་དང༔ དག་པ་དྲན་པ་སྤེལ་མར་བསླབ༔ དེ་ལྟ་བུ་ཡི་བསྐྱེད་པའི་རིམ༔ ཏིང་འཛིན་སྲོག་ཏུ་བཟུང་ནས་ཀྱང༔ བསྙེན་པའི་ཛཔ྄་དགོངས་དངོས་གཞི་ནི༔ ཐོག་མར་དགོངས་བརྒྱུད་རྒྱལ་བ་རྣམས༔ ཛཔ྄་ཀྱི་ཕྲིན་ལས་ཆེན་པོར་བསྐུལ༔ ཧཱུྃ་ཧྲཱི༔ རྒྱལ་བ་དགོངས་བརྒྱུད་བླ་མའི་དཀྱིལ་འཁོར་ལྷ༔ སྣང་སྟོང་གཟུགས་སྐུ་མཚན་དཔེ་ལམས་སེ་ལམ༔ གྲགས་སྟོང་སྔགས་ཀྱི་ཛཔ྄་སྒྲ་འུ་རུ་རུ༔ རིག་སྟོང་ཟང་ཐལ་ཡེ་ཤེས་ཤ་ར་ར༔ སྣང་སྲིད་གཞིར་བཞེངས་དགོངས་པ་གསལ་བརྟན་ཅིང༔ བཟླས་བརྗོད་རྡོ་རྗེའི་ཚིག་གིས་རྒྱུད་བསྐུལ་ཏེ༔ མ་འགྲུབ་བར་དུ་རྩེ་གཅིག་སྒྲུབ་ལགས་ན༔ རིག་འཛིན་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་བསྐུལ་བཟླས་པའི་དམིགས་པ་བཅས༔ བླ་མ་ཞི་ཁྲོའི་ཡང་གསང་བཟླ༔ སྟོང་སྟོང་ཚིགས་སམ་ཐུན་གྱི་མཐར༔ ཛཔ྄་ཀྱི་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱི༔ ལྷ་དང་དབྱེར་མེད་སྔགས་ཀྱི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟའི་ལོངས་སྤྱོད་དང་བཅས་འབུལ༔ ཏིང་འཛིན་ཛཔ྄་ཀྱི་དམ་ཚིག་ཉམས་ཆག་བསྐང༔ དབང་སྐུར་བྱིན་རློབས་མཆོག་ཐུན་དངོས་གྲུབ་སྩོལ༔
མ་ཧཱ་ས་མ་ཡ་མནྟྲ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བསྐུལ་གསོལ་བ་རྩེ་གཅིག་གདབ༔ ཐུགས་ཡིད་བསྲེས་ལ་མཉམ་པར་བཞག༔ ས་མ་ཡ༔ གཉིས་པ་ཉེ་བར་བསྙེན་པ་ནི༔ ལྷ་ཉིད་དབང་དུ་བྱེད་པ་སྟེ༔ དེ་ཡང་བརྡའ་བརྒྱུད་རིག་པ་འཛིན༔ སྤྱི་དང་ཁྱད་པར་སྒོ་ནས་འཇུག༔ ཐོག་མར་ནུས་པའི་རྩལ་འཆང་ཕྱིར༔ གསང་བདག་དཔའ་བོའི་བཟླས་པ་བྱ༔ དེ་བཞིན་འཇམ་དཔལ་མཁྱེན་པ་དང༔ ཐུགས་རྗེ་ཆེན་པོའི་བརྩེ་བ་ཆེ༔ བཀའ་བབ་སློབ་དཔོན་རྣམ་བཞི་ལ༔ བསྟེན་ནས་ལྷ་དང་གཉིས་མེད་ཅིང༔ རྒྱུད་ལུང་བཀའ་བབ་རིག་རྩལ་འབྱོངས༔ སྡེ་སྣོད་རྒྱུད་སྡེའི་ཡོན་ཏན་རྫོགས༔ གྲོལ་བ་བཞི་ལྡན་ཆེན་པོར་བཟླ༔ ས་མ་ཡ༔ གསུམ་པ་སྒྲུབ་པའི་རིམ་པ་ནི༔ ལྷ་དང་དབྱེར་མེད་བྱ་བ་སྟེ༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ རིག་འཛིན་ཡོངས་རྫོགས་སྒོ་ནས་འཇུག༔ དེ་ཡང་བདེ་གཤེགས་འདུས་པའི་དཔལ༔ པདྨ་ཐོད་ཕྲེང་ལ་བསྟེན་ནས༔ བདག་དོན་བྱིན་རླབས་ནུས་རྩལ་སྨིན༔ གསང་མཚན་ཐུགས་ཀྱི་སྒྲུབ་པ་ཡིས༔ དངོས་གྲུབ་ཀུན་ལ་རང་དབང་བསྒྱུར༔ མནྡཱ་ར་བ་ལ་བསྟེན་ནས༔ འཆི་མེད་ཡེ་ཤེས་གོང་དུ་སྤེལ༔ མཚོ་རྒྱལ་ལ་བསྟེན་བདེ་ཆེན་བསྐྱེད༔ མཆོག་གི་རིག་འཛིན་རྣམ་བརྒྱད་ཀྱིས༔
རྡོ་རྗེའི་འཛབ་དང་ཏིང་འཛིན་གྱིས༔ འབྲུ་བརྒྱད་འོད་གསལ་དགོངས་པ་བསྐྱངས༔ རྣམ་བཞིའི་ཡེ་ཤེས་འཁོར་ལོ་བསྐོར༔ རྟ་སྐད་ཐེངས་གསུམ་དབྱིངས་སུ་བསྐྱལ༔ ཐལ་འབྱིན་བཞི་ཡིས་འཁོར་འདས་བསྲེ༔ རྩ་རླུང་བྱང་སེམས་དབུ་མར་བསྟིམ༔ སྣང་སྲིད་བདུད་རྩིའི་བཅུད་དུ་བསྐྱིལ༔ རྟོག་ཚོགས་དྲེགས་པ་ཟིལ་གྱིས་མནན༔ གཟུང་འཛིན་དགྲ་བགེགས་ཚར་ཐག་བཅད༔ དེ་ལྟ་བུ་ཡི་དགོངས་པ་ཡིས༔ དཔལ་ཆེན་དགུ་དང་དབྱེར་མེད་འགྱུར༔ ས་མ་ཡ༔ བཞི་པ་སྒྲུབ་པ་ཆེན་པོ་ནི༔ དབང་སྒྱུར་མཆོག་གི་ཏིང་འཛིན་ཏེ༔ སྙན་བརྒྱུད་བླ་མ་ལ་བསྟེན་ནས༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་བསྒྲུབ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ བྱིན་རླབས་དངོས་གྲུབ་ཕྲིན་ལས་བརྟན༔ སྒོ་སྲུང་དཔའ་བོ་ཡབ་ཡུམ་ལ༔ བསྟེན་ནས་ཞི་རྒྱས་དབང་དྲག་བསྒྲུབ༔ གང་ཡང་ཀུན་གྱི་ཐོགས་མ་རུ༔ ཛཔ྄་ཀྱི་ཐུགས་དམ་ཆེན་པོ་བསྐུལ༔ བར་དུ་དམིགས་པ་རྩེ་གཅིག་པས༔ བཟླས་བརྗོད་ཆུ་བོའི་གཞུང་བཞིན་བྱ༔ མཐར་ནི་ཛཔ྄་ཀྱི་མཆོད་སྤྲིན་འབུལ༔ གསོལ་བ་གདབ་ཅིང་གདུང་ཤུགས་བསྐྱེད༔ དབང་དང་དངོས་གྲུབ་བླངས་བྱས་ལ༔ ལྷ་དང་དབྱེར་མེད་ང་རྒྱལ་བསྐྱེད༔ གཞི་དུས་ཕུང་ཁམས་སྐྱེ་མཆེད་ཀུན༔ མ་འགགས་ལམ་གྱིས་ལྷ་སྐུར་ཤར༔ འབྲས་བུ་རང་
བཞིན་ཆོས་ཀྱི་སྐུ༔ གཟུགས་སུ་བཞེངས་པའི་དཀྱིལ་འཁོར་དང༔ མི་ཕྱེད་དག་པ་དྲན་པ་ཡིས༔ བསྐྱེད་རིམ་མཆོག་གི་ཉེར་རྒྱུད་བསྒྱུར༔ མདོར་ན་གསལ་བ་རྣམ་གསུམ་ལ༔ བརྟེན་ནས་སྐུ་ཡི་ཏིང་འཛིན་བསྒྲུབ༔ སྙིང་པོ་སྔགས་ཀྱི་གཟེར་གདབ་པས༔ གསུང་གི་ནུས་པ་རྒྱུད་ལ་ཞུགས༔ འཕྲོ་འདུས་དགོངས་པ་སྣ་ཚོགས་ཀྱིས༔ ཡོན་ཏན་ཕྲིན་ལས་འདོད་རྒུར་འཆར༔ མཐར་ཐུག་ལྷ་ནི་སེམས་ཀྱི་གཤིས༔ སེམས་ཉིད་རོལ་རྩལ་ལྷ་སྐུར་སྣང༔ ལྷ་དང་སེམས་ཉིད་དབྱེར་མེད་པ༔ དགོངས་པ་མི་འགྱུར་གདིང་བསྐྱེད་ལ༔ དུས་གསུམ་རྟོག་པས་མ་བསླད་པའི༔ ཐུགས་དགོངས་མ་བཅོས་ངང་དུ་བཞག༔ རྩ་གསུམ་ཡེ་ཤེས་ཚེ་འདིར་འགྲུབ༔ ས་མ་ཡ༔ རྗེས་སུ་དབང་བཞིའི་ཆུ་རྒྱུན་བླངས༔ ཚོགས་མཆོད་བྱ་ཞིང་བསྐུལ་ལ་སོགས༔ ཕྲིན་ལས་གཞུང་གི་རིམ་པ་ལྟར༔ རྒྱས་བསྡུས་ཇི་ལྟར་རིགས་པར་བྱ༔ ཁྱད་པར་ཐུན་མཚམས་རྣལ་འབྱོར་ནི༔ གཟུགས་སྣང་རྩ་གསུམ་སྐུ་རུ་བལྟ༔ སྣང་སྟོང་ཆུ་ཟླ་ལྟ་བུར་བསྒོམ༔ སྒྲ་གྲགས་རྩ་གསུམ་སྔགས་སུ་བལྟ༔ གྲགས་སྟོང་བྲག་ཆ་ལྟ་བུར་བསྒོམ༔ དྲན་རྟོག་རྩ་གསུམ་ཐུགས་སུ་བལྟ༔ རིག་སྟོང་འོད་གསལ་དགོངས་པ་བསྐྱང༔ གནས་ཁང་པདྨ་དྲྭ་བའི་ཞིང༔ འདོད་ཡོན་ཆོས་ཉིད་རོལ་པའི་རྒྱན༔ འགྲོ་འདུག་
བསྒུལ་བསྐྱོད་ཐམས་ཅད་ཀྱང༔ རྡོ་རྗེའི་གར་གྱིས་བདེ་ཆེན་སྤེལ༔ བཟའ་བཏུང་ནང་གི་ཚོགས་མཆོད་དང༔ རྗེས་ཆགས་གསང་བའི་ཚོགས་སུ་སྤྱོད༔ ཉལ་དུས་བསྡུ་རིམ་འོད་གསལ་ལམ༔ ཟུང་འཇུག་ལྷ་སྐུའི་ངང་དུ་ཉལ༔ ལྡང་ཚེ་དཔའ་བོ་མཁའ་འགྲོ་མས༔ བདེ་ཆེན་གླུ་ཡིས་བསྐུལ་བར་བསམ༔ ལྷར་སྣང་འོད་གསལ་སྒྱུ་མའི་ངང༔ རྣལ་འབྱོར་ཆུ་བོའི་རྒྱུན་ལ་འཇུག༔ ས་མ་ཡ༔ བཟླས་པའི་དམ་ཚིག་བསྟན་པ་ནི༔ ཟས་གོས་སྨན་ལ་སོགས་པ་རྣམས༔ མཐའ་གཉིས་མ་ལྷུང་ཚགས་སུ་འཛུད༔ ཅིས་ཀྱང་བྲེལ་བ་མེད་པར་བྱ༔ ཕྱི་ནང་རྒྱུ་འགྲུལ་རྦད་ཀྱིས་བཅད༔ ཕན་ཚུན་སུས་ཀྱང་མི་མཐོང་གཅེས༔ མི་རྟག་ངེས་འབྱུང་ལྕག་གིས་བསྐུལ༔ གང་ཡང་དགོས་མེད་བློ་སྣ་བསྟུང༔ བསམ་པ་བཟང་པོའི་བྱང་སེམས་བསྐྱེད༔ བླ་མའི་མོས་གུས་སྲོག་ཏུ་བཟུང༔ ནད་ཞི་གདོན་སེལ་དབང་སྡུད་སོགས༔ ཐུན་མོང་ཙམ་ལ་བློ་མི་འཕྲེང༔ མཆོག་གི་དངོས་སྒྲུབ་ཐོབ་འདོད་པས༔ སྒྲུབ་པའི་དམ་བཅའ་ཕྱི་ཕྱིར་བསྲིང༔ ཁྱད་པར་འདོད་ཐག་ཉེ་བ་སྤང༔ དཀའ་ཐུབ་བརྟུལ་ཞུགས་མཐའ་རུ་དབྱུང༔ དེ་རྣམས་ཉམས་ལེན་སྤྱི་ལ་གཅེས༔ ཁྱད་པར་སྔགས་ཀྱི་བཟླས་པའི་ཚེ༔ གཉིད་ཉལ་གློ་ལུ་འོག་རླུང་སོགས༔ གནས་
ངན་ལེན་གྱི་སྤྱོད་པ་སྤང༔ ཐ་མལ་ཚིག་གིས་བར་མ་བཅད༔ སྒྲ་མེད་མ་ཡིན་ཆུང་བ་མིན༔ མགྱོགས་པ་མ་ཡིན་བུལ་བ་མིན༔ ཡེངས་མིན་གླལ་སོགས་བར་ཆད་མིན༔ སྔགས་ཀྱི་གྲྭ་ཟུར་མ་ཉམས་བཟླས༔ སྐབས་དེར་སྔགས་ཀྱི་གཟུགས་ལ་དམིགས༔ འོད་ཟེར་སྤྲོ་བསྡུ་གཙོ་བོར་བྱ༔ རེས་འགའ་སྔགས་ཀྱི་སྒྲ་ལ་དམིགས༔ སྒྲ་མཐའ་ཆོས་ཉིད་ངང་དུ་བསྐྱལ༔ རེས་འགའ་སྔགས་ཀྱི་འབྲུ་དོན་བསམ༔ དད་དང་ངེས་ཤེས་དྲག་ཏུ་བསྐྱེད༔ མཐར་ཐུག་སྔགས་ཀྱི་དེ་ཁོ་ན༔ སྐྱེ་མེད་རྡོ་རྗེའི་བཟླས་པར་བཞག༔ མདོར་ན་མ་ཡེངས་རྩེ་གཅིག་བཟླས༔ ཡེངས་ན་ངལ་བ་དོན་མེད་འགྱུར༔ གཞན་ཡང་ཕྲ་མོའི་དམ་ཚིག་ནི༔ སྐྲ་སེན་མི་བྲེག་གདོང་མི་བཀྲུ༔ སྟན་གྱི་དྲོད་མ་ཡལ་བར་བྱ༔ ལྕེ་དང་མཚེར་པ་སྒོག་ཙོང་སོགས༔ སྔགས་ནུས་འཕྲོག་པའི་བཟའ་བཏུང་སྤང༔ མེ་དང་ཉི་མའི་འོད་མི་འདུག༔ དབང་དང་བྱིན་རླབས་སྲུང་ཟློག་སོགས༔ གཞན་དོན་ལྟར་སྣང་སྤྲོས་པ་བཅད༔ རབ་ནི་ཆུ་བོའི་རྒྱུན་བཞིན་ཏེ༔ འབྲིང་ནི་ཉིན་མཚན་ཐུན་དྲུག་གམ༔ ཐུན་བཞིའི་ངེས་པ་བརྟན་པོར་བཟུང༔ དེ་ཡང་ཐོ་རངས་ནས་བཟུང་སྟེ༔ ཉི་ཤར་བར་དུ་ཐོར་ཐུན་གཅེས༔ རླུང་རིག་དྭངས་དུས་ལྷ་ཡི་སྐུར༔ སེམས་བཟུང་བསྐྱེད་རིམ་གསལ་སྣང་འདོན༔ ཉི་
ཤར་ནས་བཟུང་ཉིན་ཕྱེད་བར༔ སྔ་དྲོའི་ཐུན་ཏེ་སྤྲོ་བའི་དུས༔ འོད་ཟེར་འཕྲོ་འདུའི་རྩལ་ཆེན་སྦྱང༔ ཕྱི་ཡོལ་ནས་བཟུང་ཉི་རྒས་བར༔ ཕྱི་དྲོའི་ཐུན་ཏེ་འདུན་པའི་དུས༔ བྱིན་བསྡུ་གསང་སྔགས་དྲག་ཏུ་བཟླས༔ སྲོད་འཁོར་ནས་བཟུང་ནམ་ཕྱེད་བར༔ སྲོད་ཀྱི་ཐུན་ཏེ་རྩུབ་པའི་དུས༔ མི་རྟོག་དགོངས་པའི་གདིང་ཆེན་བསྐྱེད༔ ཉིན་གུང་མཚན་གུང་འཐིབས་པའི་དུས༔ བསམ་གཏན་འཇིག་པས་ངལ་ཡང་གསོ༔ ནམ་ཡང་འདུ་འཛི་ཕྱི་ཐག་བསྲིང༔ མི་ངོ་མི་སྲུང་དམ་ཚིག་སྲུང༔ ལྷག་པར་དམ་ཚིག་ཉམས་པ་དང༔ གདོང་མི་འཕྲད་ཅིང་ཟས་གོས་སོགས༔ ཡོ་བྱད་ཕྲ་མོའང་བླང་མི་བྱ༔ ཉམས་པ་མི་སྐོང་གྲིབ་ལ་འཛེམ༔ བཟླས་པ་ཡུན་ནི་ཕྲེང་བ་སྟེ༔ ཞི་བར་ཤེལ་དང་ཙནྡན་དཀར༔ རྒྱས་པར་གསེར་དང་བྱང་ཆུབ་ཤིང༔ དབང་ལ་བྱི་རུ་ཙནྡན་དམར༔ དྲག་པོ་རཀྴ་སེང་ལྡེང་སོགས༔ ཚེར་ཅན་ཤིང་དང་གྲི་ཡི་ལྕགས༔ མཆོག་ལ་རིན་ཆེན་ཐོད་ཕྲེང་ཤིས༔ ཀུན་ལ་བོ་དྷི་ཙི་ཉིད་བསྔགས༔ བཟླས་བརྗོད་གྲངས་མེད་འགྱུར་བར་གསུངས༔ གང་ཡང་སྲིད་ཅན་མེས་ཚིག་དང༔ གྲངས་མི་ཚང་དང་ཚད་ལས་ཐལ༔ ཉམས་པའི་ལག་ནས་བྱུང་བ་སྤང༔ གསང་བ་དྲི་བཟང་ཆུ་ཡིས་བཀྲུ༔ མདུད་འཛིན་ལ་སོགས་ཚད་ལྡན་སྤེལ༔
ཕྲེང་བ་ཐལ་མོ་བར་དུ་བཟུང༔ སྟོང་པའི་ངང་ལས་ལག་པ་གཉིས༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གསལ༔ སྙོམས་པར་ཞུགས་པའི་མཁའ་གསང་ནས༔ བདེ་བའི་སྒྲ་དང་འོད་ཟེར་འཕྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀུན༔ ཕྱག་རྒྱ་སྔགས་དང་ཕྱག་མཚན་གྱི༔ རྣམ་པར་སྤྱན་དྲངས་ཞལ་དུ་ཞུགས༔ ཐུགས་ཀར་རྗེས་ཆགས་མེ་ཡིས་ཞུ༔ དྭངས་མ་སྦྱོར་མཚམས་ནས་བྱུང་སྟེ༔ སྔགས་ཀྱི་ཕྲེང་བར་ཁྱབ་པར་ཐིམ༔ འོད་ཟེར་གཟི་རྗིད་དཔལ་དུ་འབར༔ ངོ་བོ་རྩ་གསུམ་བྱིན་རླབས་དབྱིག༔ རྣམ་པར་སྔགས་ཀྱི་ཕྲེང་བའི་ཚུལ༔ བྱེད་ལས་མཆོག་དང་ཐུན་མོང་གི༔ དངོས་གྲུབ་སྩོལ་བའི་ནོར་བུར་བསམ༔ ཨོཾ་བཛྲ་སཏྭ་ཨཱ༔ སརྦ་ཏ་ཐཱ་ག་ཏ་མ་ཧཱ་སུ་ཁ་བོ་དྷི་ཙིཏྟ་རཏྣ་མཱ་ལ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྭཱ་ཧཱ༔ སྟོང་ཕྲག་བཟླས་པས་བྱིན་གྱིས་བརླབས༔ རྡོ་རྗེ་སེམས་དཔའ་ཉིད་ཀྱང་བསྟིམ༔ རྟེན་འབྲེལ་སྙིང་པོས་བརྟན་པར་བྱ༔ འདི་ལྟ་རབ་ཏུ་གནས་པ་ཡིས༔ སྔགས་ཀྱི་ནོར་བུ་མཆོག་ཏུ་འགྱུར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ དཀའ་བ་མེད་པར་འགྲུབ་པར་ངེས༔ སྐབས་སུ་རབ་ཏུ་འཕེལ་བའི་སྔགས༔ ཨོཾ་རུ་ཙི་ར་མ་ཎ་པྲ་བརྡྷཱ་ན་སྭཱ་ཧཱ༔ བཏབ་པས་བཟླས་བརྗོད་འབུམ་དུ་འགྱུར༔ དེ་ལྟ་བུ་ཡི་བསྙེན་ཕྲེང་དེ༔ མི་ལ་མི་སྟོན་ལག་མི་
འགྲིམ༔ ཁྱད་པར་ཉམས་པའི་ཕྱོགས་ཀུན་སྤང༔ གཅེས་སྤྲས་ཆེན་པོས་མགུལ་དུ་འཆང༔ རྣལ་འབྱོར་འདོད་དོན་སྟེར་བར་བྱེད༔ ས་མ་ཡ༔ བཟླས་པའི་གེགས་སེལ་བསྟན་པ་ནི༔ བྱིང་ན་གཟེངས་བསྟོད་ཧུར་བག་བྱ༔ རྒོད་ན་བག་ཕབ་རྣམ་རྟོག་གདུལ༔ བྱིང་རྒོད་མེད་པར་གནས་པའི་ཚེ༔ ཁ་ཟས་སྤྱོད་ལམ་ལ་སོགས་ཀྱང༔ མཐའ་གཉིས་སྤངས་ལ་མཉམ་པར་སྤྱོད༔ དམ་གྲིབ་མི་གཙང་སོགས་ཀྱི་མཐུས༔ སྒྲུབ་པའི་ལྟས་རྣམས་ལོག་པ་ན༔ ཉམས་སྐོང་བཤགས་པ་ཅི་ནུས་བྱ༔ ཁྱད་པར་རྒྱུན་གྱི་མན་ངག་ནི༔ རང་གི་སྤྱི་བོར་པད་ཟླའི་སྟེང༔ རྩ་བའི་བླ་མ་རྡོ་རྗེ་སེམས༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ཤེས་རབ་སྙེམས་མ་ཡུམ་དང་སྦྱོར༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་ཀྲུང་གདན་ལ་རོལ༔ ཐུགས་ཀར་པདྨ་ཉི་མའི་སྟེང༔ ཉམས་གྲིབ་གཉེན་པོ་སྟོབས་ཀྱི་ལྷ༔ ཡེ་ཤེས་སེམས་དཔའ་སྨེ་བ་བརྩེགས༔ ལྗང་ནག་ཕྱག་གཉིས་ཐལ་སྦྱར་བར༔ བདུད་རྩིས་གང་བའི་བུམ་པ་འཛིན༔ ཁྲོ་ཚུལ་འཇིགས་པའི་ཆས་ཀྱིས་བརྒྱན༔ ཞབས་གཉིས་འདོར་སྟབས་མེ་དཔུང་རོལ༔ བུམ་པའི་དབུས་སུ་ཟླ་བའི་སྟེང༔ ཧཱུྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་རྒྱུད་བསྐུལ་འོད་ཟེར་འཕྲོས༔
རྩ་གསུམ་རྒྱལ་བའི་ཐུགས་དམ་བསྐང༔ རིགས་དྲུག་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཚུར་འདུས་རྒྱལ་བ་སྲས་བཅས་ཀྱི༔ བྱིན་རླབས་ནུས་སྟོབས་ཐམས་ཅད་ཀུན༔ བདུད་རྩིའི་རྣམ་པས་བུམ་ནང་འཁྱིལ༔ དེ་ལས་བདུད་རྩིའི་ཆུ་རྒྱུན་ལུད༔ ཁྲོ་རྒྱལ་སྐུ་ཡི་དབྱིབས་བརྒྱུད་དེ༔ རྡོར་སེམས་ཡབ་ཡུམ་སྦྱོར་མཚམས་ནས༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་ལྟུང་ཐམས་ཅད་དང༔ ཉམས་གྲིབ་མི་གཙང་བག་ཆགས་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ གསང་སྔགས་རྒྱལ་པོ་འདི་ཉིད་བཟླས༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་སཏྭ་མ་ཧཱ་བཱ་ལ་ཨུ་ཙུཥྨ་ཀྲོ་དྷ་ིརའ་ཛ་ཧཱུྃ་ཧཱུྃ་ཕཊ༔ སྐབས་སུ་སྔགས་ཤམ་འདི་ཡང་གདགས༔ ཨེ་ཡཾ་རཾ་བཾ་ལཾ་སརྦ་པཱ་པཾ་ཀླེ་ཤམ་ལ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཡི་གེ་བརྒྱ་པའི་སྔགས་ཀྱང་བཟླ༔ སྤྲོ་ན་སྨྲེ་སྔགས་གདུང་བས་བཤགས༔ མཐར་ནི་བླ་མ་རྡོ་རྗེ་སེམས༔ དགྱེས་པ་ཆེན་པོས་འོད་དུ་ཞུ༔ རང་ལུས་དག་པའི་ཤེལ་ལྟར་བསམ༔ མ་བཅོས་སྤྲོས་མེད་ངང་དུ་བཞག༔ སྔགས་ནུས་གནོད་པའི་བཟའ་བཏུང་སོགས༔ ཀུན་སྤྱོད་ཕྲ་མོར་འགལ་བ་རྣམས༔ གཟུངས་འདི་ཡིད་ལ་དྲན་པས་བྱང༔ བསྒོམ་བཟླས་ཐོ་རངས་མ་ཆག་ན༔ རྩ་བའི་ལྟུང་བ་ཀུན་ཀྱང་འབྱང༔ གལ་ཏེ་ཉམས་གྲིབ་ཚབ་ཆེ་ན༔ རྟེན་འབྲེལ་ལས་ཀྱིས་སྦྱང་བ་ནི༔ བུམ་པ་ཚད་ལྡན་ཆས་སུ་བཅུག༔
ཤེལ་དང་གི་ཝཾ་སིནྡྷུ་ར༔ རྒྱ་སྤོས་སྤང་སྤོས་ག་པུར་དང༔ ཤུ་དག་ལྔ་ཚན་ལྔ་ཡི་རྫས༔ ཁྱད་པར་བྱང་སེམས་དཀར་དམར་སོགས༔ བདུད་རྩི་ཆེན་པོའི་ཆུ་ཡིས་གཏམས༔ ལྷ་བསྐྱེད་སྔགས་བཟླས་འོད་དུ་ཞུ༔ འཐོར་འཐུང་བཀྲུས་པས་ཉམས་ཆག་འབྱང༔ ཡང་ན་ཞི་བའི་ཐབ་ཁུང་དབུས༔ ལྷ་བསྐྱེད་ཏིལ་གྱི་སྦྱིན་སྲེག་འབུལ༔ མཆོག་ཏུ་གསང་བའི་ཁྲུས་ཆུ་་་ཐོ་རངས་དུས་ཀྱི་དྲི་ཆུ་བར་པ།མཆན་་་ལ༔ སྔགས་བཏབ་ཕུད་ཀྱིས་བླ་མ་མཆོད༔ ལྷག་མ་བཏུང་ཞིང་སྙིང་གར་བྱུགས༔ གསང་བའི་གྲིབ་སེལ་བླ་མེད་དོ༔ རྒྱལ་འགོང་དམ་སྲིས་འཚེ་བ་ན༔ རང་ཉིད་ཁྱབ་བདག་ཐོད་ཕྲེང་རྩལ༔ སྐད་ཅིག་གནས་འགྱུར་ཁྲོ་བོའི་ཉམས༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཕུར་པ་བགེགས་ལ་གཟིར༔ རྩེ་ལ་སྤྲུལ་པའི་ལྕགས་སྡིག་དང༔ མེ་མཚོན་ཚྭ་ཚྭ་སྐར་ལྟར་འཁྲུགས༔ བར་ཆད་འབྱུང་པོ་ཐམས་ཅད་དང༔ ཁྱད་པར་སྒྲུབ་ལ་ཐེ་ཚོམ་པའི༔ རྒྱལ་བསེན་དམ་འགོང་འབྱུང་པོའི་ཚོགས༔ སྲོག་ནས་དྲངས་ཤིང་སྙིང་ནས་གཟིར༔ བཀའ་སྡོད་བྲན་དང་འབངས་སུ་བྱས༔ དམ་ལ་མི་གནས་གདུག་ཅན་ཀུན༔ གནམ་ལྕགས་སྡིག་པའི་ཕོ་ཉ་འཕྲོས༔ ཡེ་ཤེས་མེ་ཡིས་གཞོབ་ཏུ་བསྲེགས༔ རྗེས་ཤུལ་ལྷག་མ་མེད་པར་བསམ༔ ཆོས་
ཉིད་ལྟ་བའི་གདིང་བསྐྱེད་ལ༔ གསང་བའི་སྔགས་འདི་དྲག་ཏུ་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨརྩིག་ནིརྩིག་པདྨ་ཀཱི་ལི་ཀཱི་ལ་ཡ་རུ་རུ་བྷ་ཤ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ གདུག་པ་ཅན་རྣམས་ཚར་གཅོད་འགྱུར༔ བྱད་ཕུར་རྦོད་གཏོང་རྟགས་བྱུང་ན༔ རང་ཉིད་ཐོད་ཕྲེང་དྲག་པོ་ཡི༔ ཐུགས་ནས་ལས་ཀྱི་ཕོ་ཉ་མོ༔ སེང་གདོང་ཁྲོས་མ་དཔག་མེད་སྤྲོས༔ སྒྲུབ་ལ་བར་དུ་གཅོད་པ་ཡི༔ བྱད་ཁ་ཕུར་ཁ་རྦོད་གཏོང་དང༔ རྨི་ལམ་རྟགས་མཚན་ངན་པ་ཀུན༔ གྲི་གུག་འབར་བས་བཀུག་ཅིང་གཏུབ༔ བྷནྡར་བཅུག་ནས་ཞལ་དུ་གསོལ༔ ཡེ་ཤེས་མེས་བསྲེགས་རླུང་གིས་གཏོར༔ ཆོས་ཉིད་ངང་དུ་ཐིམ་པར་བསམ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བཅུ་བཞིའི་སྔགས་འདི་དྲག་ཏུ་བཟླ༔ མཐར་ནི་ཉི་ཟླའི་ཐལ་མོའི་བར༔ དགྲ་བགེགས་བརླག་ཅིང་ཕྱིར་བཟློག་མོས༔ ན་མོ༔ དཀོན་མཆོག་རྩ་གསུམ་ཆོས་སྲུང་དང༔ སེང་གདོང་ཁྲོས་མའི་བདེན་སྟོབས་ཀྱིས༔ གསང་སྔགས་སྒྲུབ་ལ་བར་གཅོད་པའི༔ མི་དང་མི་མིན་འབྱུང་པོ་དང༔ བྱད་ཕུར་རྦོད་གཏོང་ལྟས་ངན་ཀུན༔ སྡང་བྱེད་དགྲ་ཡི་སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་བྷྱོ༔ ཐམས་ཅད་ཀ་དག་དབྱིངས་སྟིམས་ལ༔ སྔགས་མཐར་ཕྱིར་བཟློག་
འདི་ཡང་གདགས༔ མ་ཧཱ་ཤ་རི་རཾ་བྷྱོ་བྷྱོ་ཟློག་ཟློག༔ ཐལ་མོ་བརྡབ་ཅིང་དམིགས་པས་གཟིར༔ མཐར་ནི་ཁྲོ་མོ་ཚུར་འདུས་ནས༔ སྲུང་བའི་གུར་དང་དབྱེར་མེད་བསམ༔ ཨོཾ་བཛྲ་སིཾ་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ་མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ༔ བྱད་ཕུར་རྦོད་གཏོང་ཞི་བར་འགྱུར༔ བྱེ་བྲག་ཕྱིར་ཟློག་བཅུ་བཞིའི་སྔགས༔ གུ་གུལ་ལ་བཏབ་གནས་ལ་བདུག༔ ཡུངས་དཀར་ལ་བཏབ་རྫས་ལ་གཏོར༔ ཁྲོས་ཆུ་ལ་བཏབ་ཁོང་དུ་བཏུང༔ གནས་རྫས་རྣལ་འབྱོར་བར་ཆད་ཞི༔ གཞན་ཡང་བྱིང་རྒོད་གཉིད་རྨུགས་དང༔ ཉོན་མོངས་ཤུགས་དྲག་གཉེན་པོ་ཆུང༔ གནས་ཁང་སྒྲུབ་རྫས་ཉམས་བག་དམན༔ རྣལ་འབྱོར་ནད་གདོན་འཚེ་བ་མང༔ འཁོར་གཡོག་འཐབ་རྩོད་ཁོང་ཁྲོ་ལྡང༔ དེ་སོགས་སྒྲུབ་པའི་འགལ་རྐྱེན་ཀུན༔ གསང་བའི་ཉུལ་ལེའི་རྟགས་ཡིན་པས༔ དཔལ་གྱི་ཕོ་ཉ་ཆེན་མོ་དགུ༔ གནས་ནས་སྤྱན་དྲངས་་་སྒྲུབ་ཁོག་ལྟར།གཏོར་མ་འབུལ༔ ཐུགས་དམ་བསྐུལ་བས་ཚར་ཐག་བཅད༔ སྤྲོས་པའི་ཆོ་ག་མ་གྲུབ་ན༔ རིག་འཛིན་ཐོད་ཕྲེང་དྲག་པོ་ཡི༔ ཕྱག་གི་ཕུར་པ་གསོར་བ་ལས༔ དཔལ་གྱི་ཕོ་ཉ་སྐར་ལྟར་འཕྲོས༔ དྲག་ཤུལ་ཁྲོས་འཁྲུགས་རྔམས་པ་ཡིས༔ སྒྲུབ་ལ་བར་ཆད་ཐམས་ཅད་དང༔ ཁྱད་པར་དམ་སྲི་ཉུལ་ལེའི་དཔུང༔ སྙིང་
རྗེ་ཁྲོས་པའི་ལྕགས་ཀྱུས་བཟུང༔ ཏིང་ངེ་འཛིན་གྱི་བྲུབ་ཁུང་བཅུག༔ མངོན་སྤྱོད་རིག་རྩལ་ཕུར་པ་དང༔ ནད་མཚོན་དུག་གི་ཐུན་ཆར་ཕབས༔ མིང་གི་ལྷག་མ་མེད་པར་བཅོམ༔ འོད་གསལ་དབྱིངས་སུ་ཐིམ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཨོཾ་གྷ་གྷ་གྷ་ཏ་ཡ་སརྦ་དུཥྚན་ཧཱུྃ༔ ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ གྲུ་གྲུ་གྲུ༔ ཨ་པ་ཙེ༔ རུ་པ་ཙེ༔ ཐུན་དུ་ཐུན་དུ༔ ནཱ་ཤ་ཡ་སྟམྦྷ་ཡ༔ བི་ནཱ་ཡ་བི་ནཱ་ཡ་ཀ་ཀ༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཧཱུྃ་ཧཱུྃ་ཕཊ་ཕཊ༔ དགོངས་པའི་གདེང་བསྐྱེད་ལྟ་སྟངས་གཟིར༔ ཕུར་པ་འདྲིལ་ཞིང་ཐུན་གྱིས་བྲབས༔ གུ་གུལ་ལ་སོགས་དུད་པས་བདུག༔ མི་རྟོག་གཉུག་མའི་ངང་དུ་བཞག༔ དེས་ནི་བར་ཆད་ཐམས་ཅད་བཟློག༔ ཉམས་བཟང་འབར་ན་བྱིན་ཡང་དབབ༔ མདོར་ན་ཇི་ལྟར་ཁས་བླངས་པའི༔ སྡོམ་དང་དམ་ཚིག་དག་པར་བྱ༔ རེ་དོག་བློ་སྣ་རྦད་ཀྱིས་བཅད༔ བླ་མ་ལྷ་དང་གསང་སྔགས་ལ༔ ཡིད་ཆེས་དད་པ་བརྟན་པོར་བཟུང༔ བརྩོན་འགྲུས་ཡལ་བར་མི་འདོར་ཞིང༔ བཟང་ངན་མཚན་མ་ཅི་བྱུང་ཡང༔ ཐམས་ཅད་སྒྱུ་མར་ཡིན་ཤེས་ན༔ བགེགས་རྣམས་རང་སར་
གྲོལ་བར་ངེས༔ ས་མ་ཡ༔ སྒྲུབ་དང་བཟླས་པའི་བོགས་འབྱིན་ནི༔ ཐོག་མར་ངག་སྦྱོང་བྱིན་རླབས་ཤིང༔ དབང་བསྐུར་ནུས་བྱིན་བསྐྱེད་པའི་ཕྱིར༔ ཐོ་རངས་མལ་ནས་ལྡང་མ་ཐག༔ རླུང་རོ་བསལ་ཞིང་ལུས་གནད་བསྲང༔ འཇམ་རླུང་ཅུང་ཟད་བཟུང་བྱས་ལ༔ རང་གི་ལྟེ་བར་རཾ་ཡིག་ལས༔ བདེ་ཆེན་གཏུམ་མོའི་མེ་ལྕེ་འབར༔ ལུས་གང་ནད་གདོན་སྡིག་སྒྲིབ་བསྲེགས༔ ཁྱད་པར་ལྕེ་ཡི་དབང་པོ་ཡི༔ ཉེས་སྐྱོན་སྦྱངས་ཤིང་སྟོང་པའི་ངང༔ ཨ་ཡིག་དམར་པོ་ཡོངས་གྱུར་ལས༔ རྡོ་རྗེ་རྩེ་གསུམ་དམར་པོ་ནི༔ སྟོང་གསལ་འོད་ཀྱི་རང་བཞིན་ཅན༔ གཡས་གཡོན་ཐབས་ཤེས་དབྱངས་གསལ་དང༔ དབུས་རྭར་ཟུང་འཇུག་སྙིང་པོའི་སྔགས༔ ལྟེ་བར་ཨཱཿཡིག་དམར་གསལ་མཚན༔ དེ་མཐར་རྟེན་འབྲེལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྩ་གསུམ་རབ་འབྱམས་ཀྱི༔ གསུང་གི་བྱིན་རླབས་ཨཱཿདམར་པོ༔ གྲངས་མེད་སྤྱན་དྲངས་ཨཱཿལ་ཐིམ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེའི་ལྗགས་སུ་བྱིན་བརླབས་བསམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་དྷཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ ཨོཾ་བཛྲ་ཛི་ཧཱ་ཛྙཱ་ན་ཨཱཏྨ་ཀོ྅་ཧཾ༔ སླར་ཡང་འོད་ཟེར་འཕྲོས་པ་ཡིས༔ རྩ་གསུམ་ལྷ་ཚོགས་རབ་འབྱམས་ཀུན༔
སྤྱན་དྲངས་བདུད་རྩིའི་ངོ་བོར་ཞུ༔ སྔགས་ཀྱི་ཕྲེང་བར་ཐིམ་པ་ཡིས༔ བྱང་ཆུབ་མཆོག་གི་ཡེ་ཤེས་སྨིན༔ རྡོ་རྗེའི་གསུང་དུ་དབང་བསྐུར་བསམ༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཝ་ཀ་ཨ་བྷི་ཥིཉྩ་ཨཱ༔ སུ་ར་ཏ་སཏྭཾ་ཨ་ཧཾ༔ ལྷ་སྔགས་བདེ་ཆེན་རོལ་པ་ཡི༔ འོད་ཀྱིས་རྩ་གསུམ་རབ་འབྱམས་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་སོགས༔ དབྱངས་གསལ་ཡི་གེ་འོད་འབར་བའི༔ རྣམ་པ་ཨཱ་ལི་ཀཱ་ལིར་ཐིམ༔ སྔགས་ཀྱི་ཡེ་ཤེས་ཀུན་འདུས་ཤིང༔ ནུས་པ་འབུམ་དུ་བསྐྱེད་པར་བསམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མནྟྲ་ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་ཛཿཧཱུྃ་བཾ་ཧོ༔ ཞེས་དང་དབྱངས་གསལ་དག་པར་བཟླ༔ རྟེན་འབྲེལ་སྙིང་པོའི་སྔགས་བཟླས་པས༔ དེ་ལས་བྱུང་བའི་འོད་ཟེར་གྱིས༔ ལྕེ་ཡི་སྔགས་ཕྲེང་ཀུན་ལ་ཁྱབ༔ བྱིན་ནུས་འབྲལ་མེད་བརྟན་པར་བསམ༔ འདི་ལྟ་བུ་ཡི་མན་ངག་གིས༔ ངག་གི་ཉེས་པའི་སྐྱོན་ཀུན་བྱང༔ སྔགས་ཀྱི་བྱིན་རླབས་རྒྱུད་ལ་འཇུག༔ སྔགས་གཅིག་བཟླས་པས་ཐམས་ཅད་འགྲུབ༔ ནུས་པ་འཕེལ་ཞིང་བརྟན་པར་འགྱུར༔ གཞན་ཡང་སྔགས་ ཨཨཨཊཊ འདི་ལེགས་པར་བྲིས༔ བདུད་རྩི་བྱུགས་ཤིང་རྩ་གསུམ་གྱི༔ གསུང་གི་ངོ་བོར་རབ་ཏུ་གནས༔ ཁོང་དུ་མིད་ལ་
སྔགས་གཅིག་བཟླས༔ འབུམ་དུ་འཕེལ་བའི་མན་ངག་ཡིན༔ དེ་ནས་ཁྲུས་ཀྱི་བྱ་བ་ནི༔ ལེགས་པར་བསྒྲུབས་པའི་བུམ་ཆུ་འམ༔ བདུད་རྩི་དང་སྦྱར་ཆུ་གཙང་མར༔ ཆོས་ཉིད་རྣམ་དག་སྔགས་ཀྱིས་བཏབ༔ ངོ་བོ་རྡོ་རྗེ་མ་མཱ་ཀི༔ རྣམ་པ་ཡེ་ཤེས་བདུད་རྩིའི་རྒྱུན༔ བྱེད་ལས་སྒོ་གསུམ་དྲི་མ་སྦྱང༔ ཡེ་ཤེས་བསྐྱེད་པའི་ནུས་ལྡན་བསམ༔ བཾ་བཛྲ་མ་མཱ་ཀི་ཨ་མྲྀཏ་ཀུནྜ་ལི་བཾ༔ རྣམ་པར་འཇོམས་པའི་གཟུངས་ཀྱང་བཟླ༔ བཀྲུ་ཞིང་འཐོར་འཐུང་བྱས་པ་ཡིས༔ སྒོ་གསུམ་སྡིག་སྒྲིབ་དག་པར་བསམ༔ ཡེ་ཤེས་རྒྱུད་ལ་འཕེལ་བའི་ཕྱིར༔ ཤ་ལྔ་བདུད་རྩིའི་རིལ་བུ་འམ༔ ཕྱེ་མ་མཐེབ་སྲིན་སྦྱོར་བས་མྱོང༔ ཨོཾ༔ ལུས་རྩ་ཁམས་ཀྱི་རང་བཞིན་ལ༔ དམ་ཚིག་བདུད་རྩི་གདོད་ནས་གྲུབ༔ ཡེ་ཤེས་བདུད་རྩི་དབྱེར་མེད་ཐིམ༔ བྱིན་རླབས་ནུས་སྟོབས་དཔལ་དུ་འབར༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་བཛྲ་ཨ་མྲྀཏ་ཧཱུྃ་ཧྲཱིཿཋ༔ བདུད་རྩིས་ལུས་གང་བདེ་བས་མྱོས༔ སྒྲིབ་དག་བྱིན་ནུས་རྟོགས་པ་འབར༔ དྭངས་མ་སྙིང་དབུས་ཐིག་ལེར་ཐིམ༔ ཧེ་རུ་ཀ་དང་དབྱེར་མེད་བསམ༔ འདིས་ནི་དམ་ཚིག་ཉམས་ཆག་སྐོང༔ ལྷ་སྔགས་ཏིང་འཛིན་ནུས་པ་འཕེལ༔ ནད་རིམས་བགེགས་ཀྱིས་མི་ཚུགས་ཤིང༔ རྩ་གསུམ་
ལྷ་ཡིས་བྱིན་བརླབས་འགྱུར༔ ཐུན་མཚམས་ཚོགས་ཀྱི་མཆོད་པ་དང༔ ཁྱད་པར་རྒྱུན་གྱི་མེ་མཆོད་ཀྱིས༔ སྔགས་ཀྱི་ལྷག་ཆད་ཉེས་པ་སྦྱང༔ ནུས་པའི་རྩལ་ཁ་རྒྱས་པའི་ཕྱིར༔ ཞི་བའི་ཐབ་བམ་ཅི་རིགས་མེ༔ ཏིལ་དང་ཟས་མཆོག་ལ་སོགས་བཤམས༔ ཨོཾ་ཨཱཿཧཱུྃ༔ མེ་ཉིད་གདོད་ནས་གོས་དཀར་མོ༔ རྣམ་པ་ཡེ་ཤེས་འབར་བའི་དབུས༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀུན༔ ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར༔ དམ་ཚིག་ཡེ་ཤེས་དབྱེར་མེད་པ༔ བདེ་ཆེན་གཟི་བྱིན་འབར་བར་བཞུགས༔ བདག་གི་སྡིག་སྒྲིབ་ཉེས་ལྟུང་དང༔ ཁྱད་པར་སྔགས་ཀྱི་ལྷག་ཆད་སོགས༔ རྡོ་རྗེའི་དམ་ལས་འགལ་བ་རྣམས༔ སྣ་སྒོའི་རླུང་དང་ལྷན་ཅིག་པར༔ རྫས་ལ་ཐིམ་ཞིང་བདུད་རྩིར་བསྒྱུར༔ ལྷ་རྣམས་ཞལ་དུ་ཕུལ་བ་ཡིས༔ ཡེ་ཤེས་མཆོག་གི་དགྱེས་པ་བསྐྱེད༔ ཉེས་ལྟུང་ཐམས་ཅད་བསྲེག་པར་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་པས་ཏིལ་འབྲུ་ཅི་རིགས་འབུལ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ སྒྲུབ་པ་པོ་ཡི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ སླར་ཡང་ཟས་མཆོག་འབྲུ་སྨན་སོགས༔ བདུད་རྩིའི་རང་བཞིན་ཕུལ་བ་ཡིས༔ ཟག་མེད་བདེ་བས་དགྱེས་པའི་འོད༔ ཉི་
མ་འཆར་ཁའི་མདངས་ལྟ་བུ༔ བདག་གི་རྒྱུད་ལ་ཞུགས་པ་ཡིས༔ སྔགས་ཀྱི་ཡེ་ཤེས་རྒྱས་པར་བསམ༔ རྩ་གསུམ་སྔགས་དང་སྤེལ་ཚིག་ནི༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ སྒྲུབ་པ་པོའི་ཚེ་བསོད་དཔལ་འབྱོར་སྔགས་ཀྱི་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཇི་ལྟར་རིགས་པ་ཕུལ་བའི་མཐར༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀུན༔ རླུང་གི་སྦྱོར་བས་དྲངས་པ་ལས༔ ལྟེ་བའི་མེ་དང་གཉིས་མེད་གྱུར༔ དེ་ལས་འབར་བའི་མེ་འོད་ཀྱིས༔ རྩ་ཁམས་སྙིགས་མ་ཐམས་ཅད་བསྲེགས༔ དྭངས་མ་བདེ་ཆེན་བདུད་རྩིར་ཞུ༔ ཕུང་ཁམས་སྐྱེ་མཆེད་དཀྱིལ་འཁོར་ཀུན༔ ཟག་མེད་བདེ་བས་དགྱེས་པར་བསམ༔ དབྱིངས་རིག་ཟུང་འཇུག་དགོངས་པ་བསྐྱང༔ ཕྱི་ནང་དོན་གྱི་མེ་མཆོད་འདི༔ སྒྲུབ་པའི་རིམ་པ་ཀུན་ལ་གཅེས༔ སྐབས་སུ་བདུད་རྩིའི་མཆོད་པ་བཤམས༔ སྨན་རཀ་གཏོར་མའི་མཆོད་པ་འབུལ༔ ཕྲིན་ལས་རིམ་པའི་བྱིན་འབེབ་སོགས༔ དབྱངས་དང་རོལ་མོར་བཅས་ཏེ་བྱ༔ ཤ་ལྔ་བདུད་རྩི་ལྔ་ལ་སོགས༔ དམ་ཚིག་རྫས་ཀྱི་དུད་པ་བཏང༔ ཛཔ྄་དབྱངས་བྱ་ཞིང་ལྟ་གདིང་བསྐྱེད༔ ཉམས་འབར་བྱིན་བརླབས་ལྟས་བྱུང་ན༔ རྒྱུན་གྱི་དངོས་གྲུབ་གསོལ་བས་བླང༔ མདོར་ན་ཐབས་ཀྱི་རིམ་པ་ལ༔ ནམ་ཡང་ཁྱད་དུ་མི་གསོད་ཅིང༔ ཤེས་རབ་ཟབ་མོའི་ལྟ་
གདིང་གིས༔ བདེན་གཉིས་ཟུང་འཇུག་ཆེན་པོའི་ངང༔ ལྷ་དང་བླ་མ་དབྱེར་མེད་པར༔ མོས་གུས་དམ་ཚིག་སྲོག་བཟུང་ན༔ རྡོ་རྗེའི་ལམ་གྱི་བོགས་བསྐྱེད་ཀུན༔ དབྱར་གྱི་ཆར་བཞིན་རྒྱས་པར་ངེས༔ ས་མ་ཡ༔ དེ་ལྟར་ཡིད་གཡེང་ཀུན་སྤངས་ནས༔ བསྐྱེད་པ་ལྷ་ཡི་གསལ་སྣང་དང༔ བཟླས་པ་སྔགས་ཀྱི་སེམས་འཛིན་དང༔ འོད་ཟེར་སྤྲོ་བསྡུས་རྩལ་སྦྱང་དང༔ དགོངས་པ་མི་གཡོའི་གདིང་བཅས་པས༔ རྩེ་གཅིག་ཉམས་སུ་བླངས་པ་ལས༔ རྟགས་དང་མཚན་མ་ཅིར་ཡང་འབྱུང༔ རབ་ལ་རིག་འཛིན་ལྷ་ཞལ་མཐོང༔ གསུང་ཐོས་ཐུགས་ཀྱི་ཡེ་ཤེས་འཆར༔ དཀྱིལ་འཁོར་སྒྲུབ་རྫས་འོད་ཟེར་འཕྲོ༔ བདུད་རྩི་ཁོལ་ཞིང་རཀྟ་འཕྱུར༔ གཏོར་མར་བདུད་རྩིའི་ཟིལ་པ་འབེབ༔ བྷནྡ་འཕར་ཞིང་བྲིས་སྐུ་བཞད༔ སྤོས་དང་མར་མེ་ཡུན་དུ་འཚོ༔ ཁྱད་པར་ལུས་སེམས་ཤིན་སྦྱོང་སྐྱེ༔ རྣམ་སྨིན་རིག་འཛིན་ཐོབ་པར་འགྱུར༔ འབྲིང་དུ་དེ་རྣམས་ཉམས་སུ་འཆར༔ ལྷ་དང་བླ་མ་དབྱེར་མེད་པར༔ དད་དང་ངེས་ཤེས་ལྷག་པར་འགྱུར༔ རྩེ་གཅིག་སྒྲུབ་ལ་སྤྲོ་བ་དང༔ ལུས་བདེ་ངག་ལ་ནུས་པ་འབྱུང༔ སེམས་ལ་མི་རྟོག་ཡེ་ཤེས་རྙེད༔ ཟབ་མོའི་ལམ་འདི་ཁོ་ན་ལས༔ མི་ལྡོག་ངེས་ཤེས་བརྟན་པོ་འཆར༔ ཐ་མ་རྨི་ལམ་གནས་སྐབས་
སུ༔ ལྷ་སྐུའི་གཟུགས་བརྙན་མཐོང་བ་དང༔ བླ་མ་མཇལ་ཞིང་གདམས་ངག་གནང༔ སེང་གེ་གླང་ཆེན་རྟ་མཆོག་ཞོན༔ ཤ་ཆེན་བདུད་རྩི་རོ་ལྡན་བཏུང༔ མཁའ་འགྲོའི་ཚོགས་ཀྱི་རྩེ་དགས་སྤྱོད༔ ཉམས་དགའ་ཞིང་དང་གནས་ཡུལ་བགྲོད༔ དེ་སོགས་མཆོག་གི་ལྟས་སུ་ཤེས༔ ཉི་ཟླ་ཤར་དང་གཏེར་ཆེན་རྙེད༔ རྩི་ཤིང་ལོ་ཏོག་མེ་ཏོག་བཞད༔ ཆུ་བོ་ཡིད་འོང་འཕེལ་བ་སོགས༔ ཚེ་དང་བསོད་ནམས་རྒྱས་པའི་རྟགས༔ ནམ་མཁར་འཕུར་དང་ས་འོག་བགྲོད༔ དྭངས་པའི་ཤེལ་དང་ནོར་བུ་རྙེད༔ འཇའ་འོད་མེ་ཏོག་ཆར་འབེབ་སོགས༔ ཡེ་ཤེས་རྒྱས་པའི་རྟགས་སུ་བཤད༔ ཁྲུས་བྱས་ལུས་ལས་རྣག་ཁྲག་དང༔ མི་གཙང་སྲོག་ཆགས་འཇིགས་པ་ཐོན༔ གོས་དཀར་དྲི་མེད་བགོས་པ་སོགས༔ ནད་གདོན་སྡིག་སྒྲིབ་ཞི་བའི་རྟགས༔ སྐྱེ་བོས་འདུད་ཅིང་འདོད་ཡོན་འབུལ༔ གོས་དང་མེ་ཏོག་དམར་པོས་བརྒྱན༔ རྔ་རོལ་པི་ཝཾ་དབྱངས་སྙན་འཁྲོལ༔ ལེགས་ཚོགས་དབང་འདུས་ལྟས་སུ་བཤད༔ ཉམ་ངའི་འཕྲང་དང་གཡུལ་ལས་ཐར༔ གོ་བགོས་མཚོན་ཐོགས་རྫོང་བཙན་བཟུང༔ སྲོག་ཆགས་བསད་དང་རི་བསིལ་སོགས༔ སྲུང་དང་དྲག་པོའི་ལས་འགྲུབ་རྟགས༔ དེ་སོགས་རྟགས་མཚན་ཅི་བྱུང་ཡང༔ ལྷ་དང་བླ་མ་གདམས་ངག་ལ༔
ངེས་ཤེས་དད་པ་གོང་དུ་སྤེལ༔ ང་རྒྱལ་རློམས་སེམས་དགའ་བྲོད་སྤང༔ ཆོས་ཉིད་སྒྱུ་མའི་ངང་དུ་སྤྱོད༔ དེ་ལྟའི་རྟགས་ཀྱི་རིམ་པ་ཡང༔ ནུས་ལ་ལྟོས་ན་དབང་པོ་རབ༔ ཟླ་བ་དྲུག་གིས་བརྟན་པ་ཐོབ༔ རྣམ་པར་སྨིན་པའི་དྲོད་ཚད་རྙེད༔ འབྲིང་ལ་བསྐྱར་ཏེ་བསྒྲུབ་པ་ཡིས༔ ཟླ་བ་བཅུ་གཉིས་བར་དུ་སྟེ༔ ཐ་མ་སྤོག་ཆོག་དང་བཅས་པའི༔ ཟླ་བ་བཅོ་བརྒྱད་རྩེ་གཅིག་ཏུ༔ བསྒྲུབས་ན་ངེས་པར་འགྲུབ་པ་ཡིན༔ མཚན་མ་ཐོབ་མིན་ཇི་ལྟར་ཡང༔ གྲངས་ཀྱི་ངེས་པས་བསྙེན་པ་ལ༔ དགོངས་བརྒྱུད་བདེ་གཤེགས་འབུམ་ཕྲག་བཞི༔ བརྡའ་བརྒྱུད་སོ་སོར་དེའི་བཞི་ཆ༔ དཀྱིལ་འཁོར་བདག་པོའི་འབྲུ་འབུམ་སྟེ༔ གསང་མཚན་སུམ་ཆར་ཤེས་པར་བྱ༔ འཁོར་གྱི་རིག་འཛིན་འབུམ་ཕྲག་བཟླ༔ སྙན་བརྒྱུད་སྤྱི་དྲིལ་འབུམ་བཞི་འོ༔ ཕྲིན་ལས་དུས་གནད་དང་སྦྱར་ནས༔ ཞག་བདུན་ཐུན་བཞིའི་རིམ་པས་བསྒྲུབ༔ དེ་ལྟར་ལེགས་པར་ཐེམས་པ་ཡིས༔ བསྙེན་སྒྲུབ་བྱིན་ནུས་ལྡན་པ་དང༔ རང་གཞན་དོན་གཉིས་བསྒྲུབ་ལ་དབང༔ སྤྱིར་ནི་བསྙེན་སྒྲུབ་ཟབ་མོ་འདིར༔ འབྲེལ་བ་སྣ་རེ་ཐོགས་པས་ཀྱང༔ ཚེ་འདིར་མི་མཐུན་ཕྱོགས་ཀུན་ཞི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་འཕེལ༔ ཟབ་གསང་སྙིང་པོའི་བསྟན་པ་དར༔ ཕྱི་མར་རྔ་ཡབ་སྤྲུལ་
པའི་ཞིང༔ རིག་པ་འཛིན་པའི་གཟུགས་གྱུར་ཏེ༔ མྱུར་དུ་བྱང་ཆུབ་འགྲུབ་པར་འགྱུར༔ དེ་ཕྱིར་པདྨའི་སྔགས་རྒྱུད་རྣམས༔ འདི་ཉིད་ཐུགས་དམ་སྙིང་པོར་དྲིལ༔ རང་གཞན་དོན་གཉིས་འགྲུབ་པར་ངེས༔ ས་མ་ཡ༔ དེ་ལྟར་བུ་ཡི་བསྙེན་སྒྲུབ་ལ༔ རྟགས་དང་དུས་ཀྱི་རིམ་པ་འམ༔ གྲངས་ཀྱི་བཟླས་པ་མཐར་ཕྱིན་ནས༔ གནས་དུས་འཁོར་རྫས་ཚོགས་པ་ན༔ སྒྲུབ་པའི་ལས་རིམ་ཚུལ་བཞིན་བྱ༔ དངོས་གྲུབ་ཆེན་པོ་རྒྱས་པར་བླངས༔ དེ་ཙམ་སྤྲོས་པས་མི་ནུས་ན༔ ཚོགས་དང་མཆོད་པ་དཔུང་བསྐྱེད་འབུལ༔ ལས་གཞུང་རྒྱས་པར་བསྲངས་ནས་ཀྱང༔ རྡོ་རྗེ་སྲིན་པོའི་ནམ་ལངས་དུས༔ དངོས་གྲུབ་བླང་བའི་ཆོ་ག་བྱ༔ ཐོག་མར་ཚེ་ཡི་བཟླས་པ་དང༔ རིག་འཛིན་ལྷ་ཚོགས་ཐུགས་དམ་བསྐུལ༔ ཚེ་དང་ཡེ་ཤེས་བཅུད་རྣམས་ཀུན༔ དངོས་གྲུབ་རྫས་ལ་ལྷག་པར་ཐིམ༔ ཚོགས་ཀྱི་འཁོར་ལོ་ཚུལ་བཞིན་བསྐོར༔ དངོས་གྲུབ་བར་ཆད་རྒྱང་རིང་བསྐྲད༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ༔ ནམ་མཁའ་གང་བའི་རྩ་གསུམ་ལྷ༔ དགྱེས་པ་ཆེན་པོའི་ཐུགས་ཀ་ནས༔ འོད་འཕྲོས་བླ་མ་ཡི་དམ་དང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༔ མཆོག་དང་ཐུན་མོང་དངོས་གྲུབ་དབྱིག༔ འཁོར་
འདས་བརྟན་གཡོའི་དྭངས་བཅུད་ཀུན༔ བདུད་རྩི་འོད་ཟེར་ལྔ་ལྡན་གྱི༔ རྣམ་པས་བསྒྲུབ་རྫས་ཀུན་ལ་ཐིམ༔ དངོས་གྲུབ་ཀུན་གྱི་དཔལ་དུ་བསམ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་མ་ཧཱ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་སིདྡྷིཕ་ལ་ཧཱུྃ་ཨཱ༔ ཀཱ་ཡ་ཝ་ཀཱ་ཙིཏྟ་གུ་ཎ་ཀརྨ་ཛྙཱ་ན་ལོ་ཀ་སརྦ་སིདྡྷི་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཏིང་འཛིན་གསལ་བས་ཅི་རིགས་བཟླ༔ མཆོད་བསྟོད་འཁོན་གཅུགས་ཉམས་ཆག་བཤགས༔ སླར་ཡང་ཐུགས་དམ་གནད་ནས་བསྐུལ༔ ཧཱུྃ་ཧཱུྃ༔ ཡེ་ཤེས་འཁོར་ལོ་རྩ་གསུམ་རབ་འབྱམས་ལྷ༔ རྟག་རྒྱུན་རང་བཞིན་དགོངས་པ་མཐའ་ཀླས་པ༔ ཐུགས་དམ་གནད་ནས་བསྐུལ་འདེབས་མི་འཚལ་ཡང༔ བདག་ཅག་འདོད་གདུང་དྲག་པོའི་གསོལ་འདེབས་ན༔ སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ནས༔ ཡེ་ཤེས་ཐུགས་རྗེའི་གཟི་བྱིན་ལྷག་པར་སྐྱེད༔ ཁམས་གསུམ་ཡོངས་སྒྲོལ་བདེ་ཆེན་བརྟུལ་ཞུགས་ཀྱིས༔ མཆོག་ཐུན་དངོས་གྲུབ་ད་ལྟ་མྱུར་དུ་སྩོལ༔ སྤྱི་དྲིལ་གྱི་སྔགས་མཐར༔ མ་ཧཱ་བཛྲ་ས་མ་ཡ་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ བཛྲ་ས་མ་ཡ་སཏྭཾ༔ ཞེས་བསྐུལ་རཀྟས་གཟི་བྱིན་བསྐྱེད༔ ཧཱུྃ་ཧཱུྃ༔ ཁམས་གསུམ་འཁོར་བ་ཆོས་ཉིད་ཀློང་དུ་བསྒྲལ༔ སོ་སོར་རྟོག་པའི་རཀྟ་དམར་འོད་འཁྱིལ༔ བདེ་མཆོག་བདེ་སྤྱོད་མཆོད་པ་འདི་བཞེས་ལ༔ དངོས་གྲུབ་ཆེན་པོའི་གཟི་བྱིན་བསྐྱེད་
དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་སིདྡྷི་ཏེ་ཛ་ས་མ་ཡ་སཏྭཾ༔ བདག་ཉིད་རང་འོད་རིག་མ་དང༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ བདུད་རྩིའི་བཅུད་དང་དབྱེར་མེད་བསམ༔ ཛ་གད་དཔའ་བོའི་ཕུད་ཀྱིས་མཆོད༔ ཧཱུྃ་ཧྲཱི༔ བདག་ཉིད་ཡབ་ཡུམ་སྣང་སྟོང་ཐབས་ཤེས་སྦྱོར༔ རྡོ་རྗེ་པདྨ་སྦྱོར་ཞིང་སྐྱོད་པ་ཡིས༔ བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁའ་ལ་འཁྱིལ༔ ཛ་གད་བདེ་ཆེན་ཕུད་ཀྱི་མཆོད་པ་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སརྦ་མཎྜ་ལ་ས་པ་རི་བཱ་ར་མ་ཧཱ་ཨ་མྲྀཏ་ཛ་གད་པཱུ་ཛ་ཧོ༔ མ་ཧཱ་སིདྡྷི་སུ་ཁཾ་ས་མ་ཡ་སཏྭཾ༔ སྦྱོར་བའི་དམ་ཚིག་ཆེན་པོ་ཡིས༔ ཐུགས་དམ་གནད་ནས་བསྐུལ་བ་ལས༔ ནམ་མཁར་བཞུགས་པའི་རྩ་གསུམ་ལྷ༔ མཆོག་ཏུ་མི་འགྱུར་བདེ་བས་མཉེས༔ དམ་ཚིག་སྐོང་ཞིང་ཡེ་ཤེས་བསྐྱེད༔ སྙོམས་ཞུགས་བདེ་སྟོང་ངོ་བོར་ཞུ༔ མདུན་རྟེན་ལྷ་དང་དབྱེར་མེད་ཐིམ༔ འོད་ཟེར་རབ་ཏུ་འབར་བཞིན་པས༔ དངོས་གྲུབ་མཐའ་དག་སྩོལ་བ་ལ༔ ངོ་མཐོན་ཚུལ་དུ་བཞུགས་པར་བསམ༔ སྐུལ་ཚིག་རྒྱས་བསྡུས་གང་རུང་གིས༔ སྐུ་གསུང་ཐུགས་རྟེན་གནས་གསུམ་རེག༔ ཡོན་ཏན་གཏོར་མ་ལྟེ་བར་བཞག༔ ཕྲིན་ལས་དངོས་གྲུབ་དམ་རྫས་མྱོང༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་
དང༔ ཐུན་མོང་མཆོག་གི་སིདྡྷི་རྣམས༔ སྟན་ཐོག་གཅིག་ཏུ་ཐོབ་པར་བསམ༔ རྟེན་རྣམས་བླ་རྡོར་འབྲལ་མེད་འཆང༔ ཛཔ྄་དབྱངས་བྱ་ཞིང་ཉམས་རྟོགས་སྤར༔ ལྷ་དང་སྒྲུབ་རྫས་སྒྲུབ་པ་པོ༔ དབྱེར་མེད་ཐིག་ལེ་གཅིག་ཏུ་འདྲེས༔ ཡེ་ཤེས་ཆེན་པོའི་སྲོག་ཐོབ་མོས༔ མ་བཅོས་གཉུག་མའི་ངང་དུ་བཞག༔ ལྷག་མ་ལ་སོགས་རྗེས་ཀྱི་རིམ༔ ཕྲིན་ལས་གཞུང་ལྟར་མཐར་དབྱུང་ངོ༔ ས་མ་ཡ༔ དེ་ལྟར་དངོས་གྲུབ་བླངས་ནས་ཀྱང༔ སྔགས་ཀྱི་ལྷག་ཆད་ལ་སོགས་པའི༔ བསྙེན་བསྒྲུབ་ཉམས་ཆག་ཞི་བ་དང༔ ནུས་པ་འཕེལ་ཞིང་བརྟན་པའི་ཕྱིར༔ ཞི་རྒྱས་སྲེག་བླུགས་ཅི་མང་འབུལ༔ གནས་དང་རྣལ་འབྱོར་བཀྲ་ཤིས་སླད༔ རེ་ཞིག་སྒྲུབ་པའི་ཁང་པ་རུ༔ ཕྲིན་ལས་གཞུང་བསྲང་ཚོགས་མཆོད་འབུལ༔ རྒྱལ་ཆེན་རྣམས་ལ་གཏང་རག་བྱ༔ གཤེགས་སུ་གསོལ་ཞིང་ཤིས་པ་བརྗོད༔ དམ་ཚིག་ལྡན་པའི་མཆེད་གྲོགས་སོགས༔ རིམ་གྱིས་འཕྲད་ལ་ཁད་ཀྱིས་གྲོལ༔ དབེན་ཞིང་ཉམས་དགའི་སྨན་ཚལ་དུ༔ ལྗོངས་རྒྱུ་བྱ་ཞིང་དགའ་སྟོན་སྤྱད༔ ཁམས་ཀྱི་དུབ་པ་བསལ་བ་དང༔ ཡུལ་གྱི་བདུད་རྩི་བསྟན་པ་ཡིས༔ ཉམས་དང་རྟོགས་པའི་བོགས་ཀྱང་དབྱུང༔ ཁྱད་པར་དུས་དང་རྣམ་པ་
ཀུན༔ བསྙེན་བསྒྲུབ་ཟབ་མོ་ཐེམས་ཕྱིན་ཆད༔ རབ་ཀྱི་ཉིན་མཚན་ཐུན་བཞི་འམ༔ ཐ་མ་ཐུན་རེ་མ་ཆག་པར༔ ཕྲིན་ལས་རྒྱས་བསྡུས་གང་རུང་ངམ༔ རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ༔ ཟབ་མོའི་ལམ་འདི་ཁོ་ན་ལས༔ བྱང་ཆུབ་སྒྲུབ་པའི་གཡར་དམ་བཟུང༔ རང་རྒྱུད་སྨིན་ནས་གཞན་གྱི་དོན༔ དབང་བསྐུར་བསྐྱེད་རྫོགས་མན་ངག་བསྟན༔ འབྲེལ་ཚད་པདྨ་འོད་དུ་གྲོལ༔ ཚོམ་བུ་ཚོགས་ཀྱི་བསྒྲུབ་པ་བྱ༔ ཚེ་འདིར་དངོས་གྲུབ་རྣམ་གཉིས་ཐོབ༔ རྒྱུན་དང་དུས་ཀྱི་མཆོད་པར་འབད༔ ཆུ་བོ་བཞི་ཡི་རྒྱུན་འབེབས་ཤིང༔ ཡེ་ཤེས་ཀློང་དགུའི་རྩལ་ཆེན་རྫོགས༔ སྙིང་པོའི་བསྟན་པའི་བཙས་ཆེན་འགྱུར༔ དེ་ཕྱིར་རང་སྨིན་གཞན་ཡང་སྨིན༔ རང་གཞན་དོན་ཀུན་འདིས་འགྲུབ་འགྱུར༔ ས་མ་ཡ༔ དེ་ལྟར་རིག་འཛིན་ཡོངས་རྫོགས་ཀྱི༔ ཛཔ྄་ཀྱི་པྲ་ཁྲིད་བཀོལ་བྱང་འདི༔ རྒྱུད་དང་མི་འགལ་ལུང་དང་མཐུན༔ མན་ངག་ཀུན་གྱི་སྙིང་པོའི་བཅུད༔ ཁ་ཚང་དོན་འགྲིལ་ལག་ལེན་བདེ༔ པདྨ་བདག་གི་ཐུགས་ཁྲག་ཏེ༔ མ་འོངས་སྐལ་ལྡན་རྣམས་ཀྱི་དོན༔ སྔོན་ཆད་གཞན་དུ་མ་བསྟན་པར༔ དེང་འདིར་ལོ་ཙཱ་ཆེན་པོར་གདམས༔
ནམ་ཞིག་ཁ་བ་ཅན་ལྗོངས་འདིར༔ སྒྲུབ་བརྒྱུད་རྟོག་གེའི་ཕྱི་བཞིན་འབྲང༔ བཤད་པས་སྒྲུབ་པའི་ལད་མོ་བྱེད༔ བསྙེན་སྒྲུབ་རྣམ་བཞིའི་སྲོག་རྩ་བཅད༔ གྲུབ་རྟགས་སྣ་རེ་ཐོན་པ་ཉུང༔ རང་ཉིད་བློ་སྣ་མང་བའི་དུས༔ རིག་འཛིན་བརྒྱུད་པ་མ་ཟིན་པར༔ ཆོས་དང་བླ་མར་འཁང་ར་བྱེད༔ དངོས་གྲུབ་ཐན་སྤྲིན་བཞིན་དུ་ཡལ༔ དེ་ཚེ་ད་ལྟའི་སྨོན་ལམ་མཐུས༔ མངའ་བདག་ཡབ་སྲས་ལོ་ཙཱ་ཆེ༔ འགྲོ་འདུལ་སྒྱུ་མའི་སྐྱེས་བུར་ཤར༔ དེ་དུས་ད་ལྟའི་གདམས་པ་ནི༔ སྨོན་ལམ་དབང་གིས་ལག་ཏུ་སོན༔ བྱིན་རླབས་སྟོབས་ཀྱིས་གཏན་ལ་འབེབས༔ ཐུགས་བསྐྱེད་ཟབ་མོས་བོད་ཁམས་ཀུན༔ ཕན་བདེའི་ཕྲིན་ལས་རྒྱས་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པས་ལྷ་མདོ་འབུར་མོ་བདེ་ཆེན་པདྨ་བཀོད་ནས་དངོས་གྲུབ་ཏུ་ཐོབ་པའོ།། །།