བོད་སྐྱོང་དམ་ཅན་བསྟན་མ་བཅུ་གཉིས་ཀྱི་སྒྲུབ་ཐབས་ཕྲིན་ལས་ལྷུན་གྲུབ་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། ཡེ་ཤེས་དབྱིངས་ལས་གདུལ་དཀའི་ངོར། །བསྟན་སྲུང་གཙོ་བོའི་སྐུར་བཞེངས་པ། །བོད་སྐྱོང་བརྟན་མ་བཅུ་གཉིས་ལ། །དང་བའི་ཡིད་ཀྱི་གུས་པས་འདུད། །དེ་ལ་བོད་སྐྱོང་བརྟན་མ་བཅུ་གཉིས་མཆོད་པར་འདོད་པའི་གང་ཟག་གིས།བདུད་མོ་བཞི་ལ་གྲུ་གསུམ་ནག་པོ། གནོད་སྦྱིན་བཞི་ལ་གྲུ་བཞི་རྩེ་ཟླུམ་དམར་པོ། སྨན་བཙུན་བཞི་ལ་དཀར་ཟླུམ་སོ་སོའི་མདུན་དུ་རང་མདོག་དང་མཐུན་པའི་མཐེབ་ཀྱུ་སུམ་བརྩེགས་ཀྱིས་བརྒྱན་པ། སྨན་རག་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། རང་ཉིད་དཔལ་ཆེན་པོའི་ང་རྒྱལ་དང་ལྡན་པའི་སྒོ་ནས། བྷྱོ། རང་སྣང་འོད་གསལ་སྤྲུལ་པའི་གནས་མཆོག་ཏུ། །སྤང་ལྗོངས་གངས་རི་སྐྱེད་ཚལ་རིན་ཆེན་བྲག །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ཉམས་དགའ་བ། །རང་མདུན་འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློང་། །སྣ་ཚོགས་པདྨ་འདབ་མ་བཅུ་གཉིས་པ། །དབུས་ཀྱི་ལྟེ་བ་རིན་ཆེན་ཁྲི་རྐང་སྟེང་། །རིན་ཆེན་དར་ཟབ་པདྨ་ཉི་ཟླའི་སྟེང་། །སངས་རྒྱས་ཀུན་འདུས་རྒྱལ་དབང་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཁྲོ་འཛུམ་ཆགས་པའི་ཉམས། །ཕྱག་གཡས་གསེར་གྱི་རྡོ་རྗེ་མཁའ་ལ་ཕྱར། །གཡོན་པས་མཉམ་བཞག་བདེ་སྐྱོང་ཐོད་བུམ་བསྣམས། །མཆན་ཁུང་གཡོན་དུ་ལྷ་ལྕམ་སྦས་པའི་ཚུལ། །ཐོད་མཁར་དགུ་བརྩེགས་ཁ་ཊཾ་རྩེ་གསུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་སྙན་ཞུ་གསོལ། །སྐུ་ལ་ཆོས་གོས་ཕོད་ཁ་བེར་ཕྱམས་ཅན། །ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས། །སྐུ་ཡི་གཟི་བརྗིད་ཉི་མ་འབུམ་ལས་ལྷག །ཚངས་པའི་གསུང་དབྱངས་བཞད་སྒྲ་དི་རི་རི། །ཐུགས་ཀྱི་བརྩེ་བས་སེམས་ཅན་བུ་བཞིན་སྐྱོང་། །སྤྱི་གཙུག་འཇའ་ཟེར་ཐིག་ལེའི་ཀློང་ཡངས་ན། །ལོངས་སྤྱོད་རྫོགས་སྐུ་འཕགས་པ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྟོན་ཀའི་ཟླ་བའི་མདོག །ཞལ་གཅིག་ཕྱག་བཞི་མཛེས་ཤིང་འཛུམ་པའི་ཉམས། །དང་པོ་གཉིས་ཀྱིས་ཐུགས་ཀར་ཐར་མོ་སྦྱར། །འོག་མ་གཉིས་ཀྱིས་ཤེལ་ཕྲེང་པད་དཀར་བསྣམས། །རལ་བའི་ཐོར་གཙུག་རིན་ཆེན་པྲོག་ཞུ་ཅན། །སྣ་ཚོགས་དར་གྱི་སྟོད་གཡོག་སྨད་དཀྲིས་གསོལ། །རིན་ཆེན་རྒྱན་ཆས་བཅུ་གསུམ་དག་གིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དེ་ཡི་སྤྱི་བོར་པདྨ་ཉི་ཟླའི་སྟེང་། །ཆོས་སྐུའི་སྟོན་པ་འོད་སྣང་མཐའ་ཡས་དམར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས། །སྤྲུལ་སྐུའི་ཆ་བྱད་ཆོས་གོས་རྣམས་གསུམ་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །དཀྱིལ་འཁོར་གཙོ་མཆོག་པདྨ་འབྱུང་གནས་ཀྱི། །ཕྱི་རོལ་པདྨའི་འདབ་མ་བཅུ་གཉིས་ལ། །ཤར་ནས་རིམ་བཞིན་བདུད་མོ་ཆེན་མོ་བཞི། །བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །སྐུ་མདོག་མཐིང་ནག་བཻཌཱུརྱ་ཡི་མདོག །བདུད་ཀྱི་བེར་ཆེན་ནག་པོ་སྐུ་ལ་གསོལ། །ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས། །གཡུ་འབྲུག་ཆིབས་ནས་བསྟན་པའི་བྱ་ར་མཛད། །མགོ་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །སྐུ་མདོག་ལྗང་སྔོན་ཨིནྡྲ་ནི་ལིའི་མདོག །ཟ་འོག་སྔོ་བཀྲའི་བེར་ཆེན་སྐུ་ལ་གསོལ། །ཤང་ལང་དང་ནི་ཞགས་པ་བསྣམས་ནས་སུ། །རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཟིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན། །གངས་ཀྱི་་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །གངས་རིའི་མདོག་འདྲ་མཛེས་འཛུམ་ཆགས་པའི་ཉམས། །སྐུ་ལ་དར་དཀར་ན་བཟའ་གཡང་ལུགས་གསོལ། །རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས་ནས་ནི། །སེངྒེ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཡར་འབྲོག་གཡུ་མཚོའི་བདག་མོ་གསང་བའི་མཚན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །སྐུ་མདོག་ལྗང་ནག་མར་གད་ཞུན་མའི་མདོག །ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ། །རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས། །དྲེལ་རྟ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ལྷ་ཕུའི་གངས་དཀར་མ་ནི་གསང་བའི་མཚན། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །སྐུ་མདོག་དཀར་ལྗང་ཀུནྡའི་མདོག་འདྲ་བ། །དར་གྱི་ན་བཟའ་དཀར་པོ་སྐུ་ལ་གསོལ། །ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ། །ཤྭ་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རོང་གི་ཇོ་མོ་ཁ་རག་གསང་བའི་མཚན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །ཉི་མ་འཆར་ཁའི་མདོག་འདྲ་ཆགས་པའི་ཉམས། །དམར་སེར་དར་གྱི་ན་བཟའ་སྐུ་ལ་གསོལ། །ཌ་མ་རུ་དང་མེ་ལོང་བསྣམས་ནས་ནི། །ཁྱུང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རྨ་ཆེན་སྤོམ་ར་སྲིང་གཅིག་གསང་བའི་མཚན། །རྨ་རི་རབ་འབྱམས་རྡོ་རྗེ་གྲགས་མོ་རྒྱལ། །སྐུ་མདོག་དཀར་པོ་ཟླ་བ་ཞུན་མའི་མདོག །དར་དཀར་བེར་ཆེན་ལྷབ་ལྷུབ་སྐུ་ལ་གསོལ། །བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན། །འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བྱང་སྟོད་དམར་གྱི་མཚོ་བདག་གསང་བའི་མཚན། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི། །གསེར་གྱི་མདོག་ཅན་ཁྲོ་འཛུམ་ཆགས་པའི་ཉམས། །སེར་ནག་དར་གྱི་ན་བཟའ་སྐུ་ལ་གསོལ། །བེ་ཅོན་དང་ནི་མཁར་གཞོང་བསྣམས་ནས་ནི། །རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །མཛེས་སྡུག་འཕྲུལ་ཆགས་པད་དཀར་རྒྱས་པའི་མདོག །ལྷབ་ལྷུབ་དར་གྱི་འཇོལ་བེར་སྐུ་ལ་གསོལ། །མདའ་དར་རིན་ཆེན་སྒྲོམ་བུ་བསྣམས་ནས་ནི། རྟ་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཨེ་ཉམས་ར་མདོའི་སྦི་ན་གསང་བའི་མཚན། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །སྐུ་མདོག་དཀར་ལྗང་ཆགས་ཤིང་འདུད་པའི་ཚུལ། །སྐུ་ལ་དར་དཀར་བེར་ཆེན་ལྷབ་ལྷུབ་གསོལ། །ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས། །མཛོ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད། །གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །མཚམས་སྤྲིན་མདངས་ལྡན་ཡིད་འཕྲོག་ལྟ་ན་སྡུག །རིན་ཆེན་འབར་བ་སྒྲ་སྙན་ཏིང་ཤགས་བསྣམས། །དམར་སེར་དར་གྱི་ན་གཟའ་སྐུ་ལ་གསོལ། །ཡུ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བདུད་ཀྱི་ཇོ་མོ་གཡུ་ཏིང་གསང་བའི་མཚན། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན། །གཡུ་ཡི་མདོག་ཅན་ཟ་བེར་སྐུ་ལ་གསོལ། །ལྗང་སེར་དར་གྱི་ན་གཟའ་སྐུ་ལ་གསོལ། །སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས། །སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་རྣམས། རང་རང་བྲན་དང་གཡོག་འཁོར་མང་པོའི་ཚོགས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །ལ་ལ་ནག་མོ་ཁྲོ་གཏུམ་བདུད་མོའི་ཚོགས། །ལ་ལ་དམར་མོ་གནོད་སྦྱིན་བུ་མོའི་ཚོགས། །ལ་ལ་དཀར་མོ་བཞིན་བཟང་སྨན་མོའི་ཚོགས། །ལ་ལ་སྔོ་བསངས་ནམ་མཁའི་མདོག་ཅན་ཚོགས། །རང་རང་བཞུགས་པའི་གནས་མཆོག་དམ་པ་ནས། །སྔོན་གྱི་ཐུགས་དམ་དམ་ཚིག་རྗེས་དགོངས་ལ། །བྲན་དང་གཡོག་འཁོར་མང་པོའི་ཚོགས་བཅས་ནི། །ལྷབ་ལྷུབ་རིན་ཆེན་སྣ་ཚོགས་རྒྱན་དང་བཅས། །བརྩེ་བའི་ཚུལ་གྱི་གནས་འདིར་གཤེགས་སུ་གསོལ། །སྤྱན་འདྲེན་པ་ནི། ཧཱུཾ། རང་བཞིན་བདེ་ཆེན་རྣམ་པར་དག་པའི་དབྱིངས། །ཆོས་དབྱིངས་སྤྲོས་པ་བྲལ་བའི་ཕོ་བྲང་ནས། །ཆོས་སྐུ་སྟོན་པ་སྣང་བ་མཐའ་ཡས་ལ། །ཆོས་སྐུའི་ལྷ་ཚོགས་མ་ལུས་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རི་བོ་པོ་ཏ་ལ་ཡི་གནས་མཆོག་ནས། །ལོངས་སྐུའི་སྟོན་པ་སྤྱན་རས་གཟིགས་དབང་ལ། །ལོངས་སྐུའི་ལྷ་ཚོགས་མ་ལུས་འཁོར་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ལྷོ་ནུབ་པདྨ་འོད་ཀྱི་གཞལ་ཡས་ནས། །ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས། །སྤྱན་འདྲེན་མཆོད་པའི་གནས་འདིར་གཤེགས་སུ་གསོལ། །རང་རང་གར་བཞུགས་གནས་མཆོག་དམ་པ་ནས། །བོད་ཁམས་སྐྱོང་བའི་མ་ཡུམ་བརྟན་མའི་ཚོགས། །བདུད་མོ་བཞི་དང་གནོད་སྦྱིན་སྨན་མོ་བཞི། །རང་རང་སྡེ་བརྒྱད་དུ་མའི་འཁོར་དང་བཅས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །སྔོན་གྱི་དམ་ཚིག་གཉན་པོ་རྗེས་དགོངས་ལ། །རྣལ་འབྱོར་བསམ་པ་བསྒྲུབ་ཕྱིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿ བཞུགས་གསོལ་ནི། ཧཱུྃ། གཉིས་འཛིན་སྐྱོན་བྲལ་ཡེ་ཤེས་དག་པའི་སྐུ། །གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས། །གཉིས་མེད་མཉམ་པ་ཆེན་པོའི་རང་བཞིན་ལ། །གཉིས་སུ་མེད་པའི་ཚུལ་གྱིས་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། ཕྱག་འཚལ་བ་ནི། ཧཱུྃཿ ཆོས་སྐུའི་དབྱིངས་ལ་རྟོག་པ་མི་མངའ་ཡང་། །མ་འགག་རོལ་རྩལ་ལོངས་སྤྱོད་རྫོགས་སྐུ་ཤར། །ཐུགས་རྗེའི་གང་ལ་གང་འདུལ་སྤྲུལ་པའི་སྐུ། །རྟེན་འབྲེལ་བཅུ་གཉིས་གནས་དག་བརྟན་མའི་ཚོགས། །འཁོར་དང་བཅས་པ་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏིཙྪ་ཧོཿ མཆོད་པ་ནི། ཧཱུྃ། སྟོང་གསུམ་འདི་འམ་སྟོང་གསུམ་གཞན་དག་ན། །མེ་ཏོག་སྣ་ཚོགས་བདུག་པའི་སྤྲིན་ཕུང་སྤྲོ། །འོད་འབར་སྣང་གསལ་བྱུག་པའི་ལྦུ་ཕྲེང་གཡོ། །ཞལ་ཟས་བཅུད་ལྡན་སྙན་བརྗིད་རོལ་མོའི་སྒྲ། །ཤ་ཁྲག་རུས་གསུམ་དོན་སྙིང་ནང་རོལ་ཚོགས། །སྨན་དང་རཀྟའི་བཏུང་བ་མཚོ་ལྟར་བསྐྱིལ། །གཟུགས་སྒྲ་དྲི་རོ་རེག་བྱ་བཀྲ་ཤིས་རྫས། །ལྷ་མིའི་བསོད་ནམས་ལས་བྱུང་མཆོད་པའི་སྤྲིན། །དང་བའི་བློ་ཡིས་གུས་པས་འབུལ་ལགས་ན། །དགྱེས་བར་བཞེས་ལ་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཁ་ཧི༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། བཛྲ་ཨ་ར་ལི་ཛཿ བཛྲ་ཨ་ར་ལི་ཧཱུྃ། བཛྲ་ཏི་ཏི་དྷེ། བཛྲ་བྷ་ར་དྷ། བཛྲ་ས་བྱ་ཧཱུྃ། བཛྲ་ཏི་ཏི་ཧཱུྃ། བཛྲ་མ་ཏི་ཧཱུྃ། བཛྲ་ཏི་ད་ས་ཧཱུྃ། བཛྲ་ཁ་ར་ལི་ཧཱུྃ། བཛྲ་སིང་སོ་ཧཱུྃ། བཛྲ་ཡཀྴ་ཕྱིར། བཛྲ་དུ་ཕྱིར་ས་ར་ན་ཕཊ། མ་དུད་བྷྱོ། མ་དུད་བྷྱོ། ཧཱུྃ་ཧཱུྃ་ཛཿ་ཛཿ ས་པ་རི་ཝ་ར་ཨེ་དམ་བྷ་ལིངྟ་སོགས་ལན་གསུམ། བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕངས་བསྟོད༴ སོགས་ནས། ཕྲིན་ལས་མཛོད་ཅིག །བསྟོད་པ་ནི། ཧཱུྃ། ཆོས་སྐུའི་ཞིང་ཁམས་རབ་འབྱམས་དཔག་མེད་ན། །གདུལ་བྱ་དཔག་མེད་དབྱིངས་སུ་འདུལ་མཛད་པ། །ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ། །དམིགས་མེད་མཁའ་ལྟར་ཁྱབ་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་རྫོགས་སྐུ་མཚན་དང་དཔེ་བྱད་ལྡན། །ཚངས་དབྱངས་ཀ་ལ་པིངྐའི་སྒྲ་དབྱངས་ཀྱིས། །དཔག་ཡས་འདུལ་བྱ་རྒྱལ་མཚོར་སྨིན་མཛད་པ། །ལོངས་སྐུ་ཐུགས་རྗེ་ཆེན་པོར་ཕྱག་འཚལ་བསྟོད། །དྷ་ན་ཀོ་ཥ་པདྨའི་མཚོ་གླིང་དུ། །སྐུ་གསུམ་རིག་འདུས་པདྨ་འབྱུང་གནས་སྐུ། །སྣ་ཚོགས་ཐབས་ཀྱིས་འགྲོལ་བ་འདུལ་མཛད་པ། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །དཔལ་མོ་ཐང་གི་དཔལ་ཐང་གཙང་གི་སྟོད། །ལྷ་མཚོ་སྲིན་མཚོ་གཉན་པོའི་རྩ་བ་རུ། །དམ་ལ་བཏགས་པའི་བརྟན་མའི་ཚོགས་ལ་བསྟོད། །ལ་ལ་ནག་མོ་མི་སྡུག་སྲིན་མོའི་ཚོགས། །ལ་ལ་དམར་མོ་གནོད་སྦྱིན་ཁྲོ་གཉེར་ཅན། །ལ་ལ་དཀར་མོ་བཞིན་བཟང་མཛེས་མའི་གཟུགས། །ལ་ལ་སྔོན་མོ་སྔོ་བསངས་བུ་མོའི་ཚུལ། ཞི་རྒྱས་དབང་དྲག་སོ་སོའི་རྣམ་འགྱུར་ཅན། །མ་མོ་བཅུ་གཉིས་ཚོགས་ལ་ཕྱག་འཚལ་བསྟོད། །བོད་ཡུལ་གཞི་བདག་ཡོངས་ཀྱི་གཙོ་མོ་སྟེ། །མུ་སྟེགས་རྒྱུ་བའི་སྒོ་འཕྲང་བཅད་པ་དང་། །ནད་ཡམས་དམག་འཁྲུགས་མུ་གེ་ཞི་མཛད་པ། །དགྲ་དང་བགེགས་རྣམས་འདུལ་མཛད་ཁྱོད་ལ་བསྟོད། །ཕྲིན་བཅོལ་ནི། བྷྱོ། སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །དཀྱིལ་འཁོར་ཡོངས་ཀྱི་སྲུང་མ་མཐུ་བོ་ཆེ། །ཁྱད་པར་དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །ཡེ་ཤེས་མཁའ་འགྲོ་སེངྒེའི་གདོང་ཅན་གྱི། །བསྟན་པར་སྲུང་བར་དབང་བསྐུར་གཉེར་དུ་བཏད། །ཕྱིས་སུ་བལ་ཡུལ་ཁ་ལ་རོང་སྒོ་རུ། །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། །དམ་ལ་བཏགས་ནས་བསྟན་པའི་སྲུང་མར་བསྐོས། །བོད་ཁམས་སྐྱོང་བའི་མ་ཡམས་བརྟན་མའི་ཚོགས། །སྙིང་རྗེ་ཆེན་པོའི་དབྱིངས་ལས་མ་གཡོས་ཀྱང་། །ཁྲག་འཁྲུགས་རྔམ་པའི་ཚུལ་གྱིས་སྐུར་བཞེངས་ལ། ལྟ་ལོག་མུ་སྟེགས་རྒོལ་ངན་ཚར་བཅད་ནས། །འགོང་པོ་སྤུན་དགུ་རྒྱ་འདྲེའི་གནོད་པ་བཟློག །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་བ་ལ། །ལོག་པར་སེམས་པའི་དམ་སྲིའི་ཚོགས་རྣམས་ཀྱིས། །མི་དང་མི་མིན་སྣང་བ་དབང་བསྒྱུར་ནས། །བསྟན་སེལ་སྡེ་འཁྲུགས་སློང་བར་བྱེད་པའི་རིགས། །ཁ་དཀར་སྙིང་ནག་ལེགས་ན་མི་དགའ་བའི། །ཉེས་ན་དགའ་བའི་བསམ་ངན་གདུག་རྩུབ་ཅན། །རྣལ་འབྱོར་བདག་ལ་ལྷ་མེད་ཟེར་བ་དང་། །ལྷ་ལ་མཐུ་མེད་ཟེར་བའི་དམ་ཉམས་ཚོགས། །དོ་བརྡོ་ཕོད་དུ་བཙུག་པའི་དགྲ་བོ་རྣམས། །མ་ཡམས་བརྟན་མའི་ཚོགས་ཀྱི་མཐུ་སྟོབས་དང་། །རྒྱུ་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །མི་འདོད་ཕུང་ཀྲོལ་ངན་པ་ཚར་བཅད་ནས། །མིང་ཙམ་མེད་པར་བརླག་པའི་ཕྲིན་ལས་མཛོད། །ཁྱད་པར་སྔོན་ཚེ་པདྨ་འབྱུང་གནས་དང་། །དྲེགས་པའི་བཀའ་བབ་རླང་ཆེན་དཔལ་སེང་གེ །དཀྱིལ་འཁོར་མཐའ་རུ་ཞིང་ཆེན་སྟན་ལ་བཞག །གསང་བའི་མཚན་གསོལ་སྤྱི་བོར་ཅོད་པན་བཏགས། །ལག་ཏུ་རྡོ་རྗེ་གཏད་ནས་བཀའ་བསྒོས་བཞིན། །ཇི་ལྟར་ཁས་བླང་དམ་བཅས་ཇི་བཞིན་དུ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གི །ཡིད་ལ་ཅི་བསམ་ལྷུན་གྱིས་གྲུབ་པ་དང་། །བཅོལ་བའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བོད་སྐྱོང་བརྟན་མ་བཅུ་གཉིས་འདི་དུས་སྙིགས་མའི་སྐབས་འདིར་གསོལ་མཆོད་བྱས་ན་ལེགས་ཆའི་མཚན་ལྟས་རེ་ཤར་བས། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ས་ཕོ་རྟ་ལོའི་ཟླ་བ་བརྒྱད་པའི་ཚེས་གསུམ་ལ་བྲིས་པ་དགེའོ། །