རླུང་རྟའི་ལྷ་ཚོགས་རྣམས་ལ་ཕྲིན་ལས་བཅོལ་བ་ནི།
ཧཱུྃ་ཧྲཱིཿ དཀོན་མཆོག་རྩ་གསུམ་ནོར་ལྷ་གཏེར་བདག་དང་། །དཔལ་མགོན་བདུན་ཅུ་འགོ་བའི་ལྷ་ལྔའི་ཚོགས། །དགྲ་ལྷ་བཅུ་གསུམ་ཡུལ་ལྷ་གཞི་བདག་བཅས། །ཤུགས་ལྡན་རྟ་མཆོག་ཕྱོགས་བཞིའི་བདག་པོ་ལྷ། །ལོ་སྐོར་བཅུ་གཉིས་སྤར་སྨེ་ས་བདག་སོགས། །ལོ་ཟླ་ཞག་དུས་ཚེས་ལ་དབང་བྱེད་པ། །མདོར་ན་རྣལ་འབྱོར་རླུང་རྟ་བསྐྱེད་པའི་ལྷ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀྱི། །དམ་རྫས་བཀའ་ཡི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །རླུང་རྟའི་དཔལ་གཡང་མ་ལུས་བསྐྱེད་དུ་གསོལ། །ཕོ་མོ་བུ་ཚ་ཟས་ནོར་དབྱིག་སོགས་པའི། །རླུང་རྟ་ཆགས་ཉམས་རྒུད་ཐོར་ཞིག་པ་དང་། །བུག་རལ་གས་ཆག་འབྱུང་ཁམས་མི་མཐུན་པ། །གཅིག་བདུད་གཅིག་བཅད་ནང་འཕྲད་དགྲར་གྱུར་སོགས། །མི་མཐུན་ལོག་པར་གྱུར་པའི་རིགས་རྣམས་ཀུན། །ད་ལྟ་ཉིད་དུ་ཞི་བའི་ཕྲིན་ལས་མཛོད། །བདག་ཅག་འདི་དང་ཕྱི་མར་གྱུར་པའི་གེགས། །མདོར་ན་མི་མཐུན་སྔོན་ལས་ངན་པ་དང་། །འཕྲལ་རྐྱེན་བར་ཆད་རྐྱེན་ཁ་ཟུག་པ་རྣམས། །བཟློག་ཅིང་བསྒྱུར་ཅིག་བར་ཆད་དབྱིངས་ནས་སོལ། །རྣལ་འབྱོར་བསམ་པ་ཡིད་བཞིན་སྒྲུབ་ཏུ་གསོལ། །ཅེས་པ་འདི་ཡང་རྫོགས་སྤྲུལ་ལྔ་པ་པདྨ་ཐེག་མཆོག་བསྟན་འཛིན་གྱིས་བྲིས་པ་དགེའོ། །