Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུ་རུ་ཀུལླེའི་སྒྲུབ་ཐབས། 
   
   
   
   
   
   
   


 
previousཀུ་རུ་ཀུལླེའི་སྒྲུབ་ཐབས།next

ཀུ་རུ་ཀུལླེའི་སྒྲུབ་ཐབས།


DTG075_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཀུ་རུ་ཀུལླཱ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་ཡི་གེ་ཧྲཱིཿ་ལས་བྱུང་བའི་ཨུཏྤལ་དམར་པོའི་དབུས་ན་ཡི་གེ་ཧྲཱིཿ་གནས་པར་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་འཕགས་མ་ཀུ་རུ་ཀུལླེ་སྟེ། སྐུ་མདོག་དམར་པོ་པདྨ་དང་ཟླ་བ་དམར་པོའི་གདན་ཅན། འོད་ཟེར་དམར་པོ་ཁོར་ཡུག་ཏུ་འཁྱིལ་བ། ཁ་དོག་དམར་པོ་རྣམ་པ་སྣ་ཚོགས་པའི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ། དབུ་རྒྱན་སྣང་བ་མཐའ་ཡས་ཏེ། ཕྱག་བཞི་མ། རྩ་བའི་ཕྱག་གཉིས་ཀྱིས་ཨུཏྤལ་དམར་པོའི་མདའ་མདེའུ་དང་རྣ་བའི་མཐར་ཐུག་པར་འཐེན་པས་རྣམ་པར་མཛེས་པའི་མེ་ཏོག་གི་གཞུ་བསྣམས་པའོ། །གཡོན་པས་སྡོང་བུ་དང་བཅས་ཤིང་ཁ་བྱེ་བའི་ཨུཏྤལ་དམར་པོ་བསྣམས་པའོ། །གཡས་པས་ནི་མཆོག་སྦྱིན་པའོ། །ཆེར་འཇོ་ཞིང་སྒེག་པའི་ཉམས་ཀྱིས་འགྱུར་ལྡོག་དང་ལྡན་པར་དམིགས་ལ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། རང་གི་ལུས་ཀྱི་འོད་ཟེར་སྤྲོས་པའི་ལྕགས་ཀྱུས་དྲངས་པའི་ལྷ་དང༌། ལྷ་མ་ཡིན་དང་བྱ་ཁྱུང་དང༌། མི་


DTG075_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། གནོད་སྦྱིན་དང༌། སྐྱེས་པ་དང་བུད་མེད་ཀྱི་ཚོགས་བརྒྱ་ཕྲག་དང༌། སྟོང་ཕྲག་ལ་སོགས་པ་རྣམས་ལུས་རབ་ཏུ་འདུད་པར་བྱེད་ཅིང༌། ཤིན་ཏུ་གུས་པ་དང་ལྡན་པས་མཆོག་ཏུ་དབང་དུ་གྱུར་པས་ཕྱོགས་བཅུ་རྣམས་སུ་ལེགས་པར་ལྟ་བལྟ་བར་བྱ་ཞིང༌། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿ་སྭཱ་ཧཱ། བྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། འབུམ་ཕྲག་ནས་བརྩམས་ནས་ཇི་སྲིད་མཐར་ཐུག་པ་མེད་པས་བཅོམ་ལྡན་འདས་མ་མངོན་དུ་བྱ་བའོ། །དེ་ནས་འགའ་ཞིག་དབང་དུ་བྱེད་པར་འདོད་པས་བཟླས་པ་འབུམ་ཕྲག་བྱས་ཤིང་ཇི་སྐད་དུ་བཤད་པའི་རྣལ་འབྱོར་ལ་གནས་ཏེ། གུས་པས་རབ་ཏུ་འདུད་པར་བྱེད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་གནས་པའི་བདག་ཉིད་ཀྱི་ལུས་ཀྱི་འོད་ཟེར་གྱིས་དྲངས་པའི་བསྒྲུབ་བྱ་མདུན་དུ་ལེགས་པར་བཞག་ལ། རང་གི་སྙིང་གར་ཨུཏྤལ་དམར་པོ་འདབ་མ་བཅུ་དྲུག་པ་དེའི་སྙིང་ལ་ཡང་རྣམ་པར་བསམས་ཏེ། འཕགས་པ་རྡོ་རྗེ་ལུས་མེད་ལས་བཤད་པའི་རིམ་པ་ལྟར་བྱུང་བ་དང་ལྕགས་ཀྱུ་བསྒོམས་པས་དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དང་པོར་ཀུན་ནས་མནན་ནས། དེ་བཞིན་དུ་མདས་སྙིང་ཕུག་ཅིང་ཆགས་པ་ཆེན་པོ་མོས་པར་གྱུར་པ་དང༌། གཞུས་རྒང་པ་གཉིས་དང་ཨུཏྤལའི་ཞགས་པས་ཀྱང་སྐེ་བ་བཅིངས་ཤིང་ཀུན་ནས་དྲངས་པས་རང་གི་རྐང་པ་གཉིས་ཀྱི་དྲུང་དུ་བསྒྱེལ་བར་བྱའོ། །གལ་ཏེ་སྐྱེས་པ་ཡིན་ན་ནི་ལྕགས་ཀྱུས་སྙིང་ཕུག་པར་བྱ་བའོ། །ཇི་སྟེ་བུད་མེད་ཡིན་ན་ནི་ཆོས་འབྱུང་ནས་སོ། །ཨོཾ་ཀུ་རུ་ཀུལླེ་ཆེ་གེ་མོ་འམ་ཆེ་གེ་མོ་ཡང་རུང་སྟེ་ཀུན་ནས་ཁུག་ཅིག་ཧྲཱིཿ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །བསྒྲུབ་བྱ་ཀུན་ནས་དྲངས་ལ་ཡང་སྔགས་ཉིད་ཀྱིས་དབང་དུ་གྱིས་ཤིག་ཅེས་བར་དུ་བཅུག་པས་བཟླས་པར་བྱའོ། །བརྒྱ་བཟླས་པས་ནི་ཐ་མལ་པའི་སྐྱེས་པ་དང༌། བུད་མེད་ཀྱི་ཚོགས་དང༌། རྒྱལ་པོ་དང༌། བློན་པོ་ཡང་དབང་དུ་འགྱུར་རོ། །ཁྲིས་ནི་སྐྱེ་དགུའི་འཇིག་རྟེན་པ་རྣམས་སོ། །འབུམ་གྱིས་ནི་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས་ནི་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་ངོ༌། བྱེ་བས་ནི་བྱ་ཁྱུང་དང་རབ་བརྟན་ལ་སོགས་པའི་ལྷའི་བུད་འགྲོ་རྣམས་དང༌། ཐ་མལ་པའི་དུད་འགྲོ་
རྣམས་ཀྱང་ངོ༌། །དུས་རིང་པོར་གུས་པ་དང་བཅས་ཤིང་རྒྱུན་མི་ཆད་པས་མཐའ་ཡས་པར་བཟླས་པས་ནི་ས་གསུམ་ཀ་ཡང་དབང་དུ་བྱེད་པར་འགྱུར་བ་ཡིན་ནོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ། །


previousཀུ་རུ་ཀུལླེའི་སྒྲུབ་ཐབས།next