གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བཅུ་དྲུག་པར་གནང་བའི་བཀའ་སློབ།གཞན་སྟོང་དབུ་མ་ཆེན་མོའི་བགྲོ་གླེང་ཐེངས་བཅུ་དྲུག་པར་གནང་བའི་བཀའ་སློབ། གསུང་བ་པོ། ཇོ་ནང་དགེ་བཤེས་དངོས་གྲུབ་དཔལ། ཟིན་བྲིས་པ། ཝ་ཤུལ་བསོད་ནམས་རྒྱས་པ། བསླབ་གསུམ་ནོར་གྱིས་ཕྱུག་པའི་དགེ་འདུན་འདུས་པ་རྒྱ་མཚོའི་སྙན་ལམ་དུ་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ང་རང་ལ་མཚོན་ན་སྐྱེས་སྟོབས་ཀྱི་ཤེས་རབ། སྦྱང་སྟོབས་ཀྱི་ཡོན་ཏན། ཕྱོགས་གང་གི་ཆ་ནས་དམན་པ་ཞིག་རེད། དེ་འདྲའི་རྒྱུ་མཚན་ལ་བསམ་བློ་བཏང་ན། ཁྱེད་གྲྭ་ཚང་འདུས་པ་རྒྱ་མཚོ་ལ་སློབ་གསོ་མ་ཟད། ཚིག་ཁ་ཤས་ཞུ་དགོས་ན། ཞུ་འོས་པ་ཞིག་དང་ཞུ་འཚམས་པ་ཞིག་མ་རེད། འོན་ཀྱང༌། དེང་སང་འཛམ་གླིང་རང་བཞིན་ནམ་དུས་རབས་ཉེར་གཅིག་པར་བསམ་བློ་བཏང་ན། མི་ཚང་མས་བསམ་ཚུལ་བཤད་ན། བཤད་ཆོག་པ་དང་བཤད་པའི་ཐོབ་ཐང་ངམ་ཁེ་དབང་ཡོད་པ་ཞིག་ཆགས་ཡོད་པ་རེད། དེས་ན་དེ་རིང་ང་རང་གི་བསམ་ཚུལ་ཉུང་བསྡུས་ཤིག་ཁྱེད་རྣམ་པར་ཞུ་འདོད་པ་ཡིན། དེ་རིང་གི་ཞུ་བྱ་དེ། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པའི་སྙིང་པོ་ལ་འབད་བརྩོན་བྱེད་དགོས། ཞེས་པའི་ཁ་བྱང་ཟེར་ན་འདྲ། གླེང་གཞི་ཞིག་གཏན་ཁེལ་བྱས་ཏེ་ཞུ་རྒྱུ་དེ་ཡིན།ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་དགོས་པ་ཡིན་ན། དང་པོ། ཐུགས་མཐུན་པ་དེ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང༌། ཐུགས་མཐུན་ཞེས་པ། དེང་སང་རང་རང་སོ་སོའི་ལས་འབྲས་དྲང་བདེན་དང༌། གནས་ལུགས་གཙིགས་སུ་བཟུང་ནས་གཞན་ལ་ཕན་མ་ཐོག་ན་གནོད་མི་བྱེད་རྒྱུ་དེ་རེད། དེ་ཡང༌། ལས་འབྲས་དང་མཐུན་པ། ཆོས་འདུལ་བའི་བཅའ་ཁྲིམས་དང་མཐུན་པ། འཇིག་རྟེན་མི་ཆོས་ཟེར་ན་འདྲ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ་ཞིག་གི་སྟེང་ནས་འགྲོ་དགོས་པ་རེད་མ་གཏོགས། "ཀུན་དང་མཐུན་པ་མི་ཆོས་ཀྱི་རྩ་བ།" ཞེས་པ་དེ། རྐུན་མ་དང་མཐུན་པ། གཡོ་སྒྱུ་ཁྲམ་གསུམ་དང་མཐུན་པ། ཆབ་སྲིད་ཀྱི་གཡོ་སྒྱུ་ཅན་དང་མཐུན་པ་ཞིག་ལ་གོ་བ་མ་རེད། དེས་ན་རང་རང་སོ་སོའི་རང་ཚུགས་མ་ཤོར་བའི་ངང་ནས། གནས་ལུགས་དང་དྲང་བདེན་གལ་ཆེན་རང་བཞིན་དུ་བཟུང་ནས་འགྲོ་དགོས་པ་རེད་མ་གཏོགས་མི་ཐམས་ཅད་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཡང་འཛམ་བུ་གླིང་འདིར་བྱོན་པ་རེད་ཏ། ཐམས་ཅད་དང་མཐུན་པ་ཞིག་མ་ཡོང་པ་རེད། ཁོང་ཐབས་ལ་མ་མཁས་པ་དང༌། བྱམས་སྙིང་རྗེ་མེད་པ་མ་རེད་ཏ། སེམས་ཅན་སོ་སོའི་ཁམས་དང་མོས་པ་སོ་སོ་བ་ཡིན་པ་དང༌། བསོད་ནམས་དང་སྨོན་ལམ་ཡོད་མེད་སྣ་ཚོགས་ཤིག་གིས་ཀུན་དང་མཐུན་པ་ཞིག་ཡོང་ཐབས་བྲལ་བ་རེད། སངས་རྒྱས་ཀྱིས་ནི་མི་མགུ་ན། །བདག་འདྲ་ངན་པའི་སྨོས་ཅི་དགོས། །ཞེས་རྒྱལ་སྲས་ཆེན་པོའི་གསུངས་པ་བཞིན། ང་རང་ལྟ་བུར་མཚོན་ན་ཐམས་ཅད་དང་མཐུན་པ་ཞིག་དགོས་བསམ་ཀྱང་དེ་ནི་སྟོང་བསམ་ཁོ་ན་མ་གཏོགས་ཀུན་དང་མཐུན་པ་ཞིག་ཆགས་ཡོང་བའི་ཐབས་ཡོད་པ་མ་རེད། འོན་ཀྱང༌། གོང་དུ་ཞུས་པ་ནང་བཞིན། གནས་ལུགས་དང་དྲང་བདེན། ལྷག་ཏུ་ང་ཚོ་རབ་བྱུང་བ་ཞིག་ལ་མཚོན་ན། ཆོས་འདུལ་བའི་བསྟན་པ་ཡང་སྙིང་དུ་བཟུང་དགོས་པ་གལ་ཆེན་པོ་རེད་བསམ། རང་གི་ངོས་ནས་བསམ་བློ་བཏང་ན་ད་སྔ་ཡན་ལ། ཆོས་བརྒྱུད་རིས་སུ་མེད་པའི་མཁས་དབང་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཞུས་ཏེ། གང་ལ་གང་འཚམས་ཀྱི་གཞུང་ལུགས་ལ་ཡང་བལྟས། ཆོས་བརྒྱུད་དག་ལ་རང་ནུས་གང་ཡོད་ཀྱིས་ཞབས་ཕྱི་བསྒྲུབས་ནས་ཡོང་བ་ཡིན་མ་གཏོགས། ཁ་རྐྱང་བ་ཙམ་གྱིས་མཐུན་སྒྲིལ་དང་རིས་མེད་ཟེར་ནས་ཞུས་པ་མེད། བྱ་བ་ཆེ་ཆུང་གང་བསྒྲུབ་ན། དེ་ལ་འགལ་ཟླ་ཟེར་ན་འདྲ། ལྡོག་ཕྱོགས་ཤིག་ཡོད་པ་རེད། ལྷ་ཟབ་སར་བདུད་ཟེར་བ་རེད། སྤྱིར་བཏང༌། ཐང་བདེ་མོའི་སྟེང་གི་རི་མཐོན་པོ་ལ་རླུང་རྒྱབ་པ་དེ་དངོས་པོའི་ཆོས་ཉིད་ཅིག་ཡིན་པས་བྱ་བ་གང་བསྒྲུབ་ན་རང་ལ་གནས་ལུགས་དང་དྲང་བདེན་ཡོད་ན། གཞན་གྱི་བར་ཆད་དང་འགལ་བ་ཡོད་ན་ཡང་རང་གི་གཟི་བརྗིད་ཅིག་རེད། གནས་ལུགས་ཡོད་པའི་རྟགས་མཚན་ཞིག་ཀྱང་རེད། ང་རང་གྲྭ་བ་གྲྭ་རྐྱང་ཟླ་གམ་ཁེར་རྐྱང་ཞིག་རེད། ངའི་མི་ཚེའི་བརྒྱུད་རིམ་ལ་བསམ་བློ་བཏང་ན། ལོ་བཅུ་ཕྲག་ཁ་ཤས་ལ་དཔེ་ཆ་ཞིག་ལྟ་ཁུལ་བྱས་པས། གཞན་ལ་གཡོ་སྒྱུའི་སྒོ་ནས་མགོ་གཡོག་དང་མགོ་སྐོར་དང་དེའི་རིགས་ལ་བྱ་བ་སྒྲུབ་རོགས་གང་ཡང་མ་བྱས་པ་ཡིན། རང་ནུས་གང་ཡོད་ཀྱིས་ལས་འབྲས་གཙིགས་སུ་འཛིན་ཁུལ་བྱས་ཏེ་ཡོང་བ་ཡིན། ང་ཚོ་རབ་ཏུ་བྱུང་བ་ཞིག་ན། ལས་འབྲས་གཙིགས་སུ་བཟུང་ནས། རང་ལ་དྲིན་ཆེ་བ་དེ་དྲིན་ཆེན་ཡིན་པ་ངོ་ཤེས་དགོས་པ་ཞིག་རེད། ང་ཚོའི་ལྟོ་གོས་ཆས་གསུམ་ནང་པ་སངས་རྒྱས་པའི་བསྟན་པ་ལ་བརྟེན་ནས་ཡོང་གི་ཡོད་པས། ནང་ཆོས་དེ་རྩ་ཆེན་དང་མཐོང་ཆེན་བྱེད་རྒྱུ་ནི་གལ་ཆེན་པོ་རེད། ཐུགས་མཐུན་ཁྲིམས་གཙང་ཞེས་པ་ལས། ཁྲིམས་གཙང་བ་དེ་བཤད་ན། ཚུལ་ཁྲིམས་ལ་རིགས་མང་པོ་ཡོད་པ་རེད། ཡིན་ན་ཡང་དེ་རིང་འདིར་འདུས་པ་ཐམས་ཅད་ནི་དགེ་འདུན་པ་ཤ་སྟག་ཡིན་པས་དགེ་ཚུལ་སློང་གི་སྡོམ་པའི་ཕྱོགས་ནས་ཉུང་ཙམ་ཞུ་རྒྱུ་ཡིན།འདིར་འདུས་པ་ཐམས་ཅད་རབ་ཏུ་བྱུང་བའི་སྡེ་ཡིན་པས། རབ་ཏུ་བྱུང་བའི་སྡེ་ཞིག་ལ་མཚོན་ན་རང་རང་སོ་སོ་དགེ་ཚུལ་སློང་གང་ཡིན་ན་དེའི་ཚུལ་ཁྲིམས་དེ་བསྲུང་དགོས་པ་རེད། སྲུང་པ་དེ་ཡང༌། དང་པོ། སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བྱེད་པ་སོགས་ཡོད་པ་རེད། དེ་རིང་ངས་འདི་ནས་ཞུ་རྒྱུ་ནི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་ཡོད། ང་རང་གི་བསམ་ཚུལ་འདི་འདྲ་ཞིག་རེད། དགེ་སློང་ཞིག་བསྒྲུབ་པ་ཡིན་ན། ལོ་ཉི་ཤུ་མ་ལོན་སྔོན་ནས་དགེ་སློང་སྒྲུབ་མཁན་དེ་ང་ཚོ་ཇོ་ནང་གི་དགོན་སྡེ་མང་པོ་ན་ཡོང་གི་ཡོད་པ་རེད། འོན་ཀྱང་ལོ་ཉི་ཤུ་མ་ལོན་ནས་དགེ་སློང་གི་སྡོམ་པ་དེ་ཆགས་ཀི་ཡོད་པ་མ་རེད། འདུལ་བ་མདོ་རྩའི་སྤྱི་བསྟན་གྱི་མདོ་ཚན་དྲུག་ཅུ་རེ་ལྔ་ལས་དང་པོའི་སྐབས་སུ།"ཉམས་པ་དང་མ་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་སོ། །ཞེས་གསུངས་པ་ལྟར། མ་ཆགས་པ་ཞིག་ཡོང་གི་ཡོད་པ་རེད། དེས་ན་ང་ཚོས་དགེ་སློང་སྒྲུབ་པ་ལ་ཆ་རྐྱེན་རྣམས་ཚང་དགོས་པ་གལ་ཆེན་པོ་རེད། དགེ་ཚུལ་སློང་སྒྲུབ་པ་ལ་དགེ་སློང་ལྔ་ཚོགས་ངེས་པར་དུ་དགོས་པ་རེད་དང༌། ང་ཚོས་ལྔ་མ་ཚོགས་པར། སྔོན་དུས་སུ་གསེར་སྐུ་ཡི་ཚབ་བྱས་པ་དང་མི་གཅིག་ཙམ་གྱིས་བསྒྲུབས་པ་སོགས། མང་པོ་ཞིག་ལོ་རྒྱུས་སུ་ཡོད་པ་རེད། དེའི་དབང་གིས་སྡོམ་རྒྱུད་ཆད་འགྲོ་བ་དེ་ཡང་ཡོང་གི་ཡོད་པ་རེད། ཕྱོགས་གཞན་ཞིག་ཏུ། མི་ཚངས་སྤྱོད་ཀྱི་ཕམ་པས་མ་གོས་ན་ཡང་བླ་མ་ཁ་ཡག་ཚོས་སྤྱི་ཚོགས་ལ་མགོ་གཡོགས་མགོ་སྐོར་བྱེད་མཁན་སོགས་དང་བསྟུན་ཆེད་དུ་མི་ཆོས་སུ་རློམ་པའི་སྐད་ཆ་བཤད་པ་སོགས་ཀྱིས། མི་ཆོས་བླ་མའི་རྫུན་གྱི་ཕམ་པ་བྱུང་བ་དང༌། དེང་སང་དཔལ་འབྱོར་རྩ་ཆེན་དུ་བརྩི་བས་བླ་མ་ཁ་ཤས་ལ་མ་བྱིན་ལེན་པའི་ཕམ་པ་བྱུང་ནས་སྡོམ་རྒྱུད་ཆད་པ་སོགས་ཡོང་གི་ཨེ་ཡོད་བསམ་གི་ཡོད། མང་པོ་ཞུ་ན་མང་པོ་རེད་དང༌། སྒྲུབ་པ་པོ་གང་ཟག་གིས་ཐོབ་བློ་སྐྱེས་མ་ཤེས་པ་སོགས་མང་པོ་ཞིག་གིས་སྡོམ་རྒྱུད་ཆད་འགྲོ་གི་ཨེ་ཡོད་བསམ་ནས་ཁྱེད་རྣམས་ཀྱིས་ཐུགས་བསམ་རེ་གཏོང་རོགས་ཞུ་ཞུས་པ་ཡིན། དེས་ན། ང་ཚོས་དང་པོ་ནས་ཆོས་འདུལ་བ་ལ་སློབ་སྦྱོང་ཡག་པོ་ཞིག་བྱེད་རྒྱུ་གལ་ཆེན་པོ་རེད། ཚུལ་ཁྲིམས་སྲུང་བའི་སྐབས་སུ། རང་ཉིད་དགེ་ཚུལ་སློང་ཡིན་པའི་འདུ་ཤེས་ཡོད་རྒྱུ་དང༌། ཕམ་པས་མ་གོས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་ཡིན་ན་དགེ་སློང་རྣམ་དག ཅེས་ཆོས་འདུལ་བའི་སྐབས་སུ་གསུངས་པ་བཞིན། རང་རང་སོ་སོ་དགེ་ཚུལ་སློང་རྣམ་དག་ཡིན་པའི་འདུ་ཤེས་ཡོད་པའི་སྒོ་ནས། ནམ་རྒྱུན་སྲུང་སེམས་ཡོད་རྒྱུ་གལ་ཆེན་པོ་རེད་མ་གཏོགས། དགེ་བ་ཟེར་ནས་སྡོམ་པ་ལེན་ཀྱང་དགེ་བ་ཞིག་ཡོང་གི་ཡོད་མེད། དམ་ཆོས་འདུལ་བ་ཡིན་ན་འདྲ། ནང་བའི་བསྟན་པ་སྤྱིའི་དབང་དུ་བྱས་ན་དེ་ཙམ་དཀའ་མོ་འདྲ་ཞིག་རེད། དེས་ན་རང་རང་སོ་སོས་ཚུལ་ཁྲིམས་བསྲུང་རྒྱུ་དང་དེ་ལ་སྲུང་སེམས་ཡོད་རྒྱུ་གལ་ཆེན་པོ་རེད་ཞུས་པ་ཡིན། ལྷག་ཏུ། བསླབ་ལ་མི་གནས་དེ་དག་ནི། །ཟོག་པོ་ཁྱིམ་པར་གནས་པ་མཆོག །ཅེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་པ་བཞིན། ཕམ་པས་གོས་པ་ནས་བཟུང༌། དངོས་གནས་རབ་བྱུང་ངུར་སྨྲིག་གི་གོས་མི་གྱོན་རྒྱུ་གལ་ཆེན་རེད། ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས། ཚུལ་ཁྲིམས་འཆལ་བའི་ལུས་ཅན་གཞོན་ནུ་ཁྱོད། །དགེ་སློང་ཚུལ་དུ་མ་འཆོས་དཀར་པོ་གྱོན། །ཚུལ་ཁྲིམས་འཆལ་བའི་ཉེས་པས་མི་ཆོག་པར། །ཚུལ་འཆལ་ཉེས་པའི་གོས་ན་མི་རུང་ངོ༌། །ཞེས་གསུངས་པ་ནང་བཞིན་རེད། དིང་སང་དགོན་སྡེ་མང་པོའི་ནང་དུ་རྒྱུད་ལ་སྡོམ་པ་མེད་ཀྱང་ངུར་སྨྲིག་གི་གོས་གྱོན་མཁན་དང༌། རབ་བྱུང་གི་སྡེར་ཞུགས་ཡོད་མཁན་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེའི་རིགས་ཀྱིས་ཁེ་བཟང་རག་གི་ཡོད་བསམ་ན་ཐང་ཏ། དོན་དངོས་སུ་ཚུལ་ཁྲིམས་འཆལ་བ་དེས་དགེ་འདུན་པའི་གནས་མལ་སྐད་ཅིག་ཙམ་ལ་ཡང་ལོངས་སུ་སྤྱད་ན་དམྱལ་བ་འགྲོ་བའི་རྒྱུ་ཡིན་པ་རེད། དེས་ན་ཚང་མས་དེའི་རིགས་ལ་གཟབ་དགོས་པ་དང༌། བསྟན་པ་དག་ཐེར་གྱི་ཕྱོགས་ལ་ང་ཚོས་འབད་འབུང་བྱེད་དགོས་པ་དང༌། གཞི་གསུམ་ལག་ལེན་དང༌། རྒྱུད་ལ་ཚུལ་ཁྲིམས་ཡོད་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་གོང་དུ་ཞུས་པ་བཞིན། ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པ་ཆགས་འདུག་ཡོད་པ་རེད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་དེ། །ལུང་དང་རྟོགས་པའི་སྡེ་སྣོད་དོ། །དེ་འཛིན་སྒྲུབ་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་འོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ལུང་རྟོགས་གཉིས་ཡིན་པ་ངོས་ཟིན་དགོས་པ་དང༌། ས་རྡོ་རི་བྲག་གི་ལས་ཀ་ལྟ་བུའི་ཕྱི་ཡི་རྣམ་པ་ཞིག་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་མི་ཐུབ་པ་དང༌། ལྷ་ཁང་གསེར་ཁང་སོགས་ཀྱིས་འཆད་ཉན་མི་བྱེད་པ། ཐོས་བསམ་སྒོམ་གསུམ་མི་བྱེད་པ། མཁྱེན་གསལ་ནང་བཞིན་རེད། དེས་རྒྱུ་མཚན་གྱིས། ང་ཚོས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་གང་ཡིན་ངོས་ཟིན་དགོས་པ་གལ་ཆེན་རེད། དགེ་འདུན་པའི་བཞུགས་གནས་ཤིག་དང༌། གཙུག་ལག་ཁང་ཞིག་དགོས་ཀི་ཡོད་པ་རེད་མ་གཏོགས། དིང་སང་ང་ཚོས་ལྷ་སའི་ཕྱོགས་ཡིན་ན་འདྲ། གཞན་དག་ལ་བསམ་བློ་བཏང་ན། སྔོན་གྱི་སྒྲུབ་གནས་ཆེན་མོ་ཁ་ཅིག་མར་ཉམས་ནས་ནང་དུ་བཙུན་མ་གཅིག་གཉིས་ཙམ་ལས་མེད་པ་ལྟ་བུ་རེད། ཡང་ཁ་ཅིག་གིས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པས་རྐྱེན་གྱིས་བསྟན་པ་འཛིན་སའི་གནས་དེ་ཡུལ་སྐོར་ལྟེ་གནས་སམ་སྒྲུབ་གནས་ཆེན་པོ་དག་ཡུལ་སྐོར་ལྟེ་གནས་སུ་བསྒྱུར་བ་ཧ་ཅང་ཡིད་ཕངས་པ་མང་པོ་ཡོང་གི་ཡོད་པ་རེད། དེ་ལྟར་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་ལུང་རྟོགས་གཉིས་ལ་འཆད་ཉན་ཐུབ་ཀི་མ་རེད། ལུང་གི་བསྟན་པ་ལ་ཐོས་བསམ་སྒོམ་གསུམ་བྱས་ཏེ་འགྲོ་དགོས་པ་དང༌། ཐོས་བསམ་སྒོམ་གསུམ་པོ་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཡིན་པ་དང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ། ཐམས་ཅད་སྦྱང་དགོས་པར་གསུངས་ཀི་ཡོད་པ་རེད། དེ་མ་ཟད། སྔགས་བླ་མེད་ཀྱི་སྐབས་སུ་ཡང༌། པདྨའི་རིགས་ཀྱི་དམ་ཚིགས་གསུངས་ཡོང་དུས། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་རྣམས་མ་ལུས་བཟུང༌། །ཞེས་གསུངས་པ་རེད། ཕྱི་ནང་གསང་བ་ཞེས་པ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་གྱི་རྒྱུད། གསུམ་དང༌། ཐེག་པ་གསུམ་ཞེས་མདོ་ལུགས་ཀྱི་ཐེག་པ་གསུམ་གསུངས་པ་རེད་བ། དེ་མ་ལུས་པར་ཡོངས་སུ་བཟུང་ཞེས། དམ་ཚིགས་ཀྱི་གྲངས་སུ་བཞག་གི་ཡོད་པ་རེད། དེ་དགོས་ཡང་དགོས་རྒྱུ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་པ་ཡིན་ན། སེམས་ཅན་ཐམས་ཅད་རྗེས་སུ་བཟུང་དགོས་པ་རེད། རྗེས་སུ་བཟུང་བ་ལ། གདུལ་བྱ་རིགས་ཅན་གསུམ་ཡིན་ན་འདྲ་གི །གདུལ་བྱ་རིགས་ཅན་གསུམ་པོ་རྗེས་སུ་བཟུང་བའི་བསྐལ་བ་མེད་པ་ཞིག་ཡིན་ན་ཡང༌། འཇིག་རྟེན་པའི་ཆོས་བསྟན་ཏེ། འཇིག་རྟེན་གྱི་དགེ་རྩ་ཞིག་བསྐྲུན་པ་ལ། འཇིག་རྟེན་གྱི་ཆོས་དེ་བཤད་དགོས་པར་ཆགས་ཡོད་པ་རེད། དེས་རྒྱུ་མཚན་གྱིས་ཐོས་བསམ་དེ་ཧ་ཅང་གལ་ཆེན་པོ་རེད། དིང་སང་ང་ཚོས་འཆད་ཉན་བྱེད་ཡོང་དུས། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་གི་ཡོད་པ་རེད། ང་ཚོས་འཆད་པའི་སྐབས་དེར། དིང་སང་ང་རང་ལས་སྣང་མ་དག་པ་ཡིན་ན་འདྲ། རང་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་དབང་གིས་ཡིན་ན་ཡང་ཐང༌། མང་པོ་ཞིག་གིས། མ་བརྟག་མ་དཔྱད་པར་བྱུང་རྒྱལ་དུ་རང་བཟོ་བྱས་ཏེ། རང་རང་སོ་སོའི་ཡིག་ཆ་ན་ཡོད་པ་དེ་མི་ལབ་པར། མེད་པ་དེ་ལབ་འགྲོ་བ་ཧ་ཅང་མང་པོ་ཡོང་གི་འདུག །དེ་ཧ་ཅང་ཉེན་ཁ་ཚ་བོ་ཞིག་ཆགས་འདུག བླ་མ་དགེ་བའི་བཤེས་གཉེན་ཚོས། ཆོས་འཆད་ཉན་སྐབས་སུ་བརྟག་དགོས་རེད་མ་གཏོགས། བདུད་ཀྱི་བཤེས་གཉེན་ཞེས་པ་མགོ་ལ་རྭ་སྐྱེས་འདུག་ཡོད་པ་ཞིག་ལོགས་སུ་ཡོད་པ་མ་རེད། རང་གི་སློབ་མ་ཚོ་ལོག་པའི་ལམ་དུ་ཁྲིད་འགྲོ་ན། བདུད་ཀྱི་བཤེས་གཉེན་ཆགས་སོང་བ་རེད། དེས་ན་འཆད་པའི་སྐབས་སུ་བསམ་བློ་གཏོང་དགོས་པ་རེད་བསམ། རྩོད་པའི་སྐབས་སུ། དམ་བཅའ་འདུག་པ་ཡིན་ན། ལྷག་པ་ལྷག་ཏུ་འདིའི་གཞན་སྟོང་བགྲོ་གླེང་ལྟ་བུ་དམ་བཅའ་ཆེན་མོའི་ཁག་འཚོགས་ཡོང་དུས། ཆོས་ཀྱི་གནད་དྲིལ་བ་ཞིག་དང༌། གྲུབ་མཐའ་སྤྱི་དང་གཞུང་སྤྱིའི་བབ་དང་མཐུན་པའི་དཀའ་གནས་ཤིག་གི་ཐོག་ནས་རྟགས་གསལ་གཏོང་དགོས་པ་རེད་མ་གཏོགས། ངག་སྒོ་ཡངས་པ་ཙམ་གྱི་སྒོ་ནས། ཡིན་ཏེ། མིན་ཏེ། ཟེར་བ་ཙམ་ཆོས་ར་ནས་བསྡུས་གྲྭ་ཅུང་ཙམ་སྦྱངས་ཟིན་པ་ཡིན་ན་དངོས་འགལ་ཞིག་གཏོང་ཐུབ་ཀི་ཡོད་པ་རེད། དཔེར་ན། ནས་ཀྱི་རྩམ་པ་ཆོས་ཅན། རྩམ་པ་ཡིན་ཏེ། ཟེར་ན་རྟགས་བཀོད་དཀའ་བ་དང༌། མེ་ཡིན་ན་ཚ་བ་ཡིན་དགོས་ཏེ་ཟེར་ན་ཡང་རྟགས་བཀོད་ཁག་པོ་འདྲ་ཆགས་རྒྱུ་རེད་དང༌། དེ་འདྲ་ཞིག་ལ་གནད་འགག་བཏང་ཟེར་བ་མ་རེད། འཇིག་རྟེན་གྱི་ཁ་དཔེར། ཉི་མ་འགྲོ་ཐབས། ཐང་མ་སྐམ་ཐབས། ཟེར་བ་ལྟ་བུ་ཞིག་ཡོང་གི་ཡོད་པ་རེད། ངག་སྒོ་ཡངས་བ་རེ་ཡིན་ན། སྐད་མཐོན་པོ་ཅན་ཚོས་མཆོང་ལྡིང་བྱས་པ་ཡིན་ན། དཔེ་ཆ་ཡག་པོ་མ་བལྟས། སློབ་སྦྱོང་གནད་དྲིལ་བ་ཞིག་མ་བྱས་པ་ཡིན་ན། ཚང་མས་མཁས་པ་རེད་ཟེར་བ་ཞིག་ཡོང་གི་ཡོད་ན་ཐང་དང༌། དོན་གྱི་མཁས་པ་དེ་ཡོང་ཐུབ་ཀི་མི་འདུག། གདན་ས་ཁག་ཏུ་འདི་འདྲ་ཞིག་རེད། ཚང་མས་འཚང་ཁ་མི་རྒྱབ་པར། དཔེ་ཆ་ཡག་པོ་ཅན། གོ་རྒྱུ་ཡོད་པར་གཏོང་མཁན་ཚོས་དོགས་དཔྱོད་ཡག་པོ་གཏོང་དུས་ཚང་མས་དེ་ལ་གསན་ནས། དེ་ལ་རྟགས་གསལ་གཏོང་ག་འཇུག་གི་ཡོད་པ་རེད།དེ་ལས་གཞན། ཡིན་ཏེ། མིན་ཏེ། ཟེར་ནས་དངོས་འགལ་ཙམ་གཏོང་བ་ལ། ཉི་མ་འགྲོ་ཐབས་ཙམ་ལས་ཕན་པ་ཆེན་པོ་ཡོད་པ་མ་རེད། དེས་ན་ངས་གང་ཞུ་གི་ཡོད་ཞུ་ན། རྩོད་པ་རྩོད་པའི་སྐབས་སུ། ལུང་རིགས་ཀྱི་རྒྱབ་ལྗོངས་ཡོད་པའི་སྟེང་ནས། གཞུང་སྤྱིའི་བབ། གྲུབ་མཐའ་སྤྱིའི་བབ། མདོར་ན། ཆོས་གཞུང་གི་དཀའ་གནས་ཤིག་གོང་འོག་བསྒྲིགས་ཏེ། འདི་འདྲའི་མཁས་དབང་མང་པོ་འཛོམས་ས་དེ་རྩོད་པ་རྩོད་དགོས་ཀི་འདུག་ཞུས་པ་ཡིན། རྟོགས་པའི་བསྟན་པ་ཡིན་ན། བསླབ་གསུམ་ཉམས་ལེན། ལྷག་པ་ལྷག་ཏུ། ང་ཚོ་དཔལ་ལྡན་རྒྱལ་བ་ཇོ་ནང་པར་མཚོན་ན། དུས་འཁོར་གྱི་སྒྲུབ་བརྒྱུད་དེ་ཧ་ཅང་ཡག་པོ་ཞིག་ཡོད་ཀི་ཡོད་པ་རེད། དེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གལ་ཆེན་པོ་རེད། སྤྱིར་བཏང་ཡིན་ན། བཤད་སྒྲུབ་གཉིས་པོ་འགལ་མེད་གྲོགས་སུ་བརྟེན་ནས་འགྲོ་དགོས་པ་རེད། ཁ་ཅིག་གིས། བཤད་གྲྭ་དགོས་མདོག་བྱས་ཏེ་སྒྲུབ་པ་མི་དགོས་པར་བསམ་མཁན་སྲིད་ཀྱི་རེད་དང༌། ད་སྔར་བཤད་གྲྭ་བ་ཞིག་གིས་སྒོམ་མི་དགོས་ཟེར་མཁན་ཞིག་མ་ཚོར་དང༌། བཤད་གྲྭ་བ་ཚོས། མ་ཤེས་པར་སྒོམ་ཐུབ་པ་མ་རེད་ཟེར་བ་ཞིག་ཡོང་གི་ཡོད་པས། དེའི་བར་ལ་གོ་ལོག་འདྲ་ཞིག་ཡོང་གི་ཡོད་པ་རེད། ཡང་སྒོམ་སྒྲུབ་ལ་རྩོམ་མཁན་ཚོས། བཤད་པ་མི་དགོས་པར་མང་པོ་བཤད་ཀི་ཡོད་པ་རེད། སྒོམ་ཤེས་མཁན་ཞིག་གིས་དེ་ཟེར་སྲིད་རྒྱུ་མ་རེད་དང༌། སྒོམ་མ་ཤེས་ཀྱང་ཤེས་མདོག་ཅན་ཟེར་ན་འདྲ། སྒོམ་པར་ཁས་འཆེས་པའི་མི་མང་པོ་ཞིག་གིས། རྩོད་པ་དེ་ཆགས་སྡང་འཕེལ་བའི་རྒྱུ་དང་གཞན་ལ་ཟེར་སྤྱད་ཙམ་རེད་ཟེར་ནས། དེའི་ཐོག་ལ་ཚིག་འདྲ་མི་འདྲ་མང་པོ་བཤད་རྒྱུ་ཡོད་པ་དེ། ང་ཚོར་ད་རུང་དེའི་བག་ཆགས་ཤིག་བཞག་འདུག །འོན་ཀྱང་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་རྒྱུ་གལ་ཆེན་པོ་རེད། གང་ཤེས་པ་དེ་སྒོམ། གང་མ་ཤེས་པ་དེ་ཐོས་བསམ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང༌། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ། ཐམས་ཅད་སྦྱང་དགོས་པ་རེད་དང༌། སྔོན་གྱི་གོ་རིམ་ཞིག་ཡོད་པ་རེད། མི་ཚེ་ཐུང་ཐུང་ཞིག་ལ་ཐམས་ཅད་ཤེས་མི་ཐུབ་ན་ཡང༌། བློ་ལྡོག་རྣམ་བཞི་ཡིན་ན་འདྲ། གང་སྒོམ་དགོས་ན་དེ་ལ་སློབ་སྦྱོང་དགོས་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད་པའི་སྟེང་ནས། ཟག་བཅས་ཉེར་ལེན་་གྱི་ཕུང་པོ་འདི་མི་རྟག་པ་ཡིན་པར་ཤེས། སྡུག་བསྔལ་བ་དེ་སྡུག་བསྔལ་བ་ཡིན་པར་ཤེས། དེའི་སྟེང་དུ་འཆི་བ་མི་རྟག་པ་དེ་རྒྱུད་ལ་སྐྱེས་སོང་བ་ཡིན་ན། ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་ཆགས་འདུག་ཡོད་པ་རེད། ལས་འབྲས་ལ་ཡིད་ཆེས་ཡོད། རྒྱུ་མི་དགེ་བ་བྱས་པ་ལས། འབྲས་བུ་སྡུག་བསྔལ་བ་འབྱུང༌། དགེ་བ་བྱས་པ་ལས་འབྲས་བུ་བདེ་བ་འབྱུང་གི་ཡོད་པ་རེད། སྡུག་བསྔལ་ནི་མི་འདོད། བདེ་བ་ནི་འདོད་པ་དེ་ཆགས་ཡོད་པ་རེད། ཡུན་རིང་པོ་ཞིག་ལ་བསྡད་དབང་མེད་པར་འཆི་བ་མི་རྟག་པ་ཡིན་པར་ཧ་གོ་འདུག་ཡོད་པ་རེད། དེ་འདྲ་ཞིག་ལ་བསམ་བློ་གཏོང་ཡོང་ན་ད་གཟོད་ང་ཚོས་ཆོས་མ་བསྒྲུབ་རང་བསྒྲུབ་ཡིན་པ་ཆགས་འདུག་ཡོད་པ་རེད། མདོར་ན་ང་ཚོས་ཐོས་བསམ་སྒོམ་གསུམ་གྱི་བསྟན་པ་བཤད་སྒྲུབ་གཉིས་པོ་འགལ་མེད་དུ་བཟུང་དགོས་པ་རེད།དེས་ན། ང་ཚོས་བཤད་སྒྲུབ་ཀྱི་བསྟན་པ་འཛིན་ཡོང་དུས། ཆོས་རྒྱུད་རང་རང་སོ་སོའི་དགོན་སྡེར་རང་གི་ཡིག་ཆ་མ་གཏོགས་གཞན་ཁྲིད་དགོས་དོན་མེད་པ་ལྟ་བུ་ཞིག་ཆགས་འདུག་ཡོད་པ་རེད། ཡིན་ན་ཡང༌། ཆོས་རྒྱུད་གཞན་པ་ཚོའི་སྐྱེས་བུ་དམ་པ་གོང་མ་ཚོའི་དཔེ་ཆ་ལ་དཔེ་ཀློག་བརྒྱབ་ནས་ལེགས་བཤད་ལེན་དགོས་པ་རེད། དེ་ནང་བཞིན། གང་ལ་གང་འཚམ་གྲྭ་ས་ཁག་ཏུ་ཡང་གྲྭ་སར་འགྲོ་དགོས་པ་རེད།དིང་སང་གྲྭ་རྐྱང་ཚོ་ཉམ་ཆུང་བ། ཁེ་དབང་མེད་པ། བཤད་དབང་མེད་པ། འགྲོ་དབང་འདུག་དབང་མེད་པ། ཐ་ན་དཔེ་ཆ་ཞིག་ལྟ་འདོད་ཀྱང་ལྟ་དབང་མེད་པ་ལྟ་བུའི་ཉམ་ཆུང་བ་ཞིག་ཆགས་འདུག། དེ་འདྲ་དག་གིས་དཔེ་ཆར་ལྟ་བའི་དུས་ཚོད་དེ་ཕལ་ཆེར་ལོ་བཅོ་ལྔ་ནས་ཉི་ཤུའི་ནང་བར་ཙམ་ལས་ཡོང་གི་ཡོད་པ་མ་རེད། དེ་འདྲའི་དུས་ཚོད་རྩ་ཆེན་པོ་ཞིག་ཁོར་ཡུག་ཆུང་ས་ཞིག་ལ་འདུག་བཞག་པ་ཡིན་ན་གྱོང་གུད་རེད། འཛམ་གླིང་གི་སློབ་གྲྭ་ཆེ་ཆུང་གང་ཡིན་ན། དང་པོ། སློབ་ཆུང་ལ་འགྲོ་དགོས་པ་དང༌། དེ་ནས་སློབ་འབྲིང༌། དེ་ནས་སློབ་ཆེན་དང་ཞིབ་འཇུག་སློབ་མར་འགྲོ་གི་ཡོད་པ་རེད། རབ་ན། ཕྱི་རྒྱལ་གྱི་སློབ་གྲྭ་ཆེ་ཁག་ཏུ་ཡང་སློབ་སྦྱོང་ལ་འགྲོ་གི་ཡོད་པ་དེ་ཚང་མར་མཁྱེན་གསལ་ལྟར་རེད། དེས་ན། རང་གི་འཁོར་གཡོག་ཙམ་གྱི་ཆེད་དང༌། རང་གི་བསམ་བློ་ཙམ་ལ་ཤེས་རྟོགས་བཅོལ་ནས། རང་ལ་ཚེ་འདི་ཕྱིའི་རེ་ལྟོས་ཆེ་བའི་སློབ་མ་ཚོའི་མི་ཚེ་འཕྲོ་བརླག་བཏང་བཞག་པས། ཧ་ཅང་དཀའ་ངལ་ལ་འཕྲད་ཀི་འདུག དེས་ན། རང་རང་སོ་སོའི་བསམ་བློ་བཏང་ནས། གྲྭ་ས་ཁག་ཏུ་མངག་ན་འགྲིག་གི་བསམ་གི་ཡོད། གྲྭ་ས་ནས་རང་དགོན་དུ་ཕེབས་པའི་སྐབས་སུ་རང་གི་ཡིག་ཆ་ལ་འཆད་རྩོད་རྩོམ་གསུམ་བྱས་ཏེ་འཛིན་དགོས་པ་རེད། ཐོས་བསམ་སྒོམ་གསུམ་གང་ཡིན་ན་ཐོག་མར་བླ་མ་ཚུལ་བཞིན་དུ་བསྟེན་རྒྱུ་གལ་ཆེན་པོ་རེད། བླ་མ་དགེ་བའི་བཤེས་གཉེན་གྱི་ཚད་དུ་ཡང་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ནས། བླ་མ་རྟག་ཏུ་མ་བཟུང་ན། ཁྱི་ཡི་སྐྱེ་བ་ལྔ་བརྒྱ་བླངས། དེ་ནས་སྨེ་ཤ་ཅན་ཏུ་འགྱུར་ཞེས་པ་ལྟར་རེད། ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཐོས་པ་ནས་བཟུང་བླ་མ་རྟག་ཏུ་བསྟེན་དགོས་པ་ལྟ་བུར་ཆགས་འདུག །རང་ལྟ་བུར་མཚོན་ན། ཧ་ཅང་གི་སློབ་མ་མང་པོ་ཡོན་ཏན་མེད་པར་ཆགས་སོང་བ་ཡིན་ན། སེམས་ཁྲལ་ཆེན་པོ་འདུག །ནམ་རྒྱུན་དད་པ་དང་མོས་པ་ཡོད་མཁན་གྱི་རང་ལ་རེ་ལྟོས་ཆེ་བའི་སློབ་མ་ཚོར་ཕན་ཐོག་པ་དང༌། ཆོས་དམ་ཚིག་གི་འབྲེལ་བ་གཙང་མ་ཞིག་ཡོང་ཆེད་དུ་སྨོན་ལམ་རྒྱག་གི་ཡོད། དགོན་སྡེ་ཚོས་རང་རང་སོ་སོའི་ཁོར་ཡུག་ན་བཤད་སྒྲུབ་ཀྱི་བསྟན་པ་བཟུང་དགོས་པ་རེད། ཆོས་རྗེ་ཚང་ལྟ་བུར་མཚོན་ན། སྤྱིར་ན་བཤད་སྒྲུབ་གཉིས་ཡོད་པ་རེད་དང༌། ད་ལོར་དམིགས་བསལ་གྱིས་ཞུ་རྒྱུ། ང་ཚོའི་ཁོར་ཡུག་ཏུ་ཆོས་རྗེ་དགོན་པའི་གྲྭ་བ་ཚོ་དཔེ་ཆ་ཡར་རྒྱས་སུ་ཧ་ཅང་འགྲོ་གི་འདུག །ཡིན་ན་ཡང༌། རང་གི་དགོན་པར་བཤད་གྲྭ་འཛུགས་རྒྱུ་དང༌། དེ་རུ་འཆད་རྩོད་རྩོམ་གསུམ་བྱས་ཏེ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་རེ་བ་རྒྱབ་ཀི་ཡོད། དེའི་ནང་ནས། ཤེས་རབ་བཟང་པོ་ཅན་དང༌། མི་བརྩོན་འགྲུས་ཅན་ཚོ་གྲྭ་སར་འགྲོ་ན་ཡོན་ཏན་རྒྱ་ཆེན་པོ་འཛོམས་ཐུབ་པ་རེད། དཔེར་ན། ན་ཆུ་ལྟ་བུའི་ཆུ་ཆུང་ངུ་ཞིག་ཏུ་ཉ་ཆེན་པོ་ཞིག་ཡོད་མི་ཐུབ་པ་དང༌། རྒྱ་མཚོ་དང་ཆུ་ཆེན་པོའི་ནང་དུ་ཉ་ཆེན་པོ་ཡོང་གི་ཡོད་པ་ནང་བཞིན་རེད། རང་དགོན་གཅིག་པུར་བསྡད་ནས་མཁས་པ་ཆེན་པོ་ཆགས་སོང་བའི་ལོ་རྒྱུས་མེད་པ་ལྟ་བུ་ཞིག་རེད། རང་དགོན་དུ་དགོན་པ་ཆེ་ཆུང་ཚང་མས་བཤད་སྒྲུབ་ཀྱི་སྡེ་འཛུགས་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་རང་དགོན་དུ་བཤད་གྲྭ་ཡོད་པ་ཙམ་གྱིས་གྲྭ་སར་འགྲོ་ཀ་མ་བཅུག་ན་མ་འོངས་པའི་རེ་བ་རྒྱབ་ས་དང༌། མ་འོངས་པའི་མདུན་ལམ་མེད་པ་ལྟ་བུ་ཞིག་ཆགས་ཨེ་འགྲོ་བསམ་པའི་ལྟ་ཚུལ་ཡོད། སྤྱིར་བཏང༌། གྲྭ་སར་མངག་ན་རང་དགོན་དུ་བཤད་གྲྭ་འཛིན་མི་ཐུབ་པའི་དཀའ་ངལ་ཡོང་གི་རེད་དང༌། ང་ཚོས། གསེར་ནག་གི་འཕེལ་ཁ་མི་ལྟ་བར། རམ་ནག་གི་འཕེལ་ཁ་ལྟ་སོང་བ་ཡིན་ན། ཅུང་འགྲིག་གི་མེད་པ་ཨེ་ཡིན་བསམ་ནས་ཅིག་ཞུས་པ་དེ་ཡིན། དེ་རིང་ཡིན་ན། ང་འདིར་ཡོང་པ་རེད། ད་ལོར། མཆོག་སྤྲུལ་འཇིགས་མེད་རྡོ་རྗེས། ཡོང་རྒྱུའི་རེ་བ་རྒྱབ་པ་ཡིན། སྔོན་མ་ང་རྒྱ་གར་ནས་མར་ཡོང་བའི་སྐབས་དེར། ཡར་ཐང་དང༌། མགོ་ལོག་ལུང་སྐྱ་ལ་ཚོགས་པའི་སྐབས་སུ་ཁོང་གིས་སློབ་མ་བཞི་བཅུ་ལྔ་བཅུ་བསྒྲིགས་ནས་དཔེ་ཆ་ལྟ་རུ་མངགས་ནས་རྒྱབ་སྐྱོར་བྱས་ཡོད་རེད། དེ་ནས་མདོ་སྔགས་སློབ་གླིང་དུ་ལོ་གཉིས་ལ་བསྡད་པའི་རིང་ལ་ཡང་རྒྱབ་སྐྱོར་བྱས་ཡོད་པ་རེད། ད་ལྟ་ཡང་རྒྱབ་སྐྱོར་བྱེད་དང་བྱེད་བཞིན་ཡོད་པ་རེད། ཁོང་གིས་ད་ལོར་འདི་རུ་ཡིན་གཅིག་མིན་གཉིས་ཡོང་དགོས་ཀི་འདུག །གནང་བ་རེ་ཞུས་ཡོད་གསུངས་ཀི །ང་ཚོ་ལ་ཐོག་མཐའ་བར་གསུམ་དུ་ཁོང་ཡིན་ན་རྒྱབ་སྐྱོར་རོགས་རམ་བྱེད་མཁན་དང༌། སྤྱི་ཡོང་གི་ཆ་ནས། རང་གིས། མཆོག་སྤྲུལ་འཇིགས་མེད་རྡོ་རྗེ་དང༌། ལྕམ་མདའ་མཁན་པོ་ཀུན་དགའ་ཤེས་རབ་གསལ་བྱེད། བླ་མ་དཀོན་གསལ་སོགས་ཀྱིས་མཚོན་པས། རྒད་པོ་ཚོའི་ངག་རྒྱུན་དུ། སྐྱེས་སྐྱེས་ཀི་མགོ་མ་མིན་རུང༌། ཤི་ཤི་གི་རྟིང་མ་ཟེར་བ་བཞིན། ང་ཚོ་ཇོ་ནང་ཚང་གི་དངོས་གནས་བརྩི་འཇོག་དང་གུས་བཀུར་དགོས་རྒྱུ་རེད། ཁ་ཞེ་གཉིས་ཀྱིས་བསམ་པ་ཡིན། དེ་རིང་ངས་ཉ་ཉོག་མང་པོ་ཞུས་པ་ཡིན། གནས་ལུགས་དང་མི་མཐུན་པ། རྒྱལ་བའི་བཀའ་དང་འགལ་བ་གང་ཞིག་ཞུས་ཡོད་ན། སྤྱིར་བཏང༌། དེ་རིང་གི་སྐད་ཆ་ཡིན་ན་འདྲ། ད་སྔར་བསྒྲུབས་ཟིན་པའི་བྱ་བ་གང་ཡིན་ན། གནས་ལུགས་དང་རྒྱལ་བའི་བཀའ་དང་མི་མཐུན་པ་ཡོད་ན། དགེ་འདུན་འདུས་ཚོགས་རིན་པོ་ཆེ་ལ་མཐོ་ལོ་བཤགས། བཟོད་པར་གསོལ་ཞུ་དང༌། གནས་ལུགས་དང་མཐུན་པ་རེ་ཡོད་ན། ཕ་རོལ་བོར་སྐད་ཆ་བཤད་ན་ཕོག་ཐུག་འགྲོ་ས་ཡོད་པ་རེད། འོན་ཀྱང༌། ཕོག་ཐུག་འགྲོ་དགོས་ས་ཞིག་ལ་འགྲོ་དགོས་པ་རེད། སྤྱིར་བཏང༌། མེ་འབུད་སར་ས་འཚིགས་དགོས་པ་ཞིག་ཆགས་ཡོད་པ་ནང་བཞིན་རེད། ཆོས་ཕྱོགས་ཀྱི་དབང་དུ་བྱས་ན། གདམས་ངག་མཚང་ཐོག་ཏུ་རྒོལ་བ་ཞིག་དང༌། འཇིག་རྟེན་གྱི་དབང་དུ། ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་ཞིག་ཡོང་སྲིད་ཀྱི་རེད། དེ་ནས། རང་གིས་ཡིན་ན། མ་འོངས་པར་གནས་ལུགས་དང་རྒྱལ་བའི་བཀའ་དཔང་པོར་བཞག་ནས་རང་གི་ཚེ་ཇི་སྲིད་དུ་གནས་པ་དེ་སྲིད་དུ་བསྟན་འགྲོའི་དོན་རེ་བསྒྲུབ་རྒྱུ་དང༌། དེའི་དོན་དུ་རང་གི་ཚེ་སྲོག་གཏོང་དགོས་ཀྱང་བློ་འགྱོད་མེད་པའི་སྨོན་ལམ་རྒྱབ་ཀི་ཡོད། དེས་ན། སྐྱབས་གནས་འདུས་ཚོགས་རིན་པོ་ཆེས། དེ་དེ་བཞིན་དུ་འགྲུབ་པའི་ཐུགས་སྨོན་སྐྱབས་འཇུག་ཞུ་ཞུ་ལགས། བདག་ནི་ཚེ་རབས་ཐམས་ཅད་དུ། །བསྟན་པ་གསལ་བར་བྱེད་པར་ཤོག །བསྟན་པ་གསལ་བར་མ་ནུས་ན། །བསྟན་པའི་ཁུར་ཆེན་ཁུར་བར་ཤོག །ཁུར་ཆེན་ཁུར་བར་མ་ནུས་ན། །བསྟན་པ་སེམས་ཁྲལ་བྱེད་པ་དང༌། །བསྟན་པ་ཉམས་ཀྱི་དོགས་པ་ཡིས། །བྱ་ར་ཙམ་ཡང་བྱེད་པར་ཤོག །ཇོ་ནང་ཡང་དར་བསྟན་པའི་སྲོལ་འབྱེད་དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་གྱི་གསུང་ཚན་ཞིག་ལ་ཉན་རྗེས་ཁོང་གི་སློབ་བུར་གཏོགས་པ།ཝ་ཤུལ་བསོད་ནམས་རྒྱས་པས་ནུབ་བྱང་མི་རིགས་སློབ་གླིང་ནས་ཡི་གེར་ཕབ། |