སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག། རྒྱན་པ།
― DTG025_Page_0546 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱ་སཱ་དྷ་ནཾ་མཎྜལ་བི་དྷིཿ། བོད་སྐད་དུ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་ཐབས་ཀྱི་དཀྱིལ་འཁོར་གྱི་ཆོ་ག །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་དུས་ཆུ་ཡི་མདོག་ཅན་བརྒྱད་ཕྱེད་ཞལ། །ཕྱག་བཞི་ཞབས་གཉིས་བདུད་ཀྱི་སྙིང་གར་མནན། །རང་རིག་འོད་ཀྱིས་འཁྲིལ་ཞིང་བདེ་གང་ཡིན། །བདེ་གཤེགས་ཀུན་འབོད་རྡོ་རྗེ་འཛིན་ལ་བདུད། །སྐྱེ་བོ་རྟོག་པའི་དབའ་རླབས་གཡེངས་པ་ཡིས། །སོ་སོའི་གཞུང་མངས་བལྟ་བར་མི་ནུས་ཕྱིར། །ལུང་དང་མན་ངག་རིགས་པས་གཞུང་བཀོད་དེ། །མདོར་བསྡུས་དྲན་པ་ཙམ་གྱིས་བྲི་བར་བྱ། །དེ་ལྟར་རེ་ཞིག་དང་པོར་སློབ་མ་དབང་བསྐུར་བའི་སྣོད་དང་སྐལ་བར་ལྡན་པ་ནི། དེ་ཡང༌། འཇམ་ཞིང་སྙན་སྨྲ་སྙིང་རྗེར་ལྡན། །དགེ་བའི་ལས་ལ་མངོན་པར་བརྩོན། །ཐེག་པ་ཆེ་ལ་ལྷག་པར་དང༌། །རྒྱུན་དུ་བླ་མ་ལ་གུས་ཤིང༌། །སྦྱིན་དང་གཏོང་ལ་མངོན་དགའ་བ། །སློབ་མ་དེ་ནི་ཡོངས་སུ་གཟུང༌། །དེ་བས་ན་མཚན་ཉིད་དེ་ལྟ་བུ་དང་ལྡན་
― DTG025_Page_0547 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །པའི་སློབ་མས་དབང་ནོད་པའི་འོས་སུ་གྱུར་པའི་བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། དེ་ཡང༌། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ལ་མཁས། །དེས་ནི་དཀྱིལ་འཁོར་བྲི་བར་བྱ། །དེ་བས་ན་དེ་ལྟ་བུ་དང་ལྡན་པའི་སློབ་དཔོན་ལ་ལན་གཉིས་ནས་གསུམ་གྱི་བར་དུ་གསོལ་བ་གདབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་གལ་ཏེ་ཁྱོད་ཀྱིས་དཀྱིལ་འཁོར་གྱི་རྫས་དང༌། ཡོ་བྱད་འདི་དང་འདི་ལ་སོགས་པ་འབྱོར་རམ་མི་འབྱོར་ཞེས་དྲི་བར་བྱའོ། །དེ་ནས་དེ་དག་འབྱོར་བར་ཁས་ལེན་ན། དེའི་ཚེ་གནང་བ་བྱིན་ལ་སློབ་མ་སྦྱོང་ཞིང་བསྲུང་བ་བྱ་སྟེ། སློབ་མའི་རྐང་མཐིལ་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར། གསང་བར་རཾ་ལས་མེའི་དཀྱིལ་འཁོར། སྙིང་གར་ལས་དང་ཉོན་མོངས་པའི་སྡིག་པའི་ངོ་བོ་པཾ་མམ། ཀཾ་ནག་པོ་ཅིག་བསམས་ལ། དེ་ནས་རླུང་གིས་མེ་སྦར་བས་སྙིང་གའི་ཀཾ་བསྲེགས་ཏེ། ལས་དང་ཉོན་མོངས་པའི་སྡིག་པ་མི་དགེ་བ་ཐམས་ཅད་སྦྱང་བར་བསམས་ལ། སློབ་མའི་གནས་གསུམ་དུ་འབྲུ་གསུམ་བཀོད་ལ། འཁོར་ལོ་ཅན་གྱི་སྔགས་ཉི་ཤུ་རྩ་གཅིག་ལ་སོགས་པ་བཟླས་ཏེ་བསྲུང་བ་བྱའོ། །དེ་ནས་སློབ་དཔོན་གྱིས་བསྙེན་པ་ལ་འཇུག་སྟེ། མཎྜལ་དང་མཆོད་པ་དང་གཏོར་མ་ལ་སོགས་པ་བཤམས། ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་ལ་བལྟས་ལ། མཆོད་པ་ལ་སོགས་པ་བྱ། དེ་ནས་ལྷའི་ཏིང་ངེ་འཛིན་དང་ལྡན་པས་བཟླས་པ་བྱ་སྟེ། འཁོར་ལོ་ཅན་གྱི་འབུམ་ཕྲག་གཅིག་ཏུ་བཟླས་ལ། ལྷ་མོ་རྣམས་ཀྱི་ཁྲི་ཕྲག་རེ་རེ་བཟླས་སོ། །དེ་ནས་ཡང་ས་མཆོད་ལ་སོགས་བྱས་ལ། གྲོགས་བཟང་པོ་དག་དང་བཅས་པས་ས་བརྟག་ཅིང་སྤྱད་བར་བྱ་སྟེ། དེ་ཡང༌། གཙུག་ལག་ཁང་དང་ཚོང་དུས་དང༌། །ལྡུམ་ར་གྲོང་ངམ་གྲོང་ཁྱེར་གྱི། །ཤར་དང་བྱང་གི་ས་ཡི་ཆར། །མཉམ་པར་གཞག་ཅིང་གཟུང་བར་བྱ། །དེ་བས་ན་དེ་དག་ཏུ་བརྟགས་པའམ། ཡང་ན་དུར་ཁྲོད་དང་ནགས་ཚལ་ལ་སོགས་པ་གང་དང་གང་ཡིད་དུ་འོང་བའི་གནས་དེར་ས་སྦྱང་བར་བྱ་སྟེ། དེ་ལ་འང་
― DTG025_Page_0548 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གཉིས་ཏེ། ཕྱི་སྦྱང་བ་དང༌། ནང་གི་སྦྱང་བའོ། །ཕྱི་ལ་ཡང་གཉིས་ཏེ། ལས་ཀྱིས་སྦྱང་བ་ནི་ཞི་བའི་ཐབ་ཁུང་དུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པས་སྦྱིན་སྲེག་བྱས་ལ། ཉེ་བར་ཞི་བར་བྱས་ལ་བྱ་བས་སྦྱང་བ་ནི། དེ་ཡང༌། པུས་ནུབ་ཙམ་དུ་བརྐོས་ནས་ནི། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་ཡོད་པར་འདོད་པ་ཡིན། །དེ་བས་ན་པུས་ནུབ་ཙམ་དུ་བཀྲོས་ལ་སའི་སྐྱོན་རྣམས་བསལ་ནས། དེ་ཉིད་ཀྱིས་ལེགས་པར་བཀང་སྟེ། གཞུང་དང་མཐུན་པར་བྱས་ལ། དེ་ནས་ཆུའི་ལྟས་བསྟན་པར་བྱ་སྟེ། དེ་ཡང༌། མཐོ་གང་ཟླུམ་པོར་བརྐོས་ནས་ནི། །བ་ཡིས་བྱུགས་ལ་ཆུ་ཡིས་དགང༌། །མ་ཡེངས་སེམས་ཀྱིས་ཤར་ཕྱིན་ལ། །སླར་ལོག་ལྟས་ནི་བརྟག་པར་བྱ། །དེ་བས་ན་ཆུའི་ལྟས་རབ་འབྲིང་གསུམ་བརྟགས་ལ་དེ་ནས་དྲི་ཞིམ་པོ་དང་བཅས་པའི་སས་ཁུང་བུ་ལེགས་པར་བཀང་ནས། རིན་པོ་ཆེ་ལྔ་དང་འབྲུ་ལྔས་སའི་དབུས་སུ་བཅུག་ལ་ལེགས་པར་བཅགས་ཏེ། བའི་རྫས་ལྔས་བྱུག་ཅིང་ཉེ་འཁོར་དུ་མེ་ཏོག་སིལ་མ་བཀྲམ་པ་དང༌། ཕྱོགས་མཚམས་སུ་བ་དན་དང༌། གདུགས་དང༌། རྒྱལ་མཚན་ལ་སོགས་པ་བཙུགས་ལ་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཆུས་གཏོར་ནི་བྱ་བས་སྦྱང་བའོ། །ནང་གི་སྦྱང་བ་ནི་ནང་ལ་གཞོལ་བའི་སེམས་ཀྱིས་ཆོས་ཉིད་ཀྱི་སྔགས་བཟླས་ཏེ་སྟོང་པ་ཉིད་དུ་བསྒོམས་ལ། དེའི་ངང་ལས་ཡི་གེ་ཧཱུཾ་ལས་རྡོ་རྗེའི་ས་གཞིར་བསྒོམ་ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བནྡྷ་ཧཱུཾ་ཞེས་པས་བྱིན་གྱིས་བརླབ་པའོ། །དེ་ནས་ས་བསླང་སྟེ། མཆོད་པ་བཤམས་ལ་སའི་དབུས་སུ་ལྷའི་ཏིང་ངེ་འཛིན་ལ་གནས་པས་སྙིང་རྗེ་ཆེན་པོ་དམིགས་ཏེ། ལག་པ་གཡས་པ་ས་ལ་བརྡབས་པས་སགས་པའི་སེར་གནས། སའི་ལྷ་མོ་སྐུ་མདོག་སེར་མོ། ཞི་བའི་བཞིན་ཅན་ཕྱག་གཉིས་ཀྱིས་བུམ་པ་འཛིན་པ་ཅིག་བྱུང་བར་བསམས་ལ། མཆོད་པ་དང་གཏོར་མ་ཕུལ་ཏེ། དཔལ་ཧེ་རུ་ཀ་མཆོད་ཅིང༌། མ་མ་སྣ་ཚོགས་རིན་ཆེན་འཛིན། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ས་འདིར་དཀྱིལ་འཁོར་བྲི་བར་བྱ། །ཞེས་ས་བསླངས་ལ། དེ་ནས་གསོལ་བ་གདབ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་
― DTG025_Page_0549 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །པའི་ཚུལ་དང་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྟོབས་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་བརྗོད་ལ་དེ་ཉིད་དུ་ཐིམ་པར་བསམ་མོ། །ས་བཟུང་བ་ནི་སློབ་དཔོན་སའི་དབུས་སུ་འདུག་སྟེ། མེ་ཏོག་གི་ཕྲེང་བ་དང༌། ཅོད་པན་ལ་སོགས་པས་བརྒྱན་ཏེ། རྡོ་རྗེ་དྲིལ་བུ་གཟུང་སྟེ་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པ་ལ་སློབ་མ་བཞིས་རྒྱན་ཆ་དང་རྡོ་རྗེ་དྲིལ་བུ་འཛིན་པས་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷ་མོ་བཞིར་བསྒོམས་ལ། ཕྱོགས་བཞི་ནས་གསོལ་བ་གདབ་སྟེ། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་འཛིན་པ་ལས་བྱུང་བའི། །དཀྱིལ་འཁོར་གཙོ་བོ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་མ་ཐམས་ཅད་ཡང་དག་སྤངས། ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་ནི་མཆོག་ལས་བྱུང༌། །ཡེ་ཤེས་སྤྱོད་པ་རྣམས་སྦྱང་བ། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཀུན་དུ་བཟང་པོ་ཐུགས་ཀྱི་མཆོག །དཀྱིལ་འཁོར་སྙིང་པོ་བཤད་དུ་གསོལ། །དེ་ནས་བདག་ལྷའི་ང་རྒྱལ་གྱིས་བསྒྱིངས་པ་དང་བཅས་པས་མིག་གཡས་པར་ཨ་ལས་ཟླ་བ་གཡོན་པར་ཊ་ལས་ཉི་མ་བསམས་ཏེ། རྐང་པའི་མཐིལ་དུ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེ་གདེངས་པ་བསྒོམས་ལ། དབང་ལྡན་དུ་སོང་ལ་རྡོ་རྗེ་གསོར་ཏེ། ཧཱུཾ་རིང་པོ་བརྗོད་ལ། དེང་སློབ་དཔོན་ས་ཕྱོགས་འདིར་སློབ་མའི་དོན་དུ་ལས་འདི་བརྩམས་ཀྱིས། འདི་ན་གནས་པའི་ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། འབྱུང་པོ་དང༌། ཤ་ཟ་དང་སྲིན་པོ་ལ་སོགས་པ་གང་དག་གནས་པའི་སའི་བདག་པོ་རྣམས་མྱུར་དུ་དེང་ཤིག །འདི་ལྟར་དཔལ་ཧེ་རུ་ཀའི་བཀའ་ཐོས་ནས་མྱུར་བ་ཉིད་དུ་སོང་ཤིག་གང་དག་མི་འགྲོ་བ་དེ་དག་ལ་ངའི་རྡོ་རྗེ་དང་བཅས་པའི་ཁ་ཊྭཱཾ་ག་འདིས་མགོ་ཚལ་པ་བརྒྱར་བཀས་པར་བྱའོ་ཞེས་བྱ་བ་ལན་གསུམ་དུ་བརྗོད་ནས་དེ་ནས་ཡང་རྡོ་རྗེ་
― DTG025_Page_0550 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གསོར་ནས། ཧཱུཾ་ལུས་ངག་སེམས་དང་ལྡན་པ་ཡི། །བགེགས་ཀྱི་ཚོགས་ཀུན་ང་ལ་ཉོན། །ང་ནི་དཔལ་ལྡན་སྙིང་རྗེའི་སྟོབས། །སྲུང་བའི་འཁོར་ལོ་རབ་སྦྱོར་བས། །རྡོ་རྗེ་འབར་བའི་ཁ་ཊྭཱཾ་གས། །སྐུ་གསུམ་ལས་བྱུང་དགས་པར་བྱ། །གལ་ཏེ་བདག་ཚིག་ལས་འདས་ན། །ཞིག་འགྱུར་འདིར་ནི་ཐེ་ཚོམ་མེད། །གཡས་བརྐྱང་དང་གཡོན་བསྐུམ་ལ་སོགས་པའི་རྡོ་རྗེའི་འགྲོས་ཀྱིས་ཀུན་དུ་བསྐོར་ཞིང་བཅགས་ལ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་ལ་ཙནྡན་དམར་པོ་བསྐུས་ཏེ། མེ་ཏོག་དམར་པོ་བཏགས་པ་དགུ་དབུས་དང་ཕྱོགས་མཚམས་སུ་དགུ་བཏབ་ལ་ལྷ་ལ་ཕྱག་ཕྱའོ། །ས་བསྲུང་བ་ནི་དཀྱིལ་འཁོར་གྱི་སའི་དབུས་གནས་ལ་བགེགས་ཉེ་བར་ཞི་བར་བྱ་བའི་ཕྱིར། རབ་དང་དྲ་བ་དང་ས་གཞི་ལ་སོགས་པའི་སྲུང་བའི་འཁོར་ལོ་བསྒོམས་ལ། སྙིང་གནས་བགེགས་མཐར་བྱེད། སྟོད་ཁྲོ་བོ་སྨད་ཕུར་བུའི་དབྱིབས་ཅན་དུ་བྱུང་སྟེ། ཨོཾ་གཏ་གྷ་།གྷཱ་ཏ་ཡ་གྷཱ་ཏ་ཡ། སརྦ་དུ་ཥྚཱཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ། སརྦ་པཱ་པཾ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ། བཛྲ་དྷ་རོད་ཨཱཛྙཱ་པ་ཡཱ་ཏི། ཀཱ་ཡ་བཱཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་བགེགས་རྣམས་ཕུར་བུས་བཏབ་སྟེ། ཨོཾ་རཀྵ་རཀྵ་ཞེས་པ་དང་འབྲུ་གསུམ་བཟླས་པར་བྱའོ། །དེ་ནས་ལྷ་སྟ་གོན་ལ་གནས་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུས་དབུས་སུ་སོར་བཅུ་པ་གྲུ་བཞིར་བྱུགས་ལ། ཕྱོགས་བཞིར་ལྷ་མོ་རྣམས་ཀྱི་གནས་སུ་ནི་སོར་དྲུག་པའི་ཟླུམ་པོར་བྱས་ལ། སོ་སོར་མེ་ཏོག་རེ་རེ་གཞག་སྟེ། སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀུག་ལ་མཆོད་པའི་ཁྱད་པར་གྱིས་མཆོད་དེ། དེའི་རྗེས་ལ་བསྟོད་པ་བྱ་སྟེ། མཆེ་བ་གཙིགས་ཤིང་འཇིགས་པ་ཆེ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྟག་ཏུ་གསོལ་མཛད་པའི། །ཧེ་རུ་ཀ་ལ་བདག་ཕྱག་འཚལ། །རྣམ་པར་སྣང་མཛད་ར་བཏུ་དག །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་གྱིས་ནི་འོད་གསལ་མཆོག །སངས་རྒྱས་མཁའ་འགྲོ་ཕྱག་འཚལ་བསྟོད། །མི་བསྐྱོད་པ་ཡི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་མཁའ་འགྲོ་བསྟོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །དངོས་ཉིད་དག་པས་
― DTG025_Page_0551 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གོས་མེད་པའི། །རིན་ཆེན་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨའི་མཁའ་འགྲོ་ཕྱག་འཚལ་བསྟོད། །རྡོ་རྗེ་དག་པ་གདོན་མི་ཟ། །བསམ་པ་ཐམས་ཅད་རབ་རྫོགས་བྱེད། །སངས་རྒྱས་ངོ་བོ་ཉིད་ལས་བྱུང༌། །སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་ལ། དེ་ནས་བསྐོར་བ་བྱས་ལ་བདུད་རྩི་ལྔ་དང་ལྡན་པའི་བདུག་སྤོས་ལག་ཏུ་ཐོགས་ཏེ། བུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་འདི་སྐད་ཅེས་གསོལ་བ་གདབ་སྟེ། ཧེ་རུ་ཀ་དཔལ་དཔའ་བོའི་མཆོག །རིག་པའི་རྒྱལ་ལ་ཕྱག་འཚལ་འདུད། །ཁྱེད་རྣམས་ལ་ནི་མཆོད་པ་དང༌། །སློབ་མ་རྣམས་ལ་བརྩེ་བྱའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཀྱིས། །དཀྱིལ་འཁོར་ས་ནི་བསྒྲུབ་པར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་བས་གནང་བར་མཛད་པར་འོས། །འགྲོ་བའི་འཁོར་ལོའི་དོན་མཛད་པའི། །སངས་རྒྱས་མགོན་པོ་བརྩེར་ལྡན་དང༌། །བྱང་ཆུབ་སེམས་དཔའི་དགྲ་བཅོམ་དང༌། །སྔགས་ཀྱི་ལྷ་གཞན་གང་ལགས་དང༌། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང༌། །གང་ཡང་འབྱུང་པོ་མཐུ་ཆེན་དང༌། །གང་ཡང་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རྡོ་རྗེ་ཆེ་གེ་མོ་བདག་གིས། །ཧེ་རུ་ཀ་འབྱུང་དཀྱིལ་འཁོར་མཆོག །ཡོ་བྱད་ཅི་འབྱོར་བདག་གིས། །འགྲོ་བདག་ཕྱིར་བདག་སྒྲུབ་ན། །བདག་དང་སློབ་མར་བཅས་པ་ལ། ཐུགས་རྗེས་ཐུགས་དཔག་མཛད་ནས་ཀྱང༌། །དཀྱིལ་འཁོར་པར་བཅས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ་པ་ནི་ལྷ་སྟ་གོན་ལ་གནས་པའོ། །དེ་ནས་ལས་ཀྱི་བུམ་པ་སྟ་གོན་ལ་གནས་པའི་བུམ་པ་མཚན་ཉིད་དང་ལྡན་པ་གཅིག་དྲི་ཞིམ་པོས་བྱུགས་ཏེ། ལས་ཐམས་ཅད་པའི་མཚན་མ་བྲིས་ལ། དེ་ཉིད་ཀྱི་སྔགས་ཀྱིས་ཡུངས་ཀར་གྱིས་བརྡེག་གོ །གུ་གུལ་གྱིས་བདུག་ལ་དོར་ཆུ་དང་འབྲུ་དང་སྨན་དང་རིན་པོ་ཆེ་རྣམས་སྩལ་ཏེ། །
― DTG025_Page_0552 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཁ་རྒྱན་དང་མགུལ་ཆིང་ས་དང་ཕྲེང་བ་ལ་སོགས་པས་བརྒྱན་ལ། དེ་ནས་སྟོང་པ་ཉིད་དུ་བསྒོམ། །དེའི་ངང་ལས་པཾ་ལས་པདྨ། བཾ་ལས་བུམ་པ། དེའི་ནང་དུ་པདྨ་ལ་གནས་པའི་ཁྲོ་བོ་བསྐྱེད་ལ་སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་ཁྲོ་བོ་བཀུག་སྟེ་བཅུག་ནས་མཆོད་པ་དང་གཏོར་མ་གཏང་བ་དང༌། ཁ་རྒྱན་གྱི་སྟེང་དུ་རྡོ་རྗེ་བཞག་སྟེ། ལས་ཐམས་ཅད་པའི་སྔགས་འབྲུ་གསུམ་དང་སྤེལ་བ་བཟླས་ལ། བཅོམ་ལྡན་འདས་རིག་པའི་རྒྱལ་པོས། །བདག་ཅག་གིས་ལས་འདི་མ་གྲུབ་ཀྱི་བར་དུ་བགེགས་ཐམས་ཅད་བཟློག་ཅིག་ཅེས་བརྗོད་ལ་སྒོ་ཕྱོགས་སུ་བཞག་གོ །སློབ་མ་སྟ་གོན་ལ་གནས་པ་ནི་སྔར་བསྟན་པ་ལྟར་ཤིན་ཏུ་བརྟགས་པའི་སློབ་མ་ཁྲུས་བྱས་ལ་གོས་གསར་པ་བགོས་ནས་མཎྜལ་བྱས་ཏེ། ལག་ན་མེ་ཏོག་དང་བཅས་པ་དཀྱིལ་འཁོར་གྱི་དྲུང་དུ་བཞག་སྟེ། པུས་མོ་བཙུགས་ཏེ་ཐལ་མོ་སྦྱར་ནས་གནས་པ་ལ། སློབ་དཔོན་གྱིས་འདི་སྐད་བརྗོད་དེ། སྔགས་ཀྱི་དངོས་གྲུབ་དོན་དེ་གང༌། །དཀྱིལ་འཁོར་འདིར་ནི་གཞུག་པར་བྱ། །བསོད་ནམས་འདོད་པ་དེ་ལས་གཞན། །གང་དག་འཇིག་རྟེན་ཕ་རོལ་གཉེར། །དག་པ་ཆེན་པོར་ལྡན་པ་དག །འཇིག་རྟེན་ཕ་རོལ་ལ་དམིགས་ལ། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། འདི་ཡི་འབྲས་བུ་གཉེར་མི་བྱ། །གལ་ཏེ་འདི་འབྲས་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར། །འཇིག་རྟེན་ཕ་རོལ་ལ་དམིགས་ན། །འབད་པ་མེད་པར་འདི་འབྲས་འགྲུབ། །ཅེས་བྱ་བ་བསྒྲགས་ལ། དེ་ནས་སློབ་མས་འདི་སྐད་གསོལ་བ་གདབ་སྟེ། སངས་རྒྱས་མཁའ་འགྲོས་ཡོངས་འཁྱུད་པའི། །དཔའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཆེན་པོ་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བདག་ལ་བྱང་ཆུབ་སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་བརྗོད་དོ། །བུ་ཚུར་ཤོག་ཅིག་ཐེག་ཆེན་གྱི། །
― DTG025_Page_0553 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་པས། །སྔགས་སྤྱོད་ཚུལ་གྱིས་ཆོ་ག་རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་ཀུན། །དེ་དག་གིས་ནི་གསང་སྔགས་ཀྱི། །ཆོ་ག་ཡིས་ནི་འདི་བསྒོམས་ནས། །དཔའ་བོ་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །ཤཱཀྱ་སེང་གེ་སྐྱོབ་མཆོག་གིས། །གསང་སྔགས་སྦྱོར་བ་མཉམ་མེད་པས། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །དཔུང་ཆེན་དག་ཀྱང་དེས་བཅོམ་ནས། །འཇིག་རྟེན་མཐུན་པར་གཤེགས་ནས་སུ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་བྱོས་ཤིག །ཅེས་བརྗོད་ལ། དེ་ནས་སློབ་མས་སེམས་བསྐྱེད་ཅིང༌། །སྡོམ་པ་བཟུང་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་ཡི་རངས་ཏེ། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །དེ་ནས་རྩ་བའི་སྔགས་ཀྱིས་བསྲུངས་ནས། སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ། ཨོཾ་ཨཱཿཧཱུཾ། ཞེས་པས་བྱིན་གྱིས་བརླབས་ལ། དེ་ནས་ཁུ་ཚུར་གཡས་པས་རྡོ་རྗེ་བཟུང་སྟེ་ལངས་ལ། ཙནྡན་གྱི་ཆུ་དང་བཅས་པས་སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་ཡི་གེ་འབྲུ་གསུམ་བརྗོད་ཅིང་ཉེ་རེག་བྱའོ། །དེ་ནས་སྔགས་དང་བཅས་པས་སྤྱི་བོར་མེ་ཏོག །མདུན་དུ་སྤོས། མིག་སྔར་མར་མེ་བྱིན་ལ། དེ་ནས་སོ་ཤིང་ཨ་ཤྭཏྠ་ལ་སོགས་པ་ལས་བྱུང་བ་གས་ཆག་མེད་ཅིང་དྲང་བ་སོར་བཅུ་གཉིས་པའི་ཚད་ལ་རྩེ་མོའི་ཕྱོགས་སུ་མེ་ཏོག་དང་བཅས་པ་ལ་རྩ་བའི་སྔགས་མངོན་པར་བཟླས་ཏེ་བྱིན་ལ་རྩེ་མོ་མེ་ཏོག་དང་བཅས་པ་འཆོས་ཏེ། བ་ལང་གི་ཀོ་བ་ཙམ་གྱིས་མཎྜལ་བྱུགས་ལ། ཁ་ཤར་དུ་བལྟས་ཏེ་དྲང་པོར་དོར་རོ། །རྩེ་མོ་ཕྱོགས་གང་དུ་བལྟས་པ་ལས། ལས་དང་དངོས་གྲུབ་ཀྱི་ལྟས་བརྟག་པར་བྱའོ། །དེ་ནས་དྲིའི་ཆུ་ལ་ཨོཾ་ཧྲཱིཿ་བི་ཤུདྡྷཿ་སརྦ་དྷརྨཱཿ་སརྦ་པཱ་བཾ་ནིཤྩ་སཾ་ཤོ་དྷ་ཡ་སརྦ་བ་ཀི་ཝཱན་ཨ་པ་ན་ཡ་ཧཱུཾ་ཞེས་པས་མངོན་པར་བསྔགས་ལ་ལན་གསུམ་བླུད་དོ། །དེ་ནས་ཡི་གེ་དྷཱིཿ་ཞེས་བཟླས་པའི་ཀུ་ཤ་སྔས་སུ་བྱིན་ལ།
― DTG025_Page_0554 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཧ་བཟླས་པ་ནི་སྟན་དུ་སྦྱིན་ནོ། །དེ་ནས་ཨཱཿ་ཧཱུཾ་ཞེས་པའི་སྐུད་པས་མདུད་པ་གསུམ་དང་ལྡན་པ་དཔུང་པར་གདགས་སོ། །དེ་ནས་སྤྲོ་བ་བསྐྱེད་ཅིང་ཆོས་བཤད་དོ། །འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུ་མྦཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་སྲིད། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་བར་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང༌། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པས། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །ལེགས་པ་ཉིད་དུ་འགྲོ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བ། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཞེས་བརྗོད་ལ། དེའི་རྗེས་ལ་སློབ་མ་རྩ་བའི་སྔགས་ཀྱིས་བསྲུངས་ལ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྡོམ་པ་འཛིན་དུ་གཞུག་གོ །མི་ལྡོག་འཁོར་ལོའི་དབང་བསྐུར་བ། །མགོན་པོས་བདག་ལ་སྩལ་ནས་ཀྱང༌། །འཁོར་ལོ་ལྷ་ཡི་དེ་ཉིད་དང༌། །སློབ་དཔོན་ཡོངས་སུ་ཕྲིན་ལས་དང༌། །སངས་རྒྱས་ཀུན་གྱི་དམ་ཚིག་དང༌། །གསང་བའི་སྡོམ་པ་བླ་མེད་གསུངས། །ཞེས་སོ། །དེ་ནས་རྨི་ལམ་ཅི་མཐོང་བ་ང་ལ་སྨྲོས་ཤིག །ཅེས་བསྒོ་ལ་རང་རང་གི་གནས་སུ་བཏང་སྟེ། ལྷ་ལ་ལྷག་པར་མོས་
― DTG025_Page_0555 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །པས་ཉལ་ལ་རྨི་ལྟས་བརྟག་གོ །དེ་ནས་སློབ་དཔོན་གྱིས་ནང་དུ་ཞུགས་ཏེ། སློབ་མ་བསྲུང་བའི་ཕྱིར། འཁོར་ལོ་ཅན་གྱི་སྔགས་བཟླས་ནས་གཏོར་མ་གཏང་ངོ༌། །ནང་པར་སློབ་མ་བོས་ནས་རྨི་ལྟས་དྲིས་ལ། མི་དགེ་བའི་ལྟས་མཐོང་ན་རྩ་བའི་སྔགས་བཟླས་ལ་བསྲུང་ངོ༌། །སློབ་མ་སྟ་གོན་ལ་གནས་པའོ། །དེ་ནས་ཐིག་བྲི་ཞིང་གདབ་སྟེ། དེ་ཡང༌། རས་བལ་ལ་སོགས་ལེགས་བཀལ་བའི། །གསར་ཞིང་སྦོམ་ཕྲ་འཇུར་མདུད་མེད། །དཀྱིལ་འཁོར་ཉིས་འགྱུར་ཚད་ཀྱིས་ནི། །མཁས་པས་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ནས་ལས་ཐམས་ཅད་པའི་སྐུད་པས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཐིག་གདབ་སྟེ། དེ་ཡང༌། དང་པོར་ཚངས་ཐིག་གཉིས་བཏབ་ནས། །དེ་འོག་མཚམས་ཀྱི་ཐིག་གཉིས་བྲིས། །དེ་ནས་དཀྱིལ་འཁོར་ཚད་དང་ནི། །མཐུན་པར་གྲུ་བཞིར་གདབ་པར་བྱ། །ཕྱོགས་དང་མཚམས་དང་ཐིག་གི་བར། །མཉམ་བོར་ཆ་སྙོམས་གདབ་པར་བྱ། །དེ་ནས་སློབ་དཔོན་དབུས་འདུག་ལ། །དབུས་སུ་ཕུར་པ་བཏབ་ནས་ནི། །ཐིག་སྐུད་ཉིས་ལྟབ་ཕུར་ལ་གདགས། །དེ་འོག་སྙིང་པོ་ཕོ་བྲང་ནི། །ཇི་ཙམ་རིགས་པར་ཟླུམ་པོར་བསྐོར། །དེ་ནས་དབང་ལྡན་ཕྱོགས་ནས་ནི། །སློབ་མས་རིམ་པ་གཉིས་བསྐོར་ནས། །རྡོ་རྗེའི་རབ་མེ་རི་བཅས། །ཟླུམ་པོ་གཉིས་སུ་བསྐོར་བྱས་པས། །དབུས་སུ་སྣ་ཚོགས་པད་འདབ་བརྒྱད། །རྡོ་རྗེ་ཕྲེང་བ་བཅས་པར་འགྱུར། །དེ་ནས་ཡེ་ཤེས་ལྔའི་རང་བཞིན་གྱི་ཚོན་སྣ་ལྔ་ཁ་དོག་བསྒྱུར་བའི་སྐུད་པ་སྣོད་སོ་སོར་བཞག་ལ་བདག་ཉིད་དཔལ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་གནས་པ་དང༌། མིག་གཉིས་སུ་ཊ་དང་མ་ལས་ཉི་མ་དང་ཟླ་བ་བསམས་ལ། འབར་བའི་ལྟ་བས་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་ལ་བཀུག་སྟེ། དེར་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་བདུད་རྩི་ལྔས་གཏོར་རོ། །དེ་ཡང༌། རབ་ཕྱུང་མྱུར་པར་བསྐུལ་བའི་མིག །མིག་གི་རྫི་མས་འགུགས་བྱེད་པའི། །འབར་བའི་ལྟ་བ་ཞེས་བྱ་སྟེ། །འགྲོ་བ་ཐམས་ཅད་འགུགས་པར་བྱེད། །ཅེས་སོ། །དེ་ནས་ཨོཾ་ཨ་བྷ་ག་བཱན་ཤ་ཤྭ་སྭ་
― DTG025_Page_0556 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཏེ་སུ་ཏྲཾ་པྲ་ཡཙྪ་སྭ་ཙ་ཀྲ་སཱུ་ཏྲ་ནཱ་ཡ་ཧཱུཾ་ཞེས་པས་ནམ་མཁའ་ལ་བཞུགས་པའི་དཀྱིལ་འཁོར་ལས། ཡེ་ཤེས་ཀྱི་སྐུད་པ་བླངས་ཏེ། དེ་ཡང༌། ཕན་ཚུན་རྗེས་སུ་རྟོག་པ་སྟེ། །ཆོས་ཀུན་ཕན་ཚུན་རྗེས་སུ་འགྲོ། །ཆོས་རྣམས་ཐམས་ཅད་རྗེས་སུ་ཡང༌། །འགྲོ་བ་ཕན་ཚུན་རྗེས་སུ་བརྗོད། །ཅེས་བརྗོད་ལ། སློབ་མ་རྡོ་རྗེ་མཁའ་འགྲོ་མར་བསྒོམས་པ་དང་གཉིས་ཀྱིས་ལྷན་ཅིག་ཏུ་བསྒྲིལ་ཏེ། ཨོཾ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྦ་ར་སྤ་ར་སརྦ་དྷརྨཱཿ་ཨ་ནུ་པྲ་བིཥྛ་སརྦ་དྷརྨཱ་ཧཱུཾ། ཞེས་བརྗོད་ཅིང་གཅིག་ཏུ་བསྒྲིལ་ལོ། །དེ་ནས་བདག་ཉིད་ནུབ་ཕྱོགས་སུ་གནས་ལ། རྡོ་རྗེ་ལ་དཀྲིས་པའི་སྐུད་པ་ཁུ་ཚུར་གཡོན་པས་བཟུང་སྟེ། ཤར་ཕྱོགས་ན་གནས་པའི་སློབ་མ་ལ། ཛཿཛཿཛཿཞེས་གཏད་ལ་ཚངས་ཐིག་དང་པོ་གདབ་སྟེ། ཨོཾ་བཛྲ་སཱུ་ཏྲ་ས་མ་ཡ་མཱ་ཏི་ཀྲ་མ་ཧཱུཾ། སེམས་ཅན་དོན་དུ་བྱེད་དུས་སུ་ནི། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས། །དེ་དག་འདིར་ནི་གཤེགས་བྱའི་ཕྱིར། །ཐིག་སྐུད་སྒྲ་ཡིས་བསྐུལ་བར་བྱ། །ཞེས་བརྗོད་ལ་གདབ་པོ། །དེ་ལྟར་ནམ་མཁའ་ལ་ཐིག་ཐེབས་པ་ནི་ཐིག་སྐུད་ཀྱི་སྒྲས་དེ་བཞིན་གཤེགས་པ་རྣམས་བསྐུལ་ཏེ་བྱོན་པར་འགྱུར་རོ། །དེ་ནས་བསྐོར་བའི་ཕྱོགས་སུ་སོང་སྟེ། གཤིན་རྗེའི་ཕྱོགས་སུ་གནས་པས་བྱང་ཕྱོགས་ན་གནས་པའི་སློབ་མ་དང་ཚངས་ཐིག་གཉིས་པ་གདབ་པོ། །དེ་བཞིན་ས་ལ་ཡང་གདབ་པོ། །དེ་ནས་མེ་མཚམས་སུ་སོང་སྟེ། དབང་ལྡན་གྱི་མཚམས་ན་གནས་པ་དང་ཤར་ཕྱོགས་ཀྱི་ཐིག་གདབ་པོ། །དེ་བཞིན་དུ་སྐོར་ཕྱོགས་དང་སྦྱར་ལས་ཐིག་ཇི་ལྟར་གནས་པ་དེ་བཞིན་དུ། ནམ་མཁའ་དང་ས་ལ་ཡང་གདབ་པོ། །དེ་ནས་ཨོཾ་བཛྲ་མུཿ་ཞེས་པས་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་ལོ། །དེ་ནས་བྲི་ཚོན་ཏེ། གསེར་ལ་སོགས་པའི་ཚོན་རྩི་ལྔའམ། མ་འབྱོར་ན་འབྲས་ཕྱེ་ལ་སོགས་པའི་ཕྱེ་མ་ཞིབ་ཏུ་བཏགས་ཏེ། དྲི་ཞིམ་པོས་བདུགས་ཏེ། ཐོད་པའི་སྣོད་དུ་བཞག་ནས་ཐིག་གི་སྐབས་དང་འདྲ་བར་འབར་བའི་ལྷའི་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ལ། ཁ་དོག་ཇི་ལྟ་བ་བཞིན་དུ་བསྟིམ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་མངོན་པར་བསྔགས་ལ། ཆོས་དབྱིངས་འདི་ནི་རྣམ་པར་དག །སེམས་ཅན་ཁམས་
― DTG025_Page_0557 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །རྣམས་སྒྲོལ་བྱེད་པའི། །ཧེ་རུ་ཀ་དཔལ་རྒྱལ་ཆེན་གྱི། །དཀྱིལ་འཁོར་སྙིང་པོ་བྲི་བར་བྱ། །ཞེས་བརྗོད་ནས་ལག་པ་གཡོན་པའི་ཁུ་ཚུར་གྱིས་ཚོན་རྩི་རྣམས་སོ་སོར་བཟུང་ལ། དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་རི་མོ་ཕན་ཚུན་མ་འབྱར་བ་དང༌། ཡ་ཡོ་མེད་པར་གཡས་སྐོར་དུ་བྲི། དེའི་རིམ་པ་ལ་ནི་ནང་རོལ་ནག་པོའོ། །དེའི་ཕྱིར་དཀར་པོའོ། །དེའི་ཕྱི་རོལ་སེར་པོ། དེ་ནས་དམར་པོ། ཐ་མར་ལྗང་གུའོ། །དེ་ལྟར་རི་མོ་ལྔ་པོ་ཅུང་ཟད་ཅིག་བྲིས་ནས། ཁམ་ཕོར་ལ་སོགས་པས་བཀབ་ལ་ཕྱི་ནས་མཚན་མ་བརྟག་གོ །ཕྱི་ནས་སློབ་མ་རྣམས་ཀྱིས་ཅི་བདེར་བྲིས་ཏེ། རྡོ་རྗེ་ཕྲེང་བས་བསྐོར་བའི་སྙིང་པོའི་དཀྱིལ་འཁོར་ནི་དཀར་པོའོ། །དེའི་ཕྱི་རོལ་གྱི་པདྨ་འདབ་མ་བརྒྱད་ནི་དམར་པོའོ། །རྡོ་རྗེ་ཕྲེང་བ་ནི་ནག་པོའོ། །དེའི་ཕྱི་རོལ་དུ་ནག་པོ་ལ་དུར་ཁྲོད་བརྒྱད་དོ། །དེའི་ཕྱི་རོལ་དུ་རྡོ་རྗེ་རི་རབ་མེ་འོད་དང་བཅས་པའོ། །དབུས་ཀྱི་སྙིང་པོ་ཕོ་བྲང་ལ། ཉི་མ་ལ་གནས་པའི་ཐོད་པའམ། ཁ་ཊྭཱཾ་ག་བྲིའོ། །ཤར་དུ་ཉི་མའི་སྟེང་དུ་རྡོ་རྗེའོ། །ལྷོར་ཉི་མའི་སྟེང་དུ་རིན་པོ་ཆེའི་ལྕུག་མའོ། །ནུབ་ཏུ་ཉི་མའི་སྟེང་དུ་པདྨའོ། །བྱང་དུ་ཉི་མའི་སྟེང་དུ་རལ་གྲིའོ། །ཕྱི་རོལ་དུར་ཁྲོད་བརྒྱད་རྣམས་ནི་ཤིང་ལོ་ལ་གནས་པའི་ཕྱོགས་སྐྱོང་གི་གདན་གྱི་མགོ་རྡོ་རྗེའི་ཕྲེང་བ་དང་མེ་འོད་ཅི་རིགས་པར་བྲིའོ། །དེ་ནས་བགེགས་བསལ་བ་ནི་བདག་ཉིད་ཁྲོ་བོ་ལས་ཐམས་ཅད་པའི་སྐུར་བསྒོམས་ལ། །རྡོ་རྗེ་དྲིལ་བུ་གསོར་ཞིང་ལན་གསུམ་དུ་བསྐོར་ལ། ཧཱུཾ་ཞེས་བརྗོད་ཅིང་གཡས་བརྐྱང་ལ་སོགས་པ་ལས་ཀྱི་སྦྱོར་བ་དང༌། ཁྲོ་བོའི་ཕྲེང་སྔགས་བཟླས་པའི་ངག་གི་སྦྱོར་བ་དང༌། སྟོང་པ་ཉིད་བསྒོམས་པའི་སེམས་ཀྱི་སྦྱོར་བས་བགེགས་བསལ་ལོ། །དེ་ནས་བུམ་པ་གཞུང་དང་མཐུན་པར་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་མེད་པ་ལྔ་ལ། ལྷ་སོ་སོའི་མཚན་མ་བྲིས་ནས། །གོང་དུ་སྨོས་པའི་ཆོ་གས་བྱིན་གྱིས་བརླབས་ལ། དབུས་ཀྱི་བུམ་པར་དཔལ་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་ནས་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་ལྷ་བཀུག་ནས་བསྟིམ་སྟེ། མེ་ཏོག་ལ་སོགས་པས་མཆོད་ནས། རྡོ་རྗེ་ཁ་རྒྱན་གྱི་སྟེང་དུ་བཞག་སྟེ། རྩ་བའི་སྔགས་འབྲུ་གསུམ་དང་བཅས་པ་བརྒྱ་རྩ་བརྒྱད་བཟླས་ནས། དེ་ནས་
― DTG025_Page_0558 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཡབ་ཡུབ་འོད་དུ་ཞུ་སྟེ། ཡེ་ཤེས་ཀྱི་བདུད་རྩིའི་ཆུར་གྱུར་པར་བསམ་མོ། །དེ་བཞིན་དུ་བུམ་པ་བཞི་ལ་ཡང་རྫོགས་པར་བྱའོ། །གཞན་ཡང་ཡོན་ཆབ་ལ་སོགས་པའི་མཆོད་པ་རྣམས་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་གདན་དང་གོས་ཀྱིས་དག་པ་ལ་སོགས་པ་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པ་ནི། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བའི་ལྕི་བས་བྱུགས་ལ། མེ་ཏོག་སིལ་མ་བཀྲམ། བླ་བྲེ་དང༌། རྒྱལ་མཚན་ལ་སོགས་པ་བྲེ། བུམ་པ་ཀུན་ནས་སོ་སོར་བཞག་སྟེ། རྣམ་པར་རྒྱལ་བའི་བུམ་པ་གཞག་པའམ་ཡང་ན་ཤར་ཕྱོགས་ཀྱི་སྒོའི་ནང་དུ་གཞག་གོ ། ལས་ཐམས་ཅད་པའི་བུམ་པ་ནི། བསང་གཏོར་བྱ་བའི་ཕྱིར་སྒོའི་གཡས་ཕྱོགས་སུ་གཞག་གོ །བུམ་པ་ཀུན་ལས་ཆུ་ཉུང་ཟད་བསྡུས་ལ་པདྨའི་སྣོད་དུ་བླུགས་ཏེ། རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་གཞག་གོ །དེ་ནས་སློབ་དཔོན་བདག་ཉིད་ཁྲུས་བྱས་ཏེ། རྒྱན་ཆས་ལྡན་པར་བྱས་ལ་ནང་དུ་ཞུགས་ཏེ། སྟན་བདེ་བ་ལ་འདུག་ནས་རིམ་པ་འདི་གཉིས་ཀྱིས་དཀྱིལ་འཁོར་སྤྲུལ་པར་བྱ་སྟེ། ལོ་བཅུ་གཉིས་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་བུ་མོའམ་ཡང་ན་འོད་ཀྱི་རིག་མ་སྙིང་ག་ནས་ཕྱུང་ལ། ཡབ་ཡུམ་གཉིས་ལྷའི་སྐུར་བསྒོམས་ནས། གསང་གནས་གཉིས་བྱིན་གྱིས་བརླབས་ཏེ། སྙོམས་པར་ཞུགས་ནས་བདེ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་བདག་ལ་བཅུག་སྟེ། བདག་ལ་འཁོར་ལོའི་ཚུལ་དུ་ནམ་མཁའི་ཁམས་ལ་ཁྱབ་པར་སྤྲོས་ནས་སླར་བསྡུས་ཏེ། ཡེ་ཤེས་ཀྱི་ལྷ་དང་འདྲེས་ནས་སོ་སོར་ཞུགས་པའམ། ཡང་ན་སྟོང་པ་ཉིད་དུ་བསྒོམ་པའི་དང་ལས་ཧཱུཾ་གི་སྣང་བ་ལས་ར་བ་དང་དྲ་བ་དང་ས་གཞི་བསྒོམས་ལ། དེའི་ནང་དུ་སྣ་ཚོགས་པདྨ་བསམས་ཏེ། དེའི་རྗེས་ལ་དབུས་དང་ཕྱོགས་བཞི་ཆར་ལ། ཉི་མ་ལ་ཐིག་ལེ་ཕྲ་མོ་རེ་རེ་བསྒོམ། དེ་ནས་ཤར་ཕྱོགས་ཀྱི་ཐིག་ལེ་ལས་རྡོ་རྗེའི་རིགས་དཔག་ཏུ་མེད་པ་སྤྲོས་ཏེ། ཡེ་ཤེས་ཀྱི་རྡོ་རྗེའི་རིགས་ཐམས་ཅད་བསྡུས་ནས། ཤར་ཕྱོགས་ཀྱི་ཐིག་ལེ་ལ་ཐིམ་པས་རྡོ་རྗེ་མཁའ་འགྲོ་མར་བསྐྱེད་དོ། །དེ་བཞིན་དུ་མཁའ་འགྲོ་མ་གསུམ་ཡང་བསྐྱེད་དོ། །དབུས་ཀྱི་ཐིག་ལེ་ལས་རིགས་ལྔ་ཆར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་
― DTG025_Page_0559 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །དཔའ་ལ་སོགས་པ་སྤྲོས་ཏེ། སླར་འདུས་ཏེ་དབུས་ཀྱི་ཐིག་ལེ་ལ་ཐིམ་པས་སངས་རྒྱས་མཁའ་འགྲོ་མ་དང་བཅས་པའི་དཔལ་རྡོ་རྗེ་ཧེ་རུ་ཀ་བསྐྱེད་ལ། དེ་ནས་ཡང་ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་པའི་ངོ་བོ་འོད་དུ་ཞུ་སྟེ་འོད་ཀྱི་གོང་བུར་གནས་པ་ལ། ཕྱོགས་བཞིའི་ལྷ་མོ་བཞིས་གླུས་བསྐུལ་བས་ཡབ་ཡུམ་དུས་གཅིག་ཏུ་སྐུར་བཞེངས་པར་བསྒོམ་མོ། །དེ་ལྟར་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་བཅས་པའི་ལྷའི་འཁོར་ལོ་སྤྲུལ་ནས། དེ་ནས་ཕྱིའི་མཆོད་པ་ཡོན་ཆབ་ལ་སོགས་པ་རོལ་མོའི་བར་གྱིས་མཆོད་པའོ། །ནང་གི་མཆོད་པ་ནི་བདུད་རྩི་མྱང་བ་ནས་ནང་གི་ཚོགས་ཀྱི་མཆོད་པའོ། །གསང་བའི་མཆོད་པ་ནི་དབང་པོ་གཉིས་ཀྱི་བདེ་བའོ། །བླ་ན་མད་པའི་མཆོད་པ་ནི་གཉིས་སུ་མེད་པའི་བསྒོམ་པའོ། །དེ་ནས་སྔར་སྨོས་པའི་བསྟོད་པས་བསྟོད་ནས་ལྷ་རྣམས་ཀྱི་སྔགས་འབྲུ་གསུམ་དང་སྤེལ་བ་ཅི་ནུས་པས་བཟླས་ལ་ཡང་ཕྱི་ནང་གི་མཆོད་པས་མཆོད་ནས། དེ་ནས་གཏོར་མ་རྒྱ་ཆེན་པོ་གཏང་ངོ༌། །དེ་ནས་ནང་དུ་ཞུགས་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་ནོད་པའི་ཕྱིར། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་མཛོད་པ་བཞིན། །བདག་ཀྱང་རབ་ཏུ་བསྒྲལ་སླད་དུ། ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་ལྷ་ལ་གསོལ་བ་བཏབ་ལ། དེ་ནས་དཀྱིལ་འཁོར་གྱི་བདག་པོས་བདག་ལ་གནང་བ་བྱིན་ནས་དཀྱིལ་འཁོར་དུ་ཞུགས་པ་ནས་རྗེས་སུ་གནང་བའི་བར་དུ་རྫོགས་པར་བསྐུར་བར་བསྒོམ་མོ། །དེ་ནས་དམ་ཚིག་གི་གླུས་བསྟོད་དེ། ཨོཾ་ནམ་མཁའ་ལས་བྱུང་མཚན་མེད་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་རྟག་པ་སྟེ། འདོད་ཆགས་ཀུན་དུ་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །
― DTG025_Page_0560 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བས་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་སྙེམས་མ་བདག་པོའི་བདག །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་པའི་དམ་ཚིག་མཆོག །ཅེས་པའི་དམ་ཚིག་གི་གླུས་བ་སྟོང་པ་བྱའོ། །དེ་ནས་བདེན་པའི་བྱིན་གྱི་རླབས་འདི་བརྗོད་དོ། །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གི་འདོད་པ་སྐོང་བྱེད་ཤོག །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་དང༌། །དེ་བཞིན་ཁོ་ན་ཉིད་ལས་བྱུང༌། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སེམས་ཅན་རྣམས། །དྲི་མེད་ཐམས་ཅད་ཐོབ་པར་ཤོག །ཅེས་སོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། སློབ་མ་ཁྲུས་བྱས་ཏེ་གོས་གསར་པ་བགོས་ལ་དར་དམར་པོས་གདོང་གཡོགས་ཏེ། ཡོལ་བའི་ཕྱི་རོལ་དུ་བཞག་པ་ལས་ཀྱི་བུམ་པའི་ཆུས་གཏོར་ཏེ། མེ་ཏོག་བཟུང་སྟེ་གནས་པ་ལས་སློབ་དཔོན་གྱིས། འདོད་པ་དགའ་བ་ཁྱོད་སུ་ཡིན། །ཞེས་དྲིའོ། །དེས་ཀྱང༌། བདག་ནི་སྐལ་བཟང་བདེ་ཆེན་མོས། །ཞེས་སྨྲའོ། །ཡང་སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །རབ་ཏུ་འཇུག་པར་ཁྱོད་སྤྲོའམ། །སློབ་མས། ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །བདག་ནི་འཇུག་པར་འཚལ་ལགས་སོ། །ཞེས་ལན་གདབ་པོ། །དེ་ནས་ཨོཾ་སརྦ་ཡོག་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། དེ་ནས་སྡོམ་པ་གཟུང་སྟེ། ཐོག་མེད་དུས་ནས་འཁོར་བ་ནས། །བདག་གིས་སྡིག་པ་ཅི་བགྱིས་དང༌། །བགྱིད་སྩལ་གནག་ལགས་དི་རིང་བཤགས། །གཙོ་ལ་སླར་ཡང་སྡོམ་པར་འཚལ། །རྒྱལ་བ་སྲས་བཅས་རྣམས་དང་ནི། །འགྲོ་གཞན་དགེ་བ་གང་བགྱིད་པ། །དེ་དག་ཀུན་ལ་ཡི་རང་སྟེ། །བྱང་
― DTG025_Page_0561 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཆུབ་ཏུ་ནི་བདག་གིས་བསྔོ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །དི་རིང་བདག་ཉིད་སྐྱབས་སུ་མཆི། །འཁོར་བའི་སྡུག་བསྔལ་གཅོད་པ་དང༌། །དགེ་བ་རྣམས་ནི་སྤེལ་བའི་ཕྱིར། །བྱང་ཆུབ་སེམས་གཉིས་བསྐྱེད་ནས་སུ། །འགྲོ་རྣམས་བདག་གིས་མགྲོན་དུ་གཉེར། །སངས་རྒྱས་གྱུར་ནས་འགྲོ་བ་རྣམས། །མ་ལུས་སྲིད་མ་ཚོ་ལས་བསྒྲལ་བགྱིད། །དེ་ནས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་ལ། །ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ་ཞེས་ལན་གསུམ་དུ་བརྗོད་དོ། །དེའི་རྗེས་ལ་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པར་འགྱུར་གྱིས། གསང་ཆེན་དམ་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང༌། མ་དད་པ་རྣམས་ལ་ཡང་མ་ཡིན་ནོ་ཞེས་བསྒོ་ལ། ཨཱ་ཁཾ་བའི་ར་ཧཱུཾ་ཞེས་པས་ཡོལ་བའི་ནང་དུ་བཅུག་ལ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཏེ། ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཡེ་ཤེས་ངས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་དེའི་སྤྱི་བོར་རྡོ་རྗེ་བཞག་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་སྟེ། གལ་ཏེ་ཚུལ་འདི་གང་སུ་ཡང་རུང་བ་ལ་སྨྲས་ན་ཁྱོད་དམ་ཚིག་གི་རྡོ་རྗེ་འདིས་མགོ་འགས་པར་བྱེད་དོ་ཞེས་བརྗོད་ལ། སླར་ཡང་རྡོ་རྗེ་སྙིང་གར་བཞག་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི། །སྙིང་ལ་དི་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་སོ། །དེ་ནས་མནའ་བསྒགས་ཏེ། རྣམ་རྒྱལ་བུམ་པའི་སྟེང་གི་པདྨའི་སྣོད་ཀྱི་ཆུ་ལ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཥ་ཧཱུཾ་ཞེས་མངོན་པར་བཟླས་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཅེས་བརྗོད་དེ་བླུད་ལ། དེ་རིང་ཚུན་ཆད་ཁྱོད་ཀྱི་
― DTG025_Page_0562 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །རྡོ་རྗེ་སེམས་དཔའ་ང་ཡིན་གྱིས། ངས་གང་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་ལ། ང་ལ་བརྙས་པ་ཡང་མ་བྱེད་ཅིག །བྱས་ན་ཡང་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་གྱུར་ཏ་རེ་ཞེས་སྨོས་ཏེ། དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་རློབས་ལ་དཔལ་ཧེ་རུ་ཀ་བདག་ལ་དབབ་ཏུ་གསོལ། ཞེས་པས་གསོལ་བ་བཏབ་ལ། དེ་ནས་སློབ་མའི་སྙིང་གར་དབང་ཆེན་གྱི་དཀྱིལ་འཁོར་རྡོ་རྗེས་མཚན་པ་ལ་ཧཱུཾ། མགྲིན་པར་ཆུའི་དཀྱིལ་འཁོར་བུམ་པས་མཚན་པ་ལ་བཾ། སྤྱི་བོར་རླུང་གི་དཀྱིལ་འཁོར་བ་དན་གྱིས་མཚན་པ་ལ་ཧཾ། རྐང་མཐིལ་དུ་རླུང་མས་མཚན་པའི་དཀྱིལ་འཁོར་ལ་ཛྷཻཾ་དམར་པོ་བསྒོམས་ལ། རྡོ་རྗེ་དྲིལ་བུ་གསིལ་ཞིང་འགྱིང་བག་དང་བཅས་པས། ཨོཾ་ཨཱ་བེ་ཤ་ཡ་སྟམྦྷ་ཡ། ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཨ་ཧཱ་ཛྷཻཾ་ཨུ་ཞེས་ལན་བརྒྱ་བཟླས་ལ་དབབ་པོ། །བབས་ནས་ལྕེ་ལ་ཨ་དམར་ཕོ་བསམས་ལ། གསུངས་ཤིག་རྡོ་རྗེ་དགེ་མི་དགེ །ཞེས་དྲིས་པས། ལེགས་ཉེས་གང་ཡིན་པའི་ལྟས་སྟོན་པར་འགྱུར་ཏེ། དེ་ཡང་ཐུགས་བབས་ན་ཡོངས་སུ་ཤེས་པ་སྐྱེའོ། །གསུང་བབས་ན་སྔགས་སྨྲའོ། །སྐུ་བབས་ན་ནམ་མཁའ་ལ་གནས་སོ། །དེ་ནས་ཨོཾ་ཏིཥྛ་བཛྲ་ཞེས་པས་བབས་པ་བརྟན་པར་བྱའོ། །འདི་ནི་དབབ་པའི་ཆོ་གའོ། །དེ་ནས་སློབ་མས་མཎྜལ་བྱ་སྟེ། མེ་ཏོག་བཀྲམ་ལ་ལྷ་དང་བླ་མ་ལ་ཡོན་ཕུལ་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པས་གསོལ་བ་གདབ་པོ། །དེ་ནས་སློབ་དཔོན་གྱིས། སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། བདག་གི་སློབ་མ་གཞུག་པར་བགྱི། །ལྷ་ཡི་རིགས་ཀྱི་རིམ་པ་བཞིན། །བསོད་ནམས་གང་ཡིན་དེ་བཞིན་ཤོག །འདིས་ནི་དངོས་གྲུབ་གང་འགྲུབ་དང༌། །རིགས་ནི་གང་གི་སྣོད་དུ་འགྱུར། །འདི་ཡི་བསོད་ནམས་ཅི་ཡོད་པ། །དཀྱིལ་འཁོར་དུ་ནི་དེ་བཞིན་ཤོག །ཅེས་བདེན་པའི་བྱིན་གྱི་རླབས་བརྗོད་ལ། དེ་ནས་མིག་སྔར་སྣང་བའི་འོད་ཀྱི་བྱེ་བྲག་དྲིའོ། །དེས་ཀྱང་སྨྲས་ཏེ། དཀར་པོ་ལ་སོགས་པ་གང་མཐོང་བ་ལས་གང་འགྲུབ་པའི་ལྷའི་ལྟས་བརྟག་གོ །དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྔར་སྨོས་པའི་
― DTG025_Page_0563 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །བསྟོད་པས་བསྟོད་ལ་མེ་ཏོག་དོར་བར་བྱ་སྟེ། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིགས་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་ཡེ་ཤེས་བསྙེན་པའི་ལྷ། །གང་ཡིན་དེ་ལ་འབབ་གྱུར་ཅིག །པྲ་ཏཱི་ཙྪ་ཧོཿ་ཞེས་བརྗོད་པས་མེ་ཏོག་དོར་བར་བྱའོ། །དེ་ནས་མེ་ཏོག་གང་དུ་ལྷུང་བ་དེ་ལས། དེ་དང་མཐུན་པའི་ལྷ་དབབ་པར་བྱ་སྟེ། དེ་ཡང༌། མེ་ཏོག་རིན་ཆེན་ལ་སོགས་པ། །གང་ལ་བབས་པར་རིགས་ཀྱི་ལྷ། །གཙོ་བོར་རིགས་དེ་བསྒོམ་པ་ནི། །དངོས་གྲུབ་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་བརྗོད་ནས་མེ་ཏོག་དེ་སློབ་མའི་མགོ་ལ་བཅིང་ངོ༌། །དེ་ནས་སློབ་མའི་མིག་གཉིས་སུ་ཨོཾ་བསྒོམས་ལ། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱིས། །མིག་འབྱེད་པར་ནི་ནན་ཏན་བྱེད། །བྱེ་བས་ཐམས་ཅད་མཐོང་གྱུར་བས། །རྡོ་རྗེའི་མིག་ནི་བླ་ན་མེད། །ཅེས་བརྗོད་དེ་གདོང་གཡོགས་བཀྲོལ་ལ། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །མེ་ཏོག་གང་དུ་ལྟུང་གྱུར་པ། །དེ་ནི་ཁྱོད་ཀྱི་ལྷ་ཡིན་ནོ། །ཞེས་བརྗོད་ལ། དཀྱིལ་འཁོར་བ་ལྟར་བཅུག་ལ་སྒོ་སྲུང་ནས་ཡར་གཙོ་བོའི་བར་དུ་མིང་བརྗོད་པ་སྔོན་དུ་འགྲོ་བས་བསྟན་པར་བྱ་སྟེ་དཀྱིལ་འཁོར་དུ་གཞུག་གོ །དེ་ནས་དབང་བསྐུར་ཏེ། དེ་ཡང༌། དབང་བསྐུར་ནས་ནི་དེ་ཉིད་བསྟན། །གཞན་དུ་ན་ནི་དངོས་གྲུབ་དག །ཤིན་ཏུ་རིང་བ་ཉིད་འགྱུར་རོ། །རྡོ་རྗེ་འཛིན་པས་དེ་སྐད་གསུངས། །དེ་བས་ན་དངོས་གྲུབ་ཀྱི་ཕྱིར་རྗེས་སུ་མཐུན་པའི་ཡོན་བླ་མ་ལ་ཕུལ་ནས། གསོལ་བ་བཏབ་ལ་ཕྱག་བྱའོ། །སློབ་དཔོན་གྱིས་དེ་ལས་དབང་བསྐུར་བའི་ཕྱིར། །རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་སྙིང་པོའི་དཀྱིལ་འཁོར་གྱི་ཕྱེད་ཙམ་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞི་པ་ལ་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པ་སྒོ་རུ་ལྷ་མོ་བཞིའི་མཚན་མ་བྲིས་ལ། དེར་སློབ་མ་བཞག་སྟེ་ཤིས་པའི་ཆོ་གའོ། །དེ་ཡང་ཡུངས་ཀར་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ལག་པ་གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ནས་ལན་གཉིས་སུ་བསྐོར་ནས་ཁམ་ཕོར་གྱི་མེའི་ནང་དུ་བླུགས་སོ། །དེ་བཞིན་དུ་ལན་
― DTG025_Page_0564 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གསུམ་དུ་བྱའོ། །དེ་ལྟར་ཆུའི་ཤིས་པ་ཡང་བྱའོ། །དེ་ནས་ཡང་རྩ་བའི་སྔགས་ཀྱིས་བསྲུངས་ལ་ཉེ་རེག་བྱ་སྟེ། རྩ་བའི་སྔགས་ཀྱིས་བཏབ་པའི་དྲི་སྙིང་གར། མེ་ཏོག་མགོ་ལ། མར་མེ་མིག་སྔར། མར་དང་ས་རྫ་བསྲེགས་དེའི་བདུག་པས་བདུགས་ཏེ་ཤིས་པའི་ཚོ་གའོ། །དེ་ནས་ཧེ་རུ་ཀར་དམིགས་ལ་དམིགས་ལ་སོགས་པ་བྱིན་གྱིས་བརླབས་ལ། སྟེང་དུ་བླ་བྲེ། གཡས་ཕྱོགས་སུ་ཧཱུཾ་བཟླས་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་གཟུང་ངོ༌། །གཡོན་དུ་རྒྱལ་མཚན་དང༌། བ་དན་བསྒྲེང་ལ་ཟངས་དང་དུང་གི་བུད་པ་ལ་སོགས་པའི་རོལ་མོའི་སྒྲས་ནམ་མཁའ་གང་བར་བསམས་ལ། རྡོ་རྗེ་དང་དྲིལ་བུ་དཀྲོལ་ཏེ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པ་འདབ་དྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོ་ཡིན། །དེ་ཡིས་ཉེ་བར་བསྟན་པའི་དམ་ཆོས་མི་གཡོ་བ། །འཇིག་རྟེན་གསུམ་དུ་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པ་ཡིན། །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །ལྷ་དང་མི་དང་ལྷ་མ་ཡིན་གྱི་སྦྱིན་པའི་གནས། །ཚོགས་ཀྱི་རབ་མཆོག་ངོ་ཚ་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པ་ཡིན། །ཞེས་བྱ་བ་ལ་སོགས་པ་བཀྲ་ཤིས་ཀྱི་གླུ་བླངས་ལ་དབང་བསྐུར་ཏེ། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང༌། །དེ་བཞིན་གཤེགས་པ་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བརྗོད་པའི་དང་པོར་རྣམ་རྒྱལ་གྱི་བུམ་པའི་ཆུས་གཏོར། །དེ་ནས་ལྷ་མོ་རྣམས་ཀྱི་བུམ་པས་སོ། །དེ་ནས་ནང་གི་དབང་བསྐུར་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུའི་ཡེ་ཤེས་ཀྱི་འཁོར་ལོ་ནམ་མཁའ་ལ་བཀུག་ལ། ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །འདི་ལ་དབང་བསྐུར་རབ་ཏུ་སྩོལ། །ཞེས་ཡིད་ཀྱིས་དབང་བསྐུར་ནས། དེ་དག་རང་གི་འོད་ལས་བྱུང་བའི་དབང་
― DTG025_Page_0565 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །བསྐུར་བར་བསམས་ལ། སངས་རྒྱས་དག་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་བཀྲུའོ། །དེ་ནས་བཅོམ་ལྡན་འདས་རིག་མ་དང་བཅས་པ་དེ་དག་སློབ་མའི་བུ་གར་བཙུད་དེ། ལུས་ཐམས་ཅད་བདེ་བའི་རང་བཞིན་དུ་བྱས་ནས། མི་བསྐྱོད་པའི་ཅོད་པན་གྱི་སྦྱོར་བས་བསམས་ཏེ། མི་བསྐྱོད་པའི་རང་བཞིན་གྱི་ཆུའི་དབང་ངོ༌། །དེ་ནས་གསེར་ལ་སོགས་པའི་ཁམས་ཀྱི་རང་བཞིན་ལས་བྱས་པའམ། མ་འབྱོར་ན་དར་དང་རས་ལ་སོགས་པ་ལས་བྱས་པའི་ཅོད་པན་བཅིངས་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཀྱིས་དེར་ཞུགས་པར་བསམས་ཏེ། བདག་པོ་རྟགས་ཀྱིས་མཚན་པ་ཡི། །རྟགས་ཀྱི་དམ་པ་ཅོད་པན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་བས། །འགྲོ་བའི་མགོན་སྐྱབས་བྱེད་པར་ཤོག །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥི་ཉྩ་ཞེས་པས་དབང་བསྐུར་ཏེ། རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ཅོད་པན་གྱི་དབང་ངོ༌། །དེ་ནས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ། སློབ་མའི་གནས་གསུམ་དུ་གཏུགས་ལ། སངས་རྒྱས་ཀྱི་ནི་རྡོ་རྗེའི་དབང༌། །དི་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་བསྒྲུབ་ཕྱིར་རྡོ་རྗེ་གཟུང༌། །མ་ཧཱ་བཛྲ་ཧཱུཾ་ཞེས་པས་ལག་པ་གཡས་སུ་རྡོ་རྗེ་སྦྱིན། སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་རྡོ་རྗེའི་དབང་ངོ༌། །དེ་ནས་ལག་པ་གཡས་པ་དང་གཡོན་པར་རྡོ་རྗེ་དྲིལ་བུ་བྱིན་ལ། ཤེས་རབ་དྲིལ་བུའི་དབང་བསྐུར་བ། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཆོས་ཀྱི་དབྱིངས་ཞེས་གསུངས། མ་ཧཱ་བཛྲ་གྷཎྜ་ཨཿ་ཞེས་པས་གཡོན་པར་དྲིལ་བུ་བྱིན་ལ། གཡས་གཡོན་བསྣོལ་ཏེ་འཁྱུད་པའི་ཚུལ་དུ་བྱ་སྟེ། འདི་ནི་དམ་ཚིག་རྡོ་རྗེའི་རང་བཞིན་གྱི་བདག་པོའི་དབང་ངོ༌། །དེ་ནས་རྡོ་རྗེ་དྲིལ་བུ་སློབ་མའི་དབང་པོར་བཟུང་ལ། གང་དང་གར་སྣང་དེ་དང་དེ། །ཧེ་རུ་ཀ་དཔལ་རང་ཉིད་གཙོ། །གང་ཕྱིར་ཆོས་རྣམས་རྣམ་དག་པས། །སངས་རྒྱས་ཡེ་ཤེས་རང་བཞིན་ཉིད། །ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩ་མཱཾ།
― DTG025_Page_0566 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །བཛྲ་ཨ་བྷི་ཥེ་ཀ་ཏ་ཞེས་པས་མིང་གི་དབང་བསྐུར་ཏེ། ཀྱ་དཔལ་ཆེ་གེ་མོ་ཞེས་རིགས་དང་མཐུན་པའི་མིང་ལས་གང་འདོད་པ་སྦྱིན་ནོ། །འདི་ནི་རྟག་པའི་རང་བཞིན་གྱི་མིང་གི་དབང་ངོ༌། །དེ་དག་གོ་རིམས་བཞིན་དུ། མེ་ལོང་ལྟ་བུ་དང༌། མཉམ་པ་ཉིད་དང༌། སོ་སོར་རྟོག་པ་དང༌། བྱ་བ་གྲུབ་པ་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཡེ་ཤེས་ཏེ། ཡེ་ཤེས་ལྔའི་རང་བཞིན་ནོ། །དབང་བསྐུར་བ་ལྔ་པོ་དེ་དག་གིས་རྒྱུད་ལ་སོགས་པ་ཉན་པ་དང༌། བཤད་པ་དང་སྒྲུབ་པའི་སྣོད་དུ་འགྱུར་རོ། །དེ་དག་གིས་ནི་སྤྱན་ལ་སོགས་པའི་རིག་པ་ལྔའི་ལས་ཡིན་པ་དང༌། མ་རིག་པ་བཟློག་པས་རིག་པའི་དབང་ལྔའོ། །དེ་ནས་སློབ་དཔོན་གྱི་དབང་བསྐུར་ཏེ། བདག་དང་གཞན་གྱི་དོན་གྱི་ཕྱིར། །རྡོ་རྗེ་སློབ་དཔོན་དབང་བསྐུར་བ། །ཐུགས་རྗེ་ཅན་ཁྱོད་བཀའ་དྲིན་གྱིས། །དེ་རིང་བདག་ལ་སྩལ་དུ་གསོལ། །ཞེས་པས་གསོལ་བ་བཏབ་ལ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུང་ཤིག་རྡོ་རྗེས་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་སློབ་མ་ལ་བསྐུལ་ལ། དེའི་རྗེས་ལ་དམ་ཚིག་གསུམ་པོ་འཛིན་དུ་གཞུག་སྟེ། ཧཱུཾ་གིས་རྡོ་རྗེ་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །རྟག་ཏུ་ཁྱོད་ཀྱིས་གཟུང་བར་བྱ། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མཱི་ཧི་ཧི་ཧི་ཧི་ཧཱུཾ་ཞེས་རྡོ་རྗེ་གཏད་དེ་གཟུང་བས། དེ་ཁོ་ན་ཉིད་འདི་བརྗོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙིང་པོ་བདག་ཉིད་གཙོ། །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །དེ་ནས་ཨཱཿ་ལས་སྐྱེས་པའི་དྲིལ་བུ་བྱིན་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་ཐབས་ཀྱི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང༌། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་པས་དྲིལ་བུ་བྱིན་ལ། སྲིད་པ་རང་བཞིན་དག་པའི་ཕྱིར། །ངོ་བོ་ཉིད་ཀྱིས་གདོད་ནས་དག །རང་བཞིན་དག་པའི་སེམས་དཔའ་ཡིས། །སྲིད་པ་དག་པའི་མཆོག་ཏུ་བྱེད། ཨོཾ་བཛྲ་
― DTG025_Page_0567 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གྷཎྜེ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་པྲ་ཛྙཱ་པཱ་ར་མི་ཏྲ། ནཱ་ད་སྭ་བྷཱ་བ་བཛྲ་དྷ་ར་ཧྲྀ་ད་ཡ། ཨ་བ་ཏོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པས་དཀྲོལ་བར་བྱ་སྟེ། དྲིལ་བུའི་བརྟུལ་ཞུགས་སོ། །དེ་ནས་ཕྱག་རྒྱའི་བརྟུལ་ཞུགས་སྦྱིན་ཏེ། དེ་ཡང༌། ཤེས་རབ་ལོ་གྲངས་བཅུ་གཉིས་མ། །ལག་གཉིས་མགུལ་དུ་འཁྱུད་བྱས་ཏེ། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་སོ། །དེ་བས་ན་རང་གི་ཕྱག་རྒྱར་བྱིན་གྱིས་བརླབས་པའོ། །དེ་ཡང༌། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར། །དམ་ཚིག་ཕྱག་རྒྱར་རབ་ཏུ་གྲགས། །གང་གིས་ལས་ཀུན་བརྟན་བྱེད་པ། །དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཞེས་པས་རང་གི་ལྷའི་རྣམ་པར་མངོན་པར་རྟོགས་པ་བསྐྱེད་ལ། དེ་ནས་མེ་ཏོག་ལ་སོགས་པས་ཀུན་ནས་མཆོད་ཅིང་བསྟོད་པ་བྱ་སྟེ། དེ་ཡང་སྙེམས་པ་དང་བཅས་པས་མེ་ཏོག་གཅིག་སློབ་མའི་མགོ་ལ་དོར་ལ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་རྣམས་རྣམ་རོལ་ཅིང༌། །རྡོ་རྗེ་སྙེམས་པའི་རབ་སྦྱོར་གྱིས། །དགའ་སྟོན་བདེ་བའི་མཆོད་པ་གྱིས། །ཨ། སྒེག་དང་བཅས་པའི་ཕྲེང་བ་འཕང༌། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བདེ་ཡི་རྒྱན་ཡིན་ནོ། །ཨོཾ། ལུས་ཅན་རྣམས་ལ་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླང་བར་བྱ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །གཱི། དེ་ཉིད་ཐལ་མོ་གར་གྱིས་ནི། །སངས་རྒྱས་ཐམས་ཅད་ཆགས་པར་མོས། །སངས་རྒྱས་འདུ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོཿ། རྫོགས་སངས་རྒྱས་ལ་སྤོས་བཏུལ་ལ། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡི་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཨ། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་འགྱུར། །བྷྲཱུཾ།
― DTG025_Page_0568 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཆོས་ཀྱི་མེ་ནི་ལེགས་སྦར་པས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལྡོངས་པ་ལ། །ཡེ་ཤེས་སྒྲོན་མས་སྦར་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་དེ་བཞིན་གཤེགས་རབ་དང༌། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གཱ། དེའི་རྗེས་ལ་གསེར་གྱི་ཐུར་མ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་བཟླས་ཏེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ཨོཾ་བཛྲ་ནི་ཏྲཱ་ཡ་ཨ་པ་ཧཱ་ར་པ་ཏྲ་ལཾ་ཧྲཱིཿ། དེ་ནས་མེ་ལོང་བསྟན་ཏེ། ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང༌། །རང་བཞིན་དག་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་བྱས་ནས། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་རྒྱལ་བའི་སྲས་སུ་སྐྱེ། དེ་ནས་ཧོཿ་ཞེས་མདའ་གཞུ་བྱིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་ཆགས་པར་བྱོས་ཤིག་ཅེས་བསྒོ་ལ་ཕྱོགས་བཞིར་མདའ་རེ་འཕང་བ་དང༌། སྟེང་འོག་ཏུ་ཡང་མདའ་རེ་འཕེན་དུ་གཞུག་གོ །དེ་ནས་ཨོཾ་བཛྲ་ཧེ་ཏུ་ཀྲུཾ་ཞེས་བྱ་བས་འཁོར་ལོ་རྐང་པའི་བར་དུ་བཞག་ལ། ཡང་ཨོཾ་བཛྲ་བྷ་ཥ་རཾ་ཞེས་བྱས་པས། ལག་པ་གཡས་སུ་དུང་གཏད་ནས་གཡོན་པར་མ་ཧཱ་མཱ་ཡཱའི་པུ་སྟི་བྱིན་ཏེ། དྲིལ་བུ་ཡང་དཀྲོལ་ཞིང༌། དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་ཀྱི་འཁོར་ལོ་བསྐོར། །ཁྱོད་ཀྱིས་ཐེ་ཚོམ་དགོས་མེད་པས། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད་ཀུན་དུ་གང་བར་གྱིས། །སྔགས་ཀྱི་སྤྱོད་ཚུལ་ཆོ་ག་རྣམས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང༌། །ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་ལ། དེ་ནས་སོ་སོའི་འཁོར་ལོས་སྒྱུར་བའི་ཆ་ལུགས་སུ་བྱ་སྟེ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་
― DTG025_Page_0569 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །དུ། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་ཆོས་ཀྱི་གནས་སུ་རྡོ་རྗེ་དང༌། རིན་པོ་ཆེ་དང༌། པདྨ་དང༌། ལས་ཀྱི་ཚིག་བཅུག་ལ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་བྱིན་ལ། དེ་ནས་ཡང། ཞི་རྒྱས་དབང་དང་གསང་བ་དང༌། །དགུག་དང་སྐྲག་དང་བསྐྲད་པ་དང༌། །དབྱེ་དང་གནན་པ་ལ་སོགས་པའི། །ལས་དེ་ཐམས་ཅད་བསྒྲུབ་པར་གྱིས། །རལ་གྲི་མིག་སྨན་ས་འོག་དང༌། །མཆིལ་ལྷ་མ་དེ་བཞིན་རི་ལུ་སྟེ། །རྣལ་འབྱོར་མ་ཡི་དངོས་གྲུབ་རྣམས། །དེ་དག་ཅི་དགར་བསྒྲུབ་པར་གྱིས། །ཞེས་བྱ་བ་རྗེས་སུ་གནང་བའོ། །དེ་ནས་བདག་ཉིད་ལངས་ཏེ། སངས་རྒྱས་ཀྱི་གཟུགས་དམིགས་ལ། །གཡོན་པ་སྙིང་གར་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་མི་འཇིགས་པ་སྦྱིན་པ་ལྟར་བྱས་ཏེ། རྡོ་རྗེའི་མིང་གིས་དབང་བསྐུར་བས་ལུང་བསྟན་པའོ། །འདི་ནི་ཁྱོད་ལ་ངས་ལུང་བསྟན། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་ངན་འགྲོ་དག་ལས་བཏོན། ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་བྷུར་བྷུ་བ་སྭཿ་གང་ལ་ཚུལ་འདི་དང་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཆོ་ག་འདིས་ལུང་བསྟན་པ་དེ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཀྱིལ་འཁོར་འཁོར་ལོ་དང་བཅས་པ་རྣམས་ཀྱིས། །མགྲིན་གཅིག་ཏུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ་ཞེས་པས་དད་པ་བསྐྱེད་པའོ། །དེ་ནས་གསང་བ་བསྒྲགས་ཏེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་མེད་པ་སྟེ། །དེ་བས་འདོད་ལ་ཆགས་བྲལ་བར། །ནམ་ཡང་བྱ་བ་མ་ཡིན་ནོ། །མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ། དེ་ནས་སློབ་མའི་སྤྱི་བོར་གདུགས་བཟུང་ལ། །གདུགས་དང་བཅས་པས་བསྐོར་བ་ལན་གསུམ་བྱས་ལ། དེ་ནས་དཀྱིལ་འཁོར་གྱི་སྒོ་རུ་གདུགས་དང་བཅས་པར་སྤྱི་བོས་གཏུགས་ལ། སྔགས་རྣམས་འཛིན་པར་གྱུར་པ་ཡིས། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་བརྗོད་དེ། གདུགས་བཞག་ལ་འདི་
― DTG025_Page_0570 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །སྐད་ཅེས་བརྗོད་དོ། །དི་རིང་དཀྱིལ་འཁོར་སློབ་དཔོན་གྱུར། །སྔགས་དང་རྒྱུད་རྣམས་འཛིན་པར་གྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །ལྷ་རྣམས་ཀུན་གྱིས་མཐུན་པར་གསུངས། །སེམས་ཅན་ཀུན་ལ་རྗེས་བརྩེ་བས། །དཀྱིལ་འཁོར་ཆོ་ག་བཞིན་དུ་བྲིས། །ཁྱོད་ཀྱིས་ནན་ཏན་བསྐྱེད་ནས་སུ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །དེ་ནས་དབུགས་དབྱུང་བར་བྱ་སྟེ། །གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །བཅུག་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དི་རིང་ཁྱོད་ནི་དགེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མིན་ཏེ། །མི་ཐུབ་གནོད་པ་ཡོད་མིན་ལ། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་དང་སྡུག་བསྔལ་ལས་འདས་སོ། །རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་དང༌། །བྱང་ཆུབ་སེམས་ནི་སྤང་མི་བྱ། །གང་ཞིག་སྐྱེས་པ་ཙམ་གྱིས་ཀྱང༌། །སངས་རྒྱས་ཉིད་འགྱུར་ཐེ་ཚོམ་མེད། །དམ་པའི་ཆོས་ཀྱང་སྨང་མི་བྱ། །ནམ་ཡང་དོར་བར་མི་བྱ་སྟེ། །མི་ཤེས་པའམ་རྨོངས་པ་ལ། །དེ་ནི་བསྟན་པར་མི་བྱའོ། །རྡོ་རྗེ་དྲིལ་བུ་མི་སྡང་ཞིང། །སློབ་དཔོན་ནམ་ཡང་སྨད་མི་བྱ། །སངས་རྒྱས་ཀུན་དང་མཚུངས་པས་ན། །དེ་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ང་བདག་ཡོངས་སུ་སྔངས་ནས་སུ། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བར་བདེ་གནས་ན། །འདི་ནི་མ་འོངས་རྫོགས་སངས་རྒྱས། །ཁྱོད་ཉོན་དེ་རིང་འབྲས་བུ་ཡོང༌། །ལྷ་དང་བཅས་པ་མཉམ་འགྱུར་ཏེ། །རྡོ་རྗེ་སེམས་དཔའ་དང་མཚུངས་པར། །རྟག་ཏུ་ཁྱོད་རྣམས་འགྲོ་བར་འགྱུར། །དབུགས་དབྱུང་བའོ། །དེ་ནས་སློབ་མས་ཕྱག་བྱས་ཏེ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ཁས་བླང་ངོ༌། །སློབ་དཔོན་གྱི་དབང་བསྐུར་བའོ། །དེ་ནས་གསང་བའི་དབང་བསྐུར་ཏེ། །ས་ཕྱོགས་དཔེན་པར་བྱ་སྟེ། ཡོལ་བས་བཅད་ནས་རྒྱུད་ལས་གསུངས་པའི་ལོ་བཅུ་གཉིས་མ་ལ་སོགས་པའི་
― DTG025_Page_0571 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །དམ་ཚིག་ཅན་བླ་མ་ལ་ཕུལ་ལ། །ཀྱེ་བཅོམ་ལྡན་ཞི་བ་དགའ་བ་ཆེ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །མི་ཕྱེད་ཕྱག་རྒྱ་རབ་ཏུ་བསྒྲུབ། །རྡོ་རྗེ་སྦྱོར་བ་གཅིག་ལ་གུས། །བདག་ཉིད་ཆེན་པོ་ཁྱོད་དེ་བཞིན། །གཙོ་བོས་བདག་ནི་མཛད་དུ་གསོལ། །འཁོར་བའི་འདམ་གྱི་རྒྱ་མཚོ་རུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབ། །ཅེས་གསོལ་བ་བཏབ་ལ། དེ་ནས་དཔལ་ལྡན་སློབ་དཔོན་ནི། །རྗེས་སུ་བརྩེ་དང་ལྡན་པ་ཡིས། །སྙིང་རྗེ་སློབ་མ་ལ་བསྐྱེད་དེ། །རྡོ་རྗེ་འཛིན་པར་མཛད་པ་ལ། །ཤ་ཆང་བཟའ་བཏུང་ཡིད་འོང་དང༌། །མེ་ཏོག་བདུག་སྤོས་དྲི་ལ་སོགས། །རྒྱལ་མཚན་དྲིལ་བུར་བཅས་པ་ཡིས། །སློབ་མས་རྡོ་རྗེ་ཅན་ལ་མཆོད། །དེ་ནས་ཕྱག་རྒྱ་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས་ཇི་སྲིད་དུ་ཕྱག་རྒྱ་ཁུ་བ་དང་ལྡན་པ་དེ་སྲིད་དུ་བརྟེན་ལ། །སྙོམས་པར་འཇུག་པ་ལས་བྱུང་བ་དེ་སློབ་མ་དང་ཕྱག་རྒྱ་གཉིས་ཀ་མིག་བཀབ་ལ། །སློབ་མ་ལ་དབང་བསྐུར་ཏེ། །ཇི་ལྟར་བདེ་གཤེགས་ཐུབ་ཆེན་གྱིས། །བྱང་ཆུབ་སྲས་ལ་དབང་བསྐུར་ལྟར། །དེ་བཞིན་གསང་བའི་དབང་བསྐུར་བ། །བདག་གིས་སེམས་རྒྱུན་འདི་ཡིས་བཀྲུ། །བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ། སློབ་མས་ཀྱང་ཨ་ཧོ་སུ་ཁ་ཞེས་བརྗོད་དེ། བདེ་བར་གཤེགས་པར་བཞུགས་སོ། །ཤེས་རབ་ཀྱིས་ཀྱང་དེ་བཞིན་དུ་བྱ་སྟེ། ཐབས་དང་ཤེས་རབ་ཀྱི་གསང་བའི་དབང་བསྐུར་པའོ། །དེའི་རྗེས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཏེ། །སློབ་མས་སྔ་མ་ལྟར་གསོལ་བ་བཏབ་ནས་མཚན་དང་ལྡན་པའི་ཤེས་རབ་མ་བྱིན་གྱིས་བརླབས་ཏེ། གཏད་ལ་མགོ་བོར་ལག་པ་བཞག་སྟེ། དགའ་སྟེར་གནས་སྟེར་བུ་མོ་འདི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཤིག་ཟུང་ཤིག་སེམས་དཔའ་ཆེ། །བཟུང་ནས་མཆོད་པར་རབ་ཏུ་བྱ། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་བ་གསུམ་པོ་འདི་ཡིས་བདག །དེ་བས་ཁྱོད་ཀྱིས་ནམ་ཡང་ནི། །འདོད་དང་བྲལ་བར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །
― DTG025_Page_0572 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ལ་སྦྱིན་ནོ། །དེས་ཀྱང་འདི་སྐད་བརྗོད་དེ། བཤང་གཅིག་ཁྲག་དང་ཁུ་བ་དང༌། །ཤ་ཆེན་ལ་སོགས་བཟའ་པ་དང༌། །བུད་མེད་རྣམས་ལ་རྟག་ཏུ་གུས། །གླུ་ནི་བླང་བར་བྱ་བ་སྟེ། །དེ་ཡིས་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་བར་འགྱུར། །བྷ་གའི་པདྨར་འོ་བྱེད་པ། །བུ་ཁྱོད་སྤྲོ་བར་བྱེད་ནུས་སམ། དེས་ཀྱང༌། ལྷ་མོ་ཅི་ཕྱིར་བདག་མི་སྤྲོ། །ཁུ་ཁྲག་ལ་སོགས་བཟའ་བ་དང༌། །བུད་མེད་རྣམས་ལ་རྟག་གུས་ཤིང༌། །བྷ་གའི་པདྨར་འོ་བགྱིད་དོ། །ཞེས་བརྗོད་དོ། །ཡང་ཤེས་རབ་ཀྱིས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །བདེ་ཆེན་ཕྱག་རྒྱ་ཆེན་པོ་ནི། །འདི་ཉིད་དུ་ནི་རྟག་ཏུ་གནས། །བླུན་པོ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །དེའི་རྗེས་ལ་ཇི་སྐད་དུ་བཤད་པའི་ཀ་ར་ན་བྱ་བས་སྙོམས་པར་ཞུགས་ཏེ། བླ་མའི་མན་ངག་གིས་དེའི་སྐད་ཅིག་མཚོན་པར་བྱའོ། །དབང་བཞི་པ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་བདག་དང་སློབ་མའི་དོན་དུ་སྦྱིན་སྲེག་བྱ་སྟེ། དེ་ཡང༌། དཀྱིལ་འཁོར་རབ་གནས་མ་གཏོགས་པར། །རབ་གནས་འདིར་ནི་ཡོད་མ་ཡིན། །ཞེས་འབྱུང་བས་སྦྱིན་སྲེག་གི་ཆོ་ག་བསྟན་པར་བྱ་སྟེ། དེ་ཡང༌། སྡིག་པ་བསྲེག་ཅིང་བགེགས་རྣམས་ཞི་བྱ་དང༌། །སྔགས་ཀྱིས་གཟི་བསྐྱེད་ལྷ་རྣམས་མཉེས་བྱའི་ཕྱིར། །བཟླས་དང་བསྒོམ་པའི་ཐོག་མཐའ་ཐམས་ཅད་དུ། །སྔགས་པས་སྦྱིན་སྲེག་ཆོ་ག་གཞུང་བཞིན་བྱ། །ཞེས་སོ། །དེ་བས་ན་དཀྱིལ་འཁོར་རམ་གཙུག་ལག་ཁང་ལ་སོགས་པའི་ཤར་ཕྱོགས་སུ་སའི་ཆོ་ག་སྔོན་དུ་འགྲོ་བས་ཞི་བའི་ཐབ་ཁུང་བྱའོ། །དེ་བཞིན་དུ་ལྷོ་རུ་རྒྱས་པ་བྱའོ། །ནུབ་ཏུ་དགུག་པའི་བྱའོ། །བྱང་དུ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་བྱའོ། །དེ་ལ་ཞི་བའི་ཐབ་ཁུང་ནི་ས་གཞི་དཀར་པོ་ལ་ཐབ་ཟླུམ་པོ་རྒྱར་ཁྲུ་གང༌། ཟབས་སུ་དེའི་ཕྱེད་པ། དེའི་དབུས་སུ་རྒྱར་སོར་བརྒྱད་པ་དཔངས་སུ་སོར་བཞི་པ་ལ་པདྨ་འདབ་བརྒྱད་བྱ། དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཐོད་པ།
― DTG025_Page_0573 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཕྱོགས་བཞིའི་འདབ་མ་ལ་ལྷ་མོ་བཞིའི་མཚན་མ་དགོད་དེ། རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཐབ་ཁུང་གི་ཁ་ཁྱེར་ཕྱིར་སོར་བཞི་བོར་བ་ལ། རྒྱ་དང་དཔངས་མཉམ་པའི་སོར་བཞི་པ་རྡོ་རྗེས་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་གྲུ་བཞི་བྱས་ལ། མཚམས་བཞི་རུ་ཟླ་བས་མཚན་པའི་རྡོ་རྗེ་རྩེ་གསུམ་དགོད་དོ། །དེ་ནས་ས་དཀར་པོ་དང་དྲི་དཀར་པོས་བྱུགས་མེ་ཏོག་དཀར་པོས་གཏོར་རོ། །རྒྱས་པའི་ཐབ་ཁུང་ནི་ས་གཞི་སེར་པོ་ལ་གྲུ་བཞི་ཁྲུ་དོ་ཞབས་སུ་དེའི་ཕྱེད་བརྐོས་ལ། །ཁ་ཁྱེར་ཞི་བ་ལས་ཉིས་འགྱུར་བྱས་ཏེ། ལྷག་མ་ནི་སྔ་མ་དང་འདྲའོ། །དེ་ནས་ས་སེར་པོ་དང༌། །དྲི་སེར་པོས་བྱུག །མེ་ཏོག་སེར་པོས་གཏོར་རོ། །དབང་གི་ཐབ་ཁུང་ནི་གྲུ་གསུམ་པ་ལ་རྒྱར་སོར་ཉི་ཤུ་པ་ཟབས་སུ་སོར་བཅུ་པ་བརྐོས་ལ། སོར་གསུམ་པའི་ཁ་ཁྱེར་གྱིས་ཁ་སྐོར་ལ་ལྷག་མ་སྔ་མ་བཞིན་དུ་བྱའོ། །དེ་ནས་ས་དམར་པོ་དང་དྲི་དམར་པོས་བྱུག །མེ་ཏོག་དམར་པོས་གཏོར་རོ། །དགུག་པ་དང་གསད་པ་ལ་ཡང་དེ་དང་འདྲ་བ་ལས། ཁྱད་པར་དུ་བྱ་བ་ནི་ས་ཕྱོགས་གནག་ཅིང་སྙིང་པོ་མ་ཡིན་པ་དང༌། གས་པ་དང༌། ཚ་སྒོ་ཅན་དུ་བྱ་སྟེ། དུར་ཁྲོད་ཀྱི་ཐལ་བ་དང༌། བོང་བུ་དང་རྔ་མོའི་རྟུག་པས་བྱུག་ཅིང༌། མེ་ཏོག་ནག་པོས་གཏོར་རོ། །ཐབ་ཁུང་གི་ཆོ་གའོ། །ད་ནི་དགང་གཟར་དང་བླུགས་གཟར་གྱི་རྣམ་པ་བསྟན་ཏེ། དེ་ལ་གསེར་རམ་དངུལ་ལམ་ཟངས་སམ་ལྕགས་ལས་བྱས་པའམ། ཡང་ན་མཆོད་སྦྱིན་གྱི་ཤིང་ལས་བྱས་པ་ཡང་རུང་སྟེ། ཡུ་བའི་མཐར་སོར་དྲུག་པའི་རྡོ་རྗེ་རིན་པོ་ཆེ་བྱའོ། །དབྱུག་པ་ནི་སོར་བཅུ་དྲུག་པར་བྱའོ། །དབྱུག་པའི་སྟེང་གི་ཆར་སོར་བཞི་པའི་རྡོ་རྗེའོ། །དཀྱུས་ནི་རྒྱར་སོར་བཞི་པ་ཟབས་སུ་སོར་གཉིས་བརྐོས་པ། དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པ། མཆུ་ལས་བཅུད་འཛག་པའི་མཐེ་ཆུང་གི་ཚད་ཙམ་པ་འདི་ནི་དགང་གཟར་རོ། །བླུགས་གཟར་ནི་པདྨའི་དབྱིབས་ལྟ་བུ་ཟླུམ་པོ་སྟེ། རྒྱར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་སྟེ། དཀྱིལ་དུ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །གཉིས་ཀའི་ཡུ་བ་ནི་རྡོ་རྗེའི་ཁུ་ཚུར་གྱིས་གཟུང་དུ་རུང་བ་སྟེ། དེ་ལྟར་ན་ནི་དེ་དག་ཁྲུ་རེ་བར་བསྟན་
― DTG025_Page_0574 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ནོ། །ཅི་སྟེ་དགང་གཟར་དང་བླུགས་གཟར་དག་མེད་ན། དགང་གཟར་ནི་སོར་མོ་ལྔས་བསྐྱོད་པས་བྱས་ལ། བླུགས་གཟར་ནི་སོར་མོ་གསུམ་པས་བྱས་པའོ། །ད་ནི་ཡམ་ཤིང་དང་བུད་ཤིང་གི་ཁྱད་པར་བསྟན་ཏེ། དེ་ལ་ཞི་བའི་ཡམ་ཤིང་ནི་ཨ་མྲ་དང་ཨུ་དུ་མྦཱ་ར་ལ་སོགས་པའི་ཆ་ལས་བྱུང་བའི་མཐོ་གང་ཙམ་གྱི་ཆ་ལ་གསར་ཞིང་འདབ་མར་བཅས་པ་སྦྲང་རྩི་དང་མར་དང་འོ་མ་ལ་སོགས་པས་རྩེ་མོ་གཉིས་སྦགས་པ་དྲི་དཀར་པོའི་ཆུས་གཏོར་བའི་ཡམ་ཤིང་འདབ་མ་གཉིས་པ། རྩེ་མོ་གཅིག་པ་མཐེ་བོང་དང་སྲིན་ལག་གིས་བཟུང་སྟེ་བསྲེག་གོ ། རྒྱས་པའི་ཡམ་ཤིང་དེ་དང་འདྲ་བ་ལས་ཁྱད་པར་དུ་དབུས་ཀྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་སེར་པོའི་ཆུས་གཏོར་ཏེ། སྦྲང་རྩི་ལ་སོགས་པའོ། །དབང་གི་ཡམ་ཤིང་ཙམ་པ་ཀ་ལ་སོགས་པ་ལས་བྱུང་བ། སོར་ལྔ་པ་འདབ་མ་དང་མེ་ཏོག་དང་བཅས་པ་འབྲས་བུ་སྒྱུར་བ་དང་ཁ་དོག་དམར་པོ་དང༌། ཁྱད་པར་དུ་ཡང་ཨུཏྤལ་དམར་པོ་དག་ནི་དབང་གིའོ། །དགུག་པ་ལ་ནི་དེ་དག་གི་ཚེར་མ་ལྕགས་ཀྱུ་ལྟ་བུའོ། །མངོན་སྤྱོད་ཀྱི་ཡམ་ཤིང་ནི་ནིམ་པ་དང་སེང་ལྡེང་དང་འབིལ་ལོ་ཏ་ལ་སོགས་པ་ཤིང་ཁ་བ་ཅན་དང་ཚ་བ་དང་ཚེར་མ་ཅན་དང་དུར་ཁྲོད་ཀྱི་ཤིང་ལས་བྱས་པའི་སོར་བཅུ་པ། རྩེ་མོ་གཉིས་རྣོན་པོར་གཞོགས་ཤིང་ཁྲག་དང་ཡུངས་མར་ལ་སོགས་པའོ། །ཞི་བའི་བུད་ཤིང་ནི་མཆོད་སྦྱིན་གྱི་ཤིང་སྲོག་ཆགས་མེད་པའམ། ནགས་ཀྱི་བ་ལང་གི་ལྕི་བ་ཡང་རུང་སྟེ། ཐབ་ཁུང་བས་བག་དམའ་བར་བྱའོ། །རྒྱས་པ་བ་ལང་གི་ལྕི་བ་མ་གཏོགས་པར་འབྲས་བུ་ཅན་གྱི་ཤིང་རྣམས་ལ་བྱའོ། །དབང་ལ་སྐྱུར་པོ་དང༌། མེ་ཏོག་ཅན་རྣམས་ལ་བྱའོ། །དགུག་པ་ལ་ཚེར་མ་ལྕགས་ཀྱུ་ལྟ་བུའོ། །མངོན་སྤྱོད་ལ་ནི་ཤིང་ཁ་བ་ཅན་དང་ཚ་བ་དང་ཚེར་མ་ཅན་དང་དུར་ཁྲོད་ཀྱི་ཤིང་དང་བོང་བུ་དང་རྔ་མོའི་རྟུག་པ་རྣམས་ལ་བྱ་སྟེ། ཡམ་ཤིང་དང་བུད་ཤིང་བསྟན་པའོ། །དེ་ལ་ཞི་བའི་སྲེག་རྫས་ནི་མར་དང་ཏིལ་དཀར་པོ་དང༌། བྲས་མཆོག་དང་ཀུ་ཤ་གསར་པ་དང༌། དཱུར་བ་དང༌། ཙུཏའི་འདབ་མ་དང༌། ཙནྡན་དང༌། འབྲུ་དང༌། འབྲས་སོ་བ་དང༌། ཞོ་དང༌། འོ་མ་
― DTG025_Page_0575 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །དང༌། མེ་ཏོག་དཀར་པོ་རྣམས་ཏེ། དེ་དག་ལས་ཅི་འབྱོར་པ་དབུལ་ཞིང་བསྲེག་གོ །རྒྱས་པ་ལ་དེ་དག་དང་ནིམ་པ་དང༌། འབྲས་སཱ་ལུ་དང༌། ཀེ་ས་དང་ཀརྞི་ཀའི་མ་ཏོག་དང༌། འབྲུ་རྣམས་སོ། །དབང་དང་དགུག་པ་ལ་ནི་མར་ནག་དང་ཏིལ་ནག་པོ་དང༌། ཡུངས་ནག་དང༌། སྐེ་ཚེ་དང༌། ལན་ཚྭ་དང༌། ནིམ་པའི་འདབ་མ་དང༌། དུར་ཁྲོད་ཀྱི་ཐལ་བ་དང༌། དགྲ་བོའི་རྐང་རྗེས་ཀྱི་རྡུལ་དང༌། བོང་བུ་དང༌། རྔ་མོའི་རྟུག་པ་རྣམས་ཅི་རྙེད་རྙེད་དམ་ཐམས་ཅད་ཀྱང་རུང་སྟེ། དུག་དང་ཁྲག་དང༌། ལན་ཚྭ་དང་སྦྱར་ནས་དགྲ་བོའི་གཟུགས་བརྙན་བྱས་ལ་བདུག་ཅིང་བསྲེག་པར་བྱ་སྟེ། སྲེག་རྫས་བསྟན་པའོ། །དེ་ལ་ཞི་བའི་ལས་ལ་ནི་ཁྲུས་དང་གཙང་སྦྲ་བྱས་ཏེ་དྲི་ཞིམ་པོས་བྱུགས་གོས་དང་རྒྱན་དཀར་པོས་བརྒྱན་ལ། ཁ་ནུབ་ཏུ་བལྟས་ཏེ་སྟན་ནང་ཚངས་ཅན་འཇམ་པའམ་པདྨ་ཡང་རུང་སྟེ། འཇམ་པ་ལ་འདུག་ནས་བྱམས་པ་དང་ཞི་བའི་སེམས་ཀྱང་རུང་ཡར་ངོའི་ཚེས་གཅིག་གི་ཐོ་རངས་ནས་བརྩམས་ཏེ་བྱའོ། །རྒྱས་པ་ལ་གོས་དང་རྒྱན་སེར་པོ་དང་མེ་ཏོག་སེར་པོའི་ཕྲེང་བས་བརྒྱན་ཏེ། སྟན་བཟང་པོ་ལ་འདུག་ནས་དགའ་ཞིང་བྱམས་པའི་སེམས་ཀྱིས་ཁ་བྱང་དུ་བལྟས་ལ་ཉིན་མོ་སྔ་དྲོ་ནས་བརྩམས་ཏེ་བྱའོ། །དབང་ལ་གོས་དང་རྒྱན་ལ་སོགས་པ་དམར་པོས་བརྒྱན་ཏེ། ཆགས་ཤིང་ཞེན་པའི་སེམས་ཀྱིས་སྟན་མཐོན་པོ་ལ་འདུག་ལ། རྡོ་རྗེའི་སྐྱིལ་ཀྲུང་གིས་གནས་ནས་ཕྱི་དྲོའི་དུས་སུ་ཁ་ཤར་དུ་བལྟ་བར་བྱའོ། །དགུག་པ་ཡང་དེ་བཞིན་ཏེ། ཁྱད་པར་དུ་ཡང་ཁ་བྱང་དུ་བལྟས་ལ་བྱའོ། །མངོན་སྤྱོད་ལ་ནི་གོས་དང་རྒྱན་སྔོན་པོ་དང་ཁྲག་དང་ཆུས་སྤངས་པ་བགོས་ལ། སྟན་འཁྲན་མོའམ། བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་འདུག་པའམ་སྟན་མེད་པར་ཡང་རུང་སྟེ། གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ལ་མར་ངོའི་ཚེས་གཉིས་སམ་གཞན་ཡང་རུང་སྟེ། བསྒྲུབ་བྱ་སྡིག་པ་ལ་སོགས་པ་ལ་བཟློག་པའི་ཕྱིར། ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་ཉི་མ་ཕྱེད་དམ་མཚན་ཕྱེད་ན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་བྱའི་བསྲུང་བ་བཅད་ལ་བྱའོ། །སྒྲུབ་པ་པོ་བསྟན་པའོ། །ཞི་བའི་
― DTG025_Page_0576 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཨརྒྷའི་སྣོད་ནི་དངུལ་ལམ་རྡོ་དང་དུང་དང་ཉ་ཕྱིས་ལ་སོགས་པ་དང་ཤིང་ལོ་བསྐྱོད་པ་ཡང་རུང་སྟེ། ནས་དང་འོ་མ་དང༌། དྲི་དཀར་པོ་དང་ལྡན་པའི་ཆུ་བླུགས་ལ། རང་གི་ལྷའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་ལྡན་པས་ལན་བདུན་བཟླས་པར་བྱའོ། །རྒྱས་པ་ལ་ཡང་དེ་བཞིན་ཏེ། ཁྱད་པར་དུ་གསེར་ལ་སོགས་པའི་སྣོད་དུ་དྲི་སེར་པོའི་ཆུ་དང་ཏིལ་དང་ཞོ་དང་ལྡན་པ་སྟེ། ཨོཾ་གྱི་མཐའ་དང་ལྡན་པར་བཟླས་པ་བྱའོ། །དབང་ལ་ནི་ཟངས་ལ་སོགས་པའི་སྣོད་དུ་དྲི་དམར་པོའི་ཆུ་སྟེ། ཧོའི་མཐའ་དང་ལྡན་པར་བཟླས་སོ། །མངོན་སྤྱོད་ལ་ལྕགས་དང་ཐོད་པ་ལ་སོགས་པའི་སྣོད་དུ་དྲི་ཞིམ་པ་དང༌། གང་པ་དང་བཅས་པའི་སྣོད་དུ་བ་གཅིན་དང༌། ཀྲོ་ཏ་པ་དང་ལྡན་པའི་ཕཊ་ཀྱི་མཐའ་དང་ལྡན་པ་སྟེ། མཆོད་ཡོན་གྱི་ཆོ་གའོ། །དེ་ལ་ཞི་བ་དང་རྒྱས་པ་དང་དབང་དང་དགུག་པ་རྣམས་ལ་ནི་ལས་ཐམས་ཅད་པའི་ཆུ་ལ་ཧཱུཾ་ཡོངས་སུ་བཟླས་པ་དང༌། ཨརྒྷའི་སྣོད་གཉིས་གཡོན་དུ་བཞག་ལ། ཡང་དེ་ཉིད་ཡོངས་སུ་བཟླས་པའི་ཆུ་དེ་ལས་ལག་པ་གཡས་པས་བླངས་ཏེ། ཡམ་ཤིང་དང་བུད་ཤིང་ལ་སོགས་པའི་སྲེག་རྫས་ལ་བསང་གཏོར་བྱས་ལ་གཡས་ཕྱོགས་སུ་གཞག་གོ །དྲག་པོ་ལ་དེ་ལས་བཟློག་སྟེ་གཞག་པའོ། །དགང་གཟར་དང་བླུགས་གཟར་དང་མར་ཁུ་ནི་མདུན་དུ་གཞག་གོ །དེ་ནས་ཐབ་ཀྱི་ཁུང་བུའི་ཚད་ཙམ་པའི་བུད་ཤིང་བརྩིགས་ལ། ཞི་བ་ལ་ནི་ཤིང་འོ་མ་ཅན་གཙུབས་པ་ལས་བྱུང་པའམ། བྲམ་ཟེའི་སྦྱིན་སྲེག་གི་མེས་བྱའོ། །རྒྱས་པ་ལ་དགེ་འདུན་གྱི་བསྲོ་ཁང་གི་མེའམ། རྒྱལ་རིགས་དང་རྗེ་རིགས་ཀྱི་ཁྱིམ་གྱི་མེས་བྱའོ། །དབང་ལ་རྗེ་རིགས་དང་སྨད་འཚོང་མའི་ཁྱིམ་གྱི་མེས་བྱའོ། །དགུག་པ་ལ་གར་མཁན་དང་ཀུན་དུ་རྒྱུ་དང་ལམ་དུ་བུས་པའི་མེ་ལ་བྱའོ། །དྲག་པོ་ལ་དུར་ཁྲོད་ཀྱི་ཤིང་དང་རྡོག་གཙུབས་པ་དང་ཤན་པའི་ཁྱིམ་གྱི་མེས་བྱའོ། །དེ་ནས་ཧཱུཾ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བླངས་ལ་བསང་གཏོར་ལན་གསུམ་དུ་བྱས་ཏེ། གཙང་ཞིང་སྐམ་པའི་རྩྭ་དང་ལྷན་ཅིག་ཏུ་བཅུག་སྟེ་རླུང་གཡབ་ཀྱིས་སྦར་ལ། ཨོཾ་བཛྲ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ཞེས་ལན་གསུམ་བཟླས་པའི་མར་གྱིས་སྦར་ལ།
― DTG025_Page_0577 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །ཨོཾ་བཛྲ་སཏྭ་ཨཱཿ་ཞེས་ཡོངས་སུ་བཟླས་པའི་ཀུ་ཤ་རློན་པ་སྦལ་མ་ཉམས་པ་ཤིན་ཏུ་རིང་བ་མ་ཡིན་པའི་རྩེ་མོ་ཤར་དུ་བསྟན་ཏེ། ཐབ་ཁུང་གི་ཕྱི་རོལ་དུ་རིམ་པས་གཡོགས་ལ་ཡི་གེ་ཧཱུཾ་གིས་ཐབ་ཁུང་བསྐྱེད་དེ། དེའི་ནང་དུ་རཾ་ལས་མེ་ལྷ་ལས་དང་རྗེས་སུ་མཐུན་པའི་མདོག་དང་རྒྱན་དང་ཕྲེང་བ་ཅན། ཕྱག་གཉིས་ན་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་ཐོགས་པ། གསུས་པ་འཕྱང་ཞིང་རལ་པའི་ཐོར་ཚུགས་ཅན་བསྐྱེད་ལ། ཨོཾ་ཨགྣ་ཡེ་མ་ཧཱ་ཏེ་ཛ་སརྦ་ཀ་རྨ་པྲ་ས་ཀ་རུ་ཎ་ཀྲྀ་ཏྭ་ས་མནྟ་ཨརྠ་ཨ་སྨིན་སནྣི་ཧི་ཏོ་བྷ་ཝ། ཞེས་པས་ཡེ་ཤེས་ཀྱི་མེ་ལྷ་བཀུག་ལ། ཛཿ་ཧཱུཾ་བཾ་ཧོཿ། ཞེས་བྱ་བས་དེ་ཉིད་དུ་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ནས། དེ་ནས་ཡོན་ཆབ་དང༌། ཞལ་བསིལ། ཞབས་བཀྲུ་ཕུལ་ཏེ། མིག་ལ་སོགས་པ་བྱིན་གྱིས་བརླབས་པ་དང༌། དབང་བསྐུར་བའི་བར་དུ་བྱས་ལ། དེ་ནས་ཕྱི་ནང་གི་མཆོད་པས་མཆོད་དེ། དེའི་ལྕེ་ཧཱུཾ་གིས་རྡོ་རྗེར་བསམས་ཏེ། ཞལ་ཅུང་ཟད་ཙམ་གདངས་པར་བསམ་ལ། གཟར་བུ་གཉིས་ཐོགས་པའི་གྲུ་མོ་གཉིས་པུས་མོ་གཉིས་ཀྱི་ནང་དུ་བཅུག་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས་གང་བའི་སྦྱིན་སྲེག་དབུལ་ལོ། །དང་པོ་ལ་ནི་ཞལ་ཤིན་ཏུ་ཡང་དག་པར་གདངས་པར་བསམས་ལ། ཚ་བའི་མར་ནག་དབུལ་ལོ། །དེ་བཞིན་དུ་སྲེག་རྫས་ཐམས་ཅད་རིམ་པས་དབུལ་ལོ། །དེ་ལ་མེའི་མཚན་ཉིད་བརྟག་སྟེ། འཇའ་ཚོན་ལྟར་དང་སོ་ཏི་ཀ་དང་རྔ་མ་དང༌། ལྷ་མ་བུ་ཆུ་གཤེར་ལྟ་བུའི་མདོག་དགེ་བའི་ལྟས་སོ། །གཞན་ཡང་དྲི་མེད་ཅིང་སྒྲ་ཟབ་པ་དང༌། རྩེ་མོ་ཤིན་ཏུ་འབར་བ་ནི་ཤིས་པ་སྟེ། དེ་ཡང་ཞི་བ་ལ་ཁྱད་པར་དུ་མདོག་དཀར་པོའོ། །རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་མདོག་ནག་པོ་དང་སྔོ་བའོ། །བགེགས་དང་བཅས་པའི་མེ་ནི་དུ་བ་ཆེན་ཞིང་མེ་སྟག་འཕྲོ་བའོ། །དལ་བུས་འབར་བ་དང༌། །ཞན་པ་དང་མེ་ལྕེ་ཆད་པ་དང༌། འོད་མེད་ཅིང་སྔོ་བ་དང་མདུང་རྩེ་གསུམ་པ་ལྟ་བུ་དང་ཞི་བ་མེ་ལྟ་བུ་དང༌། བ་ལང་གི་གདོང་གི་དབྱིབས་ལྟ་བུ་དང༌། མི་རོའི་དྲི་དང་དྲི་མེད་པ་འམ་ཡང་ན་དྲག་ཏུ་འབར་བའོ། །དེ་ལྟར་བགེགས་དང་བཅས་པར་ཤེས་ནས་སྔ་མ་བཞིན་དུ་བསང་གཏོར་བྱས་ལ་རྩ་བའི་སྔགས་བཟླས་པས་བསངས་ཏེ། གང་གི་སྦྱིན་
― DTG025_Page_0578 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །སྲེག་གསུམ་མམ་བདུན་དབུལ་ལོ། །དེ་ནས་ཡམ་ཤིང་ལ་སོགས་པའི་སྲེག་རྫས་ཀུན་སོ་སོའི་རྫས་སྔགས་ཀྱིས་ཅི་འབྱོར་པ་ཕུལ་ལ། བསང་གཏོར་དང་འཐོར་འཐུང་ཕུལ་ནས་དེ་ནས་བསྟོད་པ་བྱས་ཏེ། ཨོཾ་ཚངས་དབང་འཇིག་རྟེན་མགོན་གྱི་སྲས། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་ལ་བསྐྱབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུར་སྤྲུལ་པ། །རིག་པ་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བདུད་རྩིའི་བཅུད་ལྡན་སྤྱི་བླུགས་དང༌། །བགྲང་ཕྲེང་དག་ནི་འཛིན་པར་བྱེད། །དེ་བས་བསྟོད་དེ་ཕྱག་འཚལ་འདུད། །དེ་ནས་གང་འདོད་དོན་གསོལ་བ་གདབ་སྟེ། དེའི་རྗེས་ལ་འབར་བའི་ཕྲེང་བར་གྱུར་པར་ལྟའོ། །དེ་ནས་སྒྲུབ་ཐབས་ནས་འབྱུང་བ་བཞིན་དུ་ལས་དང་རྗེས་སུ་མཐུན་པའི་ལྷ་དེར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། ཡོན་ཆབ་ལ་སོགས་པ་ཕུལ་ལ། དམ་ཚིག་སེམས་དཔའ་ལ་བསྟིམས་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ། ལྗགས་ལ་རྡོ་རྗེ་བསམས་ལ། ཞི་བ་དང་རྒྱས་པ་དང་དབང་ལ་ཞལ་ཅུང་ཟད་དབྱེ་ལ། དྲག་པོ་ལ་ཤིན་ཏུ་གདངས་པ་བསྐྱེད་ལ་བསྲེག་ཅིང་དབུལ་ལོ། །དེ་ལ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཨ་མུ་ཀཾ་སྲ་བནྡྡྷ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་པུཥཊ་ཡེ་སྭཱ་ཧཱ། འབྲས་ཀྱིའོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཡམ་ཤིང་གིའོ། །ཨོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ། འབྲུ་སྣའིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་ཡིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭཱ་ཧཱ། ཀུ་ཤའི་འོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ལ་སོགས་པའིའོ། །དེ་ལྟར་ཅི་འབྱོར་པ་བསྲེགས་ཏེ་ཕུལ་ནས་ཡང་བསང་གཏོར་དང་འཐར་འཐུང་ལ་སོགས་པ་ཕུལ་ཏེ། ཡང་དག་པར་མཆོད་ནས་དེ་ཉིད་ཀྱི་བསྟོད་པས་བསྟོད་ལ། འདོད་པའི་དོན་ལ་གསོལ་བ་བཏབ་ནས་བཟོད་གསོལ་བྱ་སྟེ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་གསོལ་བ་བྱས་ལ། དེ་ནས་ཡི་གེ་བརྒྱ་པའི་མཐར་མུཿ་བརྗོད་ནས་གཤེགས་སུ་
― DTG025_Page_0579 ―
[མ་དཔེ་གཟིགས་ན་འདིར་གནོན།]
༄། །གསོལ་ལོ། །དེ་ནས་ཡང་ཐབ་ཁུང་གི་ལྟེ་བ་ལ་མེ་ལྷ་བསམས་ལ། སྲེག་རྫས་ལྷག་མའི་རྫས་ལ་སྦྱིན་སྲེག་ཕུལ་ཏེ། དེ་ནས་ཐབ་དེ་ཉིད་དུ་མར་དང་མངར་གསུམ་ལས་ཙཱ་རུ་བཅོས་ལ། ཙཱ་རུའི་ཕུད་སྦྱིན་སྲེག་ཏུ་དབུལ་ལོ། །དེ་ནས་སློབ་མའི་ལག་པ་སློབ་དཔོན་གྱིས་བཟུང་ནས་གོང་གི་སྦྱིན་སྲེག་ཕུལ་ལ། དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་སྟེ། བདག་དང་གཞན་གྱི་དོན་རྣམས་ནི། །བསྒྲུབས་ཏེ་སྦྱིན་སྲེག་གསོལ་ལ་བཞུད། །སླར་ཡང་དུས་བཞིན་གཤེགས་ནས་སུ། །བདག་གི་སྔགས་ཀྱི་དངོས་གྲུབ་མཛོད། །ཅེས་གཤེགས་སུ་གསོལ་ལོ། སྒྱུ་འཕྲུལ་ཆེན་མོའི་སྒྲུབ་པ་གཞུང་ལ། །དད་ཅིང་འཇུག་པའི་དོན་གྱི་ཕྱིར། །བླ་མའི་ལུང་བཞིན་བསྡེབས་ཏེ་བྲིས། །དགེ་རྩ་ཕྱིར་བས་རྣམས་ལ་བསྔོ། །དཔལ་སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་གྱི་ཆོ་ག་སྦྱིན་སྲེག་དང་བཅས་པ། སློབ་དཔོན་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ཆེན་པོ་རྒྱན་པས་མཛད་པ་རྫོགས་སོ།།
|