Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
གདམས་ངག་མཛོད་པོད་བདུན་པ།  དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ།
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བདུན་པ། དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ།next

གདམས་ངག་མཛོད་པོད་བདུན་པ།
དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ།


LT16_Page_143A
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ་ཞེས་བྱ་བ་བཞུགས་སོ། །


LT16_Page_143B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿཤྲཱི་ཙཀྲ་སམྦ་ར་གུ་ར་ཝེ། རང་བྱུང་བདེ་ཆེན་ལྷན་ཅིག་སྐྱེས་པའི་སྐུ། །དངོས་ཀུན་ཁྱབ་བདག་འཁོར་ལོའི་དབང་ཕྱུག་དང༌། །དབྱེར་མེད་ཧེ་རུ་ཀ་ལ་གུས་བཏུད་ནས། །སྒྲུབ་ཐབས་ཟབ་པའི་ཡང་སྙིང་འདིར་དགོད་བྱ། །སྒྲུབ་པ་པོའི་གང་ཟག་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་ལ་གནས་པས་སྒྲུབ་གནས་དུར་ཁྲོད་སོགས་རྒྱུད་དང་མཐུན་པའམ་དབེན་ཅིང་བྱིན་རླབས་དང་ལྡན་པར་སྒྲུབ་རྫས་དམ་ཚིག་གི་བྲིས་སྐུ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་ཕྱི་ནང་གི་མཆོད་པའི་ཡོ་བྱད་རྣམས་ཉེ་བར་བསྡོག །དུས་ཡར་མར་གྱི་ཚེས་བཅུ་སོགས་ལ་དབུ་བརྩམས་ཏེ་སྟན་བདེ་བར་འཁོད། མདུན་དུ་ཌཱ་རུ་རྡོར་དྲིལ་ནང་མཆོད་རྣམས་བཞག་གོ །ཉམས་ལེན་བྱ་བ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གཉིས། དཀྱིལ་འཁོར་དང་འབྲེལ་བ་དང༌། སྒྲུབ་ཐབས་དང་འབྲེལ་བའོ། །དང་པོ་ནི། གཙོ་བོ་དཀྱིལ་ཆོག་དང་འབྲེལ་བ་ཡིན་ཀྱང༌། སྒྲུབ་པ་ཆེད་དུ་འཛུགས་པ་སོགས་ལ་སྒྲུབ་ཐབས་ཀྱི་ཐོག་མར་དགོས་གལ་ཆེ་ཞིང་དཀྱིལ་ཆོག་དང་འབྲེལ་ནའང་སྔོན་དུ་འགྲོ་དགོས་པས། ཐོག་མར་སྔོན་འགྲོ་གཏོར་མ་བཏང་བ་ནི་དཀར་བགེགས་སྤྱི་ལྟར་བཤམ། ཨོཾ་གྱིས་གཏོར་མ་མི་དམིགས་ཏེ་སྟོང་པར་བསམ། ཨཱཿཡིས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བསམ། ཧཱུྃ་གིས་ཟད་མི་ཤེས་པའི་འདོད་ཡོན་ལྔ་ལྡན་ཏུ་གྱུར། ཧ་ཧོཿཧྲཱིཿ ལན་གསུམ་དང་བཅས་པས་བྱིན་བརླབ། རང་གི་སྙིང་གའི་


LT16_Page_144A
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གི་འོད་ཟེར་གྱིས་གཏོར་མགྲོན་རྣམས་སྤྱན་དྲངས། ས་མ་ཡ་ཛཿ ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤ་ཙི་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡཿ ཨི་དཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཡ་ཐཻ་པཾ་ཡ་ཐེཥྛཾ་བྷུཉྫ་ཐ་ཛི་གྷྲ་ཐ་པི་པ་ཐ་མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱརྟ་ཡཱ་སཏྶུ་ཁཾ་བི་ཤུདྡྷ་ཡེ། ས་ཧཱ་ཡི་ཀཱ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་ཡུལ་འདིའི་གཞི་བདག་གིས་གཙོ་བྱས་པའི་འབྱུང་པོའི་ཚོགས་རྣམས་ལ་བསྔོའོ། །འབུལ་ལོ། །མགྲོན་ནོ། །སྦྱིན་ནོ། །བཞེས་ནས་དཀར་ཕྱོགས་ལ་དགའ་ཞིང་སྐྱོང་བ་རྣམས་ཀྱིས་རྣལ་འབྱོར་པ་བདག་ཅག་འཁོར་བཅས་ཆོས་སྒྲུབ་པའི་གྲོགས་མཛོད་ཅིག །གཞི་བདག་ཆེན་པོ་ལ་སོགས་པའི། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང༌། །འབྱུང་པོ་ཡི་དྭགས་ཤ་ཟའི་ཚོགས། །སྨྱོ་བྱེད་རྗེད་བྱེད་མཁའ་འགྲོ་མ། །མ་མོའི་ཚོགས་རྣམས་མ་ལུས་པ། །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ནས། འདོད་པ་ཀུན་འགྲུབ་མཛོད། བར་གྱིས་ཕྲིན་ལས་བཅོལ། ནག་པོའི་ཕྱོགས་ལ་དགའ་


LT16_Page_144B
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྣམས་ཀྱང་གཏོར་མ་འདིས་ཚིམས་པར་གྱིས་ལ། སྡིག་སྤོང་དགེ་བ་སྒྲུབ་པ་དང༌། དཀར་པོའི་ཕྱོགས་ལ་དགའ་བས། བདག་ཅག་འཁོར་དང་བཅས་པའི་ཆོས་སྒྲུབ་པའི་སྟོང་གྲོགས་མཛོད་ཅིག །གལ་ཏེ་དེ་ལྟར་མི་བྱེད་ན་ས་ཕྱོགས་འདིར་མ་འདུག་པར་རང་རང་སོ་སོའི་གནས་སུ་དེངས་ཤིག །མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེས་ལུས་ངག་ཐལ་བར་རློག་པར་བྱེད་དོ། །ཞེས་བརྗོད་ཅིང་རང་ལྷའི་ང་རྒྱལ་བརྟན་པོས་བཀའ་བསྒོ་བ་ནི། ཧཱུྃ། ང་ནི་དཔལ་ལྡན་རྡོ་རྗེ་འཆང༌། །སངས་རྒྱས་ཀུན་གྱིས་དབང་བསྐུར་ཞིང༌། །ཕྲིན་ལས་ཀུན་གྱི་བདག་པོ་རུ། །ང་ནི་རྗེས་སུ་གནང་བ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་ཀུན། །ང་ཡི་བཀའ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་གྱུར་ན། །བརླག་པར་འགྱུར་བར་གདོན་མི་ཟ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ་ཧཱུྃ་ཕཊ། གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། ཅེས་དྲག་རོལ་དང་བཅས་པས་གཏོར་མ་ཕྱིར་དོར། གཉིས་པ་ནང་མཆོད་བྱིན་གྱིས་བརླབ་པ་ནི། ཨོཾ་ཁཎྜ་རོ་ཧ་ཧཱུྃ་ཧཱུྃ་ཕཊ། ཅེས་པས་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་པས། སྟོང་པར་སྦྱངས་པའི་ངང་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར་ལྗང་སྔོན་གཞུ་བདུངས་པའི་དབྱིབས་ཅན་ཆང་ཟུང་དང་མཆོག་མ་ལ་ཡྃ་དང་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བ་རྃ་གྱིས་མཚན་པ། དེའི་ཟུར་རྣམས་སུ་ཀྃ་ཀྃ་ཀྃ་ལས་མི་མགོའི་སྒྱེད་བུ་ལྟག་པ་ནང་དུ་བསྟན་པ་རྣམས་ཀྱི་སྟེང་དུ། ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ། ཕྱི་དཀར་ལ་ནང་དམར་བ་དཔྲལ་བ་རང་ལ་བསྟན་པ། དེའི་ནང་དུ་ཨ་ལས་ཟླ་བའི་སྟེང་དུ། དབུས་སུ་ན་ལས་མིའི་ཤ །ཤར་དུ་གཽ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དེ་རྣམས་ཀྱི་སྟེང་དུ་དབུས་སུ་མུ་ལས་དྲི་ཆུ། ཤར་དུ་བི་ལས་དྲི་ཆེན། ལྷོར་ར་ལས་རཀྟ། ནུབ་ཏུ་མ་ལས་ཀླད་པ། བྱང་དུ་ཤུ་ལས་བྱང་སེམས་ཏེ། ཤ་ལྔ་


LT16_Page_145A
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔའི་སྟེང་དུ་ཨོཾ་ཨཱཿཧཱུྃ་ལས་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་ངོ་བོ་ཁ་ཊྭཱཾ་ག་ཡུ་བ་དངུལ་ཆུ་ལྟ་བུ་ལས། རྩེ་མོ་དཀར་དམར་མཐིང་གསུམ་འོད་ཀྱི་རང་བཞིན་ཅན་གྲུབ་པར་བསམ། བདག་གི་ཐུགས་ཀའི་ས་བོན་ལས་འོད་འཕྲོས། རླུང་གཡོས་མེ་སྦར་བས་ཐོད་པའི་ནང་གི་རྫས་རྣམས་ཁོལ་ཞིང་ཞུ། ཁ་ཊྭཱཾ་གའི་རྩེ་ལས་འོད་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྐུ་གསུང་ཐུགས་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྤྱན་དྲངས་ཁ་ཊྭཱཾ་ག་ལ་ཐིམ་ཞིང༌། ཁ་ཊྭཱཾ་གས་ཐོད་པའི་ནང་གི་རྫས་རྣམས་དཀྲུགས་པས། ཞུ་ཞིང་དམ་ཚིག་གི་བདུད་རྩི་དང༌། ཡེ་ཤེས་ཀྱི་བདུད་རྩི་རོ་གཅིག་ཏུ་འདྲེས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ རྒྱ་དང་བཅས་ལན་གསུམ། གཡོན་པའི་མཐེབ་སྲིན་གྱིས་འཐོར་ལ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྡོ་རྗེ་སྤུན་རིགས་དྲུག་གཞི་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ལྕེར་མྱོང་ལ། རང་ལུས་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། གསུམ་པ་གནས་ཁང་དང་མཆོད་རྫས་བྱིན་གྱིས་བརླབ་པ་ནི། སྔར་ལྟར་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱི་ནང་ཀུན་ཏུ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་ཏེ་འདོད་ཡོན་ལྔའི་མཆོད་རྫས་དྭངས་ཤིང་ཐོགས་པ་མེད་པ། ཡུལ་ས་དང་ནམ་མཁའ་བར་སྣང་ཐམས་ཅད་ཁྱབ་པ། དུས་ཐམས་ཅད་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པ། ངོ་བོ་བཟང་ཞིང་རྒྱ་ཆེ་བ། བཀོད་པ་མཆོག་ཏུ་གྱུར་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟར་བསམ་གྱིས་མི་ཁྱབ་པར་མོས་ལ། ཨོཾ་བཛྲ་མ་ཧཱ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ།


LT16_Page_145B
[མ་དཔེ་གཟིགས་ན་འདིར་གནོན།]

དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་ཨཱཿཧཱུྃ། གི་བར་གྱིས་སྔགས་རྣམས་རྒྱ་དང་བཅས་པས་བྱིན་བརླབ། རོལ་མོ་འཁྲོལ་ལ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་སོགས་ནས། ཨཱཿཁཾ་སྭཱ་ཧཱའི་བར་བརྗོད། གཉིས་པ་སྒྲུབ་ཐབས་ཀྱི་སྔོན་འགྲོ་ལ་དང་པོ་སྤྱིའི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ནི། རྒྱས་པ་ན་སྤྱི་ལྟར་སྐྱབས་འགྲོ་དྲུག་སྐོར་ཅི་ནུས་བརྗོད། བསྡུ་ན། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་རྗེ་དང་བཅས་པས། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ནས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་བདག་གིས་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པའི་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚངས་བའི་གནས་བཞི་སྒོམ། གཉིས་པ་བྱེ་བྲག་ས་ཆོག་གི་སྔོན་འགྲོ་བློན་པོ་རིགས་གསུམ་ལས་བྱེད་ལ་གསུམ་ལས། དང་པོ་རྡོར་སེམས་སྒོམ་བཟླས་ནི། རང་གི་སྤྱི་བོར་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ལ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་ཁྲག་འཛིན་ཅིང་པདྨའི་སྐྱིལ་མོ་ཀྲུང་གིས་འཁྱུད་པ། གཉིས་ཀའང་མཚན་དང་དཔེ་བྱད་འབར་ཞིང་འོད་ཟེར་གྱི་ཀློང་དུ་སྣང་སྟོང་སྒྱུ་མའི་སྐུ་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། བཛྲ་ས་མཱ་ཛཿ


LT16_Page_146A
[མ་དཔེ་གཟིགས་ན་འདིར་གནོན།]

ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས། རང་གི་སྤྱི་བོ་ནས་ཞུགས། ལུས་ཕྱི་ནང་ཐམས་ཅད་བཀྲུས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་ཅིང་དྲི་མ་མེད་པར་གྱུར། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་མ་ཡ་སོགས་ཧེ་རུ་ཀའི་ཡིག་བརྒྱ་དང༌། ཨོཾ་བཛྲ་ས་ཏྭ་ཧཱུྃ། ཞེས་པའང་བཟླ། མཐར། མགོན་པོ་བདག་ནི་སོགས་ཀྱིས་གསོལ་བ་བཏབ་པས། རྡོར་སེམས་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ལ་མཉམ་པར་བཞག །གཉིས་པ་བླ་མའི་རྣལ་འབྱོར་ནི། རང་ཉིད་ལྷག་པའི་ལྷར་གསལ་བའི་མདུན་གྱི་ནམ་མཁར་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པྃ་ལས་པདྨ་རྃ་ལས་ཉི་མ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཕགས་པ་རྣམས་མཆོད། སེམས་ཅན་གྱི་དོན་བྱས། འོད་ཟེར་ཚུར་འདུས་རྡོ་རྗེ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས་བླ་མ་རྡོ་རྗེ་འཆང་སྐུ་མདོག་མཐིང་གཞལ་གཅིག་ཞི་ཞིང་འཛུམ་པ་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་གྲི་གུག་དང་བདུད་རྩིའི་ཐོད་པ་འཛིན་པ་ལ་འཁྱུད་པ། ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་མཚན་དང་དཔེ་བྱད་རྫོགས་ཤིང་དར་གྱི་ན་བཟའ་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ། བཀྲག་མདངས་འོད་ཟེར་གཟི་བརྗིད་རབ་ཏུ་འབར་བ་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་དག་པའི་ཞིང་རབ་འབྱམས་ནས། དཔལ་འཁོར་ལོ་སྡོམ་པའི་ངོ་བོར་གྱུར་པའི་རྩ་བརྒྱུད་བླ་མ། ཡི་དམ་ལྷ་ཚོགས། མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མདུན་གྱི་ནམ་


LT16_Page_146B
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་བྱོན་པར་བསམ། ཨོཾ་གུ་རུ་མཎྜལ་དེ་བ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་སྔ་མའི་མཐར། ས་པ་རི་ཝཱ་ར་བཛྲ་མ་ཧཱ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཡབ་པཱ་དྱཾ་སྦྱར་བ་དང༌། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ།ནས། ཤབྡའི་བར་འགྲེས་སྦྱར། གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་ཤློ་ཀ་དང༌། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། སོགས་ཤློ་ཀ་གཅིག་གིས་བསྟོད། སྔགས་སྔ་མའི་མཐར། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ་པར་གྱུར་པར་མོས་ལ། བདུན་རྣམ་དག་འབུལ་བ་ནི། མཆོད་འོས་ཀུན་འདུས་དྲིན་ཅན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་པ་མ་ལུས་འབུལ། །དུག་གསུམ་དབང་གིས་སྡིག་པ་མཐའ་དག་བཤགས། །དུས་གསུམ་དགེ་ལ་རྗེས་སུ་ཡི་རང་ངོ༌། །ཐེག་གསུམ་ཆོས་འཁོར་རྟག་ཏུ་བསྐོར་བཞིན་དུ། །ཁམས་གསུམ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སྐུ་གསུམ་མྱུར་ཐོབ་ཤོག །ཅེས་དང་མཎྜལ་ཚོགས་བཅད་ལྷུག་གིས་ཕུལ། དེ་ནས་ཐུན་མོང་གི་སྡོམ་པ་བཟུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། སྐྱབས་གནས་མཆོད་འོས་ཀུན་འདུས་པའི། །དཔལ་ལྡན་བླ་མ་དགོངས་སུ་གསོལ། །ཆེ་གེ་མོ་ཞེས་བགྱི་བ་བདག །དུས་འདི་ཉིད་ནས་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་བཟུང༌། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་


LT16_Page_147A
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཅན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བརྗོད། གསུམ་པ་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་ཐོག་མར་བརྒྱུད་པའི་གསོལ་འདེབས་འདོན་པར་གསུངས་པས་རྒྱས་བསྡུས་གང་རུང་འདོན། བསྡུ་ན། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཆོས་རྗེ་སངས་རྒྱས་བཀའ་དྲིན་ཅན་ལ་སྐྱབས་སུ་མཆིའོ། །བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ༴ །བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ༴ །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ༴ །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །ཅེས་གསོལ་བ་ལན་མང་དུ་བཏབ། དཔལ་ལྡན་བླ་མ་རིན་པོ་ཆེ། །སྐུ་གསུང་ཐུགས་ལས་བྱུང་བ་ཡིས། །བདག་ལ་དབང་བཞི་བསྐུར་དུ་གསོལ། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ༴ །ངག་ལ་ནུས་པ་ཐོན་པར་བྱིན༴ །བླ་མའི་ཐུགས་ལ་གསོལ༴ །སེམས་ལ་རྟོགས་པ་འཆར་བར་བྱིན༴ །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ༴ །སྒོ་གསུམ་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། ཞེས་གསོལ་བ་བཏབ་པས། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་རང་གི་སྤྱི་བོར་ཐིམ། སྐུ་ལས་སྐུ་དཔག་ཏུ་མེད་པ་བྱུང་ལུས་


LT16_Page_147B
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པས་ལུས་ཀྱི་སྡིག་སྒྲིབ་དག །བུམ་པའི་དབང་ཐོབ། ལུས་སྐུ་རྡོ་རྗེའི་རང་བཞིན་ཏུ་གྱུར། ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་ཏུ་བྱས། བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ། ཞལ་ནས་སྔགས་ཕྲེང་དཔག་ཏུ་མེད་པ་བྱུང་ངག་ལ་ཐིམ་པས་ངག་གི་སྡིག་སྒྲིབ་དག གསང་བའི་དབང་ཐོབ། ངག་གསུང་རྡོ་རྗེའི་རང་བཞིན་ཏུ་གྱུར། ལམ་གཏུམ་མོ་སྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་ཏུ་བྱས། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་རང་གི་སྙིང་གར་ཐིམ། ཐུགས་ཀ་ནས་ཕྱག་མཚན་དཔག་ཏུ་མེད་པ་བྱུང་སྙིང་གར་ཐིམ་པས་ཡིད་ཀྱི་སྡིག་སྒྲིབ་དག །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐུགས་རྡོ་རྗེའི་རང་བཞིན་ཏུ་གྱུར། ལམ་ཕོ་ཉ་སྒོམ་པ་ལ་དབང༌། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་ཏུ་བྱས། དེ་ནས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང༌། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་ལྡན་ཏུ་བསམས་ལ་ཅི་གནས་སུ་མཉམ་པར་བཞག་གོ །གཉིས་པ་དངོས་གཞི་ལ་རྒྱལ་པོ་ཆོས་ཉིད་མི་འགྱུར་བའི་ཉམས་ལེན་བསྲེ་འཕོ་སྐོར་གསུམ་བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་རྣམས་ཡིན་པས་གཞན་ཏུ་ཤེས། དམངས་ཕལ་པ་ཕྲིན་ལས་མཐུན་སྦྱོར་གྱི་རྣལ་འབྱོར་བདུན་འདིར་བསྟན་པར་བྱ་བ་ཡིན་པས། དང་པོ་གསོལ་འདེབས་སྐབས་འདིར་མི་དགོས། གཉིས་པ་བསྐྱེད་རིམ་ལ་ལྔའི་དང་པོ་ཕྱི་དཀྱིལ་སྒོམ་པའི་ཐོག་མར་བགེགས་བསྐྲད་པ་ནི། དབང་བཞི་པའི་མཉམ་གཞག་གི་ངང་ལས། སྙིང་རྗེ་ཆེན་པོའི་དབང་གིས་རང་གི་ཐུགས་ཀའི་ཧཱུྃ་མཐིང་ནག་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་དགྲ་བགེགས་གདུག་པ་ཅན་རྣམས་བཀུག་ཅིང་སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་གུར་དང་བླ་བྲེ་ས་གཞི་རྭ་བ་དྲྭ་བ་སྲ་ཞིང་བརྟན་པ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེའི་དབུས་སུ་བྷྲཱུྃ་ལས་


LT16_Page_148A
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཆའི་འཁོར་ལོ་རྩིབས་བཅུ་པ། ཁ་དོག་སེར་པོ་ཆེར་འབར་བ། རྩེ་དང་དཔལ་ཤིན་ཏུ་རྣོ་ཞིང་ཁོག་པ་སྟོང་པའི་སྟེང་འོག་གི་རྩིབས་གྱེན་ཐུར་དུ་ཟུག་ཅིང་མེ་རབ་ཏུ་འབར་བར་གྱུར། ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ། དེའི་ནང་གི་དབུས་དང་རྩིབས་བཅུའི་འཁོར་ལོ་ལ་མ་རེག་པའི་བར་སྣང་རྣམས་སུ་པད་ཉི་དབང་ཕྱུག་ཕོ་མོ། ཕྱོགས་སྐྱོང་བཅུ་ཆུང་མར་བཅས་པ་དྲེགས་སྟོབས་ཉམས་ནས་གན་རྐྱལ་དུ་འགྱེལ་ཏེ། རྐང་པ་ལྕགས་སྒྲོག་གིས་སྦྲེལ་ཞིང་ལག་པ་ཐལ་མོ་སྦྱར་བའི་གདན་རྣམས་གྲུབ་པར་གྱུར། དབུས་ཀྱི་གདན་གྱི་སྟེང་དུ་སྐད་ཅིག་གིས་རང་ཉིད་རྡོ་རྗེ་ཧཱུྃ་མཛད་ཁམས་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བ། གཡས་དཀར་གཡོན་དམར་དབུས་མཐིང་བའི་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། གཉིས་པ་ན་ལྕགས་ཀྱུ་དང་ཞགས་པ། གསུམ་པ་ན་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པ། ཞབས་གཡས་བརྐྱང་གི་སྟབས་ཀྱིས་གདུག་པ་ཅན་ཐམས་ཅད་ཀྱི་བདག་པོ་འཇིགས་བྱེད་དང་དུས་མཚན་མནན་པ། དེའི་ཐུགས་ཀའི་ཧཱུྃ་ལས་སྐད་ཅིག་གིས་ཁྲོ་བོ་བརྒྱད་སྤྲོས་ཏེ། དེ་ཡང་ཤར་གྱི་རྩིབས་སུ་རྡོ་རྗེ་དྲག་པོ་སྔོན་པོ། བྱང་དུ་རྡོ་རྗེ་ཐབས་སྦྱོར་ལྗང་གུ། ནུབ་ཏུ་རྡོ་རྗེ་གཙུག་ཏོར་དམར་པོ། ལྷོར་རྡོ་རྗེ་ཉི་མ་སེར་པོ། ཤར་ལྷོར་རྡོ་རྗེ་འཇིགས་བྱེད་དམར་པོ། ལྷོ་ནུབ་ཏུ་རྡོ་རྗེ་སྟོབས་ཆེན་སྔོན་པོ། ནུབ་བྱང་དུ་རྡོ་རྗེ་ནག་པོ་ནག་པོ། བྱང་ཤར་དུ་རྡོ་རྗེ་གནོད་སྦྱིན་དཀར་པོ། ཐམས་ཅད་ཀྱང་རབ་ཏུ་ཁྲོས་པ་ཞལ་གསུམ་ཕྱག་དྲུག་པ། གཡས་དཀར་གཡོན་དམར་དབུས་མཐིང་བ་ལ་སོགས་པ་གཡས་གཡོན་གྱི་ཕྱག་དང་པོ་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ། དེའི་འོག་མ་ལྕགས་ཀྱུ་དང་ཞགས་པ། དེའི་འོག་མ་ཅང་ཏེའུ་དང་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། གཡས་བརྐྱང་གི་སྟབས་ཀྱིས་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བརྒྱ་བྱིན་ལ་སོགས་


LT16_Page_148B
[མ་དཔེ་གཟིགས་ན་འདིར་གནོན།]

པ་མནན་པ། དེ་ནས་སྟེང་དུ་རྡོ་རྗེ་གཙུག་ཏོར་དཀར་པོ། འོག་ཏུ་རྡོ་རྗེ་གནོད་མཛེས་སྔོན་པོ་ཞལ་གསུམ་ཕྱག་བརྒྱད་པ། དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲའི་ཡུམ་ལ་འཁྱུད་པ། གཉིས་པ་གཉིས་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ། གསུམ་པ་གཉིས་ན་མདུང་རྩེ་གསུམ་པ་དང་འཁོར་ལོ། །བཞི་པ་གཉིས་ན་ཁ་ཊྭཱཾ་ག་དང་ཐོད་པ་འཆང་བ། གཡས་བརྐྱང་བས་ཚངས་པ་དང་ས་བདག་ཕོ་མོའི་གདན་ལ་བཞུགས་པ། དེ་ཐམས་ཅད་ཀྱང་ཤིན་ཏུ་ཁྲོས་པའི་གཟུགས་ཅན་ཐོད་པ་དང་རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་སྐུར་གྱུར། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨེ་ཧྱེ་ཧི། པདྨ་ཀ་མ་ལཱ་ཡ་སྟྭཾ། སྔགས་སྔ་མའི་མཐར། ཨཱརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཧཱུྃ། ཤེས་རབ་ཟག་མེད་སྟོང་པའི་ངང་ཉིད་ལས། །སྙིང་རྗེ་ཆེན་པོས་འགྲོ་དོན་དཔག་མེད་མཛད། །ལོག་འདྲེན་བགེགས་ཚོགས་ཐལ་བར་རློག་མཛད་པའི། །དཔལ་ཆེན་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས༴ མ་སྲིན་མཁའ་འགྲོ༴ སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། རྒྱུ་འབྲས་བསླུ་བ་མེད་པའི༴ རིག་པའི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། སྤྱིར་ཞིང་བཅུ་ཚང་བའི་དགྲ་དང༌། ཁྱད་པར་དམ་པའི་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱི་མཐུ་སྟོབས་བརླག་པར་གྱུར་ཅིག །ནུས་པ་ཉམས་པར་གྱུར་ཅིག །དྲག་ཤུལ་དང་རྫུ་འཕྲུལ་མེད་པར་གྱུར་ཅིག །ལུས་ངག་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཅིག །རྣམ་ཤེས་ཆོས་ཀྱི་


LT16_Page_149A
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་སུ་སངས་རྒྱས་པར་གྱུར་ཅིག །ཅེས་ཐལ་མོ་ལན་ལྔ་བརྡབ། ཁྲོ་ཆེན་འབར་བའི་ཚོགས་རྣམས་ཀྱིས། སོགས། སླར་ཡང་ཁྲོ་བོའི་ང་རྒྱལ་གྱིས་སེ་གོལ་ཕྱོགས་བཞིར་བརྡབ་ཅིང༌། ཁྲོ་བོ་བཅུ་གཅིག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དགྲ་བགེགས་རྣམས་སྒོ་གསུམ་གཡོ་འགུལ་མི་ནུས་པར་གྱུར། ཨོཾ་སུཾ་བྷ་ནི་ལན་གསུམ་བརྗོད། སླར་ཡང་ཐུགས་ཀ་ནས་སྟོད་ཁྲོ་བོ་སྨད་ཕུར་བུའི་རྣམ་པ་མེ་འབར་བ་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་ཏེ། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུ་བཀོད་པར་གྱུར། ཕུར་བུ་ཐོ་བས་བསྡིགས་པའི་ཕྱག་རྒྱ་བཅའ། ཨོཾ་བྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་བི་གྷྣཱན་ཧཱུྃ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལ་ཡ་བཛྲ་དྷཱ་ར་ཨཱ་ཛྙ་པ་ཡ་ཏི། སརྦ་དུཥྚཱཾ་བིགྷཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། ཨོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། ཅེས་ལན་གསུམ་བརྗོད་པས། རྐང་མཐིལ་གཉིས་ཀྱི་བར་དུ་ཕུག་ནས། སྲོག་འོད་གསལ་དུ་ཐིམ་སྟེ་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པ་དང༌། ཕུར་བུ་རྣམས་ཧཱུྃ་ཡིག་ཏུ་གྱུར་ནས་ཁྲོ་བོ་རང་རང་ལ་ཐིམ་ཞིང༌། ཁྲོ་བོ་རྣམས་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་རྣམས་འཁོར་ལོའི་རྩིབས་ལ་བསྐྱོན་ཞིང༌། འཁོར་ལོ་གཡས་ཕྱོགས་སུ་དྲག་ཏུ་མི་འགུལ་བ་ལྟར་འཁོར་བས། མཚོན་ཆའི་ཆར་དང༌། འཁོར་ལོའི་རྩིབས་དང༌། མེ་རླུང་གིས་དགྲ་བགེགས་རྣམས་རྡུལ་དུ་བརླག་པར་བྱས། རྣམ་ཤེས་རྣམས་ཡི་གེ་ཨ་དཀར་པོའི་རྣམ་པར་ཁྲོ་བོའི་ཐུགས་ཀར་ཐིམ་པས་ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམ་ཞིང༌། རབ་ཏུ་ཁྲོས་པའི་ཚིག་གིས། ཨོཾ་ཁ་བཛྲ་དྷྲྀག་བཛྲ་ཧཱུྃ་ཀ་ར་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨ་ན་ལཱརྐ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུཥྞི་ཥ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀུཎྜ་ལཱི་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་མ་ཧཱ་བཱ་ལ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་བྷི་ཥ་ཎ་བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་ཨུཥྞི་ཥ་ཙཀྲ་ཝརྟི་


LT16_Page_149B
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཧཱུྃ་ཕཊ། ཨོཾ་བཛྲ་པ་ཏ་ལ་བཛྲ་ཧཱུྃ་ཕཊ། ཞེས་ལན་གསུམ་བརྗོད། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ས་པ་རི་ཝཱ་ར་ཨཱརྒྷཾ་ནས་ཤབྡའི་བར་གྱིས་མཆོད། སྔར་ལྟར་བསྟོད། སླར་ཡང་ཐུགས་ཀའི་འོད་ཀྱིས་གཙུག་ཏོར་འཁོར་ལོས་སྒྱུར་བ་བསྐུལ། དེའི་འོད་ཀྱིས་ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་བསྐུལ། ཐམས་ཅད་ཞལ་ཕྱིར་གཟིགས་ཤིང་ཐུགས་ཀའི་འོད་ཟེར་དང་དྲག་སྔགས་ཀྱི་སྒྲས་དགྲ་བགེགས་གནོད་བྱེད་རྣམས་བཀུག་ནས་འཁོར་ལོའི་རྩིབས་ལ་བསྐྱོན། མཚོན་ཆའི་ཆར་དང་མེ་རླུང་གིས་ཐམས་ཅད་རྡུལ་དུ་བརླག །རྣམ་ཤེས་ཨ་དཀར་པོའི་རྣམ་པས་ཁྲོ་བོའི་ཐུགས་ཀར་ཐིམ་པས། ཆོས་ཀྱི་དབྱིངས་སུ་སངས་རྒྱས་པར་བསམས་ལ། ན་མཿས་མནྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཧེ་རུ་ཀཱ་ནཱཾ། ཨོཾ་ཧཱུྃ་བཛྲ་ཧེ་རུ་ཀ་ཙཀྲ་ཝརྟི། སརྦ་ལོ་ཀི་ཀ་ལོ་ཀོཏྟ་རཱ་ཎི་ཡནྟྲ་མནྟྲ་ཏནྟྲ་ཙཱུརྞ་པྲ་ཡོ་ག་དཱི་ནི། ཡེ་ན་ཀེ་ན་ཙི་ཏ་ཏཱ་ནི་སརྦ་ནི། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཏརྫ་ཡ་ཏརྫ་ཡ། གྲྀཧྞ་གྲྀཧྞ། བྷཀྵ་ཡ་བྷཀྵ་ཡ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཀྵྨཱཾ་ཀྵྨཱཾ། ཛྙཽ་ཛྙཽ། མ་ཐ་མ་ཐ། བི་དྷཱནྶ་ཡ་བི་དྷྭཱནྶ་ཡ། ཤ་ཏ་ས་ཧ་སྲ། ཙཱུརྞ་ཡ་ཙཱུརྞ་ཡ། ཨོཾ་ཕཊ། བཛྲ་ཧེ་རུ་ཀ་ཨུཥྞཱི་ཥ་ཙཀྲ་ཝརྟི། ཏ་སྱཻ་བཾམུ་ཁཾ་ཙཀྵུ་བནྡྷ་བནྡྷ། དགྲ་བགེགས་བྱད་མ་གནོད་བྱེད་ཐམས་ཅད་ཤཱིནྟཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་རྗེས། ཁྲོ་བོ་རྣམས་ཐུགས་ཞི་བས་འཁོར་ལོ་ཡང་མི་འགུལ་ངར་སྲུང༌། ཁྲོ་བོ་རྟེན་བཅས་འོད་དུ་ཞུ་སྟེ་རང་ལ་ཐིམ། རང་ཡང་འོད་དུ་ཞུ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསམ་མོ། །གཉིས་པ་ཆོས་ཐམས་ཅད་སྟོང་པར་སྦྱང་བ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང༌། རང་གཞན་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། གསུམ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནི། ནམ་མཁའི་ཁམས་སུ་ཨེ་ཨེ་ལས་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ། གདེངས་ཀ་ཆེ་བ་གཉིས་ཁ་སྦྱར་ཞིང༌། རྩེ་མོ་རྣོ་བ་གཉིས་སྟེང་


LT16_Page_150A
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཕྱོགས་པའི་ནང་དུ། ཡྃ་ལས་རླུང་གི་དཀྱིལ་འཁོར་ཟླ་གམ་ལྗང་སྔོན་ཡྃ་གྱིས་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་གྱིས་མཚན་པ། དེའི་སྟེང་དུ་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོ་བྃ་གྱིས་མཚན་པ། དེའི་སྟེང་དུ་ལྃ་ལས་སའི་དཀྱིལ་འཁོར་གྲུ་བཞི་སེར་པོ་ལྃ་གྱིས་མཚན་པ། དེའི་སྟེང་དུ་སུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ལྷུན་པོ། དེའི་སྟེང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་སུམ་ཅུ་རྩ་གཉིས་པ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྣ་ཚོགས་མདོག་ཅན་འོད་དུ་ཞུ་བ་ལས་སྣ་ཚོགས་རྡོ་རྗེ་རྩེ་མོ་ལྔ་པ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་ནག་ཧཱུྃ་གིས་མཚན་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འོག་རྡོ་རྗེའི་ས་གཞིར་གྲུབ་པར་བསམ། བྱིན་གྱིས་བརླབ་ཕྱིར། ཨོཾ་མེ་དི་ནཱི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། ཞེས་ལན་གསུམ་བརྗོད། དེའི་སྟེང་ཐམས་ཅད་རྡོ་རྗེའི་གུར་གྱིས་བཀབ་པར་བསམས་ལ། ཨོཾ་བཛྲ་པཉྫ་ར་ཧཱུྃ་བྃ་ཧཱུྃ། གུར་གྱི་ནང་དུ་རྡོ་རྗེའི་བླ་བྲེ་གྲུབ་པར་བསམས་ལ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། གུར་གྱི་ཕྱི་རོལ་དུ་རྡོ་རྗེ་རྩེ་དགུ་པ་རྭ་རབ་ཏུ་གདེངས་པ་རྩིག་པའི་ར་བ་གྲུབ་པར་བསམས་ལ། ཨོཾ་བཛྲ་པྲཱ་ཀཱ་ར་ཧཱུྃ་བྃ་ཧཱུྃ། དེའི་སྟེང་དུ་གནམ་ལྕགས་ཀྱི་ཐོག་སེར་ལ་སོགས་མཚོན་ཆ་སྣ་ཚོགས་ཀྱི་ཆར་དྲག་པོ་ཕྱིར་འཕྲོ་བའི་སྣ་ཚོགས་རྡོ་རྗེའི་དྲྭ་བ་གྲུབ་པར་བསམས་ལ། ཨོཾ་བཛྲ་ས་ར་ཛྭ་ལ་ཏྲྃ་སྃ་ཏྲྃ། རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་རེ་རྣམས་མེའི་རང་བཞིན་དུ་གྱུར་པ་ལས་མེ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་གྱེན་དུ་རྒྱུག་ཅིང་ཐུར་དུ་འཚུབས་པ་དང༌། ཕྱོགས་མཚམས་ཀུན་ཏུ་གོ་འཚམས་མེད་པར་འཕྱོང་བས་དགྲ་བགེགས་རྣམས་སྲེག་པར་བྱེད་པའི་ཡེ་ཤེས་ཀྱི་མེ་དྲག་པོར་བསམས་ལ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྲུང་འཁོར་གྱི་སྔགས་ཐམས་ཅད་ལན་གསུམ་བརྗོད་ཅིང་བྱིན་གྱིས་བརླབ་བོ། །དེ་ནས་བཞི་པ་རྟེན་གཞལ་


LT16_Page_150B
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ཁང་གདན་དུར་ཁྲོད་དང་བཅས་པ་བསྐྱེད་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བའི་སྟེང་དུ་བྷྲཱུྃ་སྣ་ཚོགས་མདོག་ཅན་འོད་དུ་ཞུ་ཞིང་ཡོངས་སུ་གྱུར་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞིའི་ནང་ནས་རིམ་པ་བཞིན་དུ་ནག །དཀར། སེར། དམར། ལྗང་པའི་རྩིག་པ་ལྔ་དང་ལྡན་པ། དེའི་སྟེང་ན་རིན་པོ་ཆེའི་བ་གམ་སེར་པོའི་ངོས་ལ་ཆུ་སྲིན་མཱ་ཀ་རའི་ཁ་ནས་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་བཻ་ཌཱུརྻའི་བད་ཀྱི་ངོས་ལ་རིན་པོ་ཆེའི་དྲ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། དེའི་སྟེང་དུ་རིན་པོ་ཆེའི་མདའ་ཡབ་དང་པུ་ཤུས་ཡོངས་སུ་བསྐོར་བ། ནང་རྡོ་རྗེའི་གདུང་ཟླུམ་པོས་ཁོར་ཡུག་ཏུ་བསྐོར་བའི་དབུས་སུ་རྡོ་རྗེའི་གདུང་བཞིས་མིག་མང་རིས་སུ་བྲིས་པའི་སྣ་ནས་ཀ་བ་བརྒྱད་ཀྱིས་རིམ་པས་བཏེག་ཅིང༌། དབུས་ཕྱུར་བུར་གྱུར་པའི་ཐོག་གི་རྩེ་མོར་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཚན་པ། སྒོ་རྣམས་ཀྱི་ཐད་སོར་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་འོག་ནས་སྟེང་དུ་རིམ་པ་བཞིན་དུ་སེར། སྔོ། ལྗང༌། དམར། ནག སེར། ནག །སྔོ། ལྗང༌། དམར། དཀར་བའི་སྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེར། པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་དང༌། གདུགས་དང༌། རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གོས་དང་འཕན་དང་མེ་ཏོག་གི་ཕྲེང་བ་དང༌། ཟླ་བ་རླུང་གིས་བསྐྱོད་པ་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་ལ་སོགས་ཏེ་རྒྱན་དུ་མས་བརྒྱན་པའི་ཕྱི་འགྲམ་འདོད་ཡོན་གྱི་སྣམ་བུ་དམར་པོའི་སྟེགས་བུའི་སྟེང་དུ་ལྷ་མོ་བཅུ་དྲུག་གི་གདན་དང་བཅས་པའི་གཞལ་ཡས་ཁང་པའི་སྟེང་འོག་གི་ལྷ་སྣམ་ཤར་སྔོ། བྱང་ལྗང༌། ནུབ་དམར། ལྷོ་སེར་པའི་འོག་དབུས་མཐིང་ག་འཕང་མར་གྱུར་པའི་སྟེང་དུ། ས་འོག་སྐྱོད་སྐུའི་འཁོར་ལོ་དཀར་པོ་མུ་ཁྱུད་འཁོར་ལོའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་ས་སྤྱོད་གསུང་གི་འཁོར་ལོ་དམར་པོ་མུ་ཁྱུད་པདྨའི་ཕྲེང་བས་བསྐོར་བ། དེའི་སྟེང་དུ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཐིང་ག་མུ་ཁྱུད་རྡོ་


LT16_Page_151A
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཕྲེང་བས་བསྐོར་བ་སྟེ། ཐམས་ཅད་ཀྱང་རྩིབས་བརྒྱད་པ་ཀུན་གྱི་ལྟེ་བ་ངོ་བོ་གཅིག་ལས། རྣམ་པའི་ཁ་དོག་རང་རང་གི་མདོག་ལས་སྟེང་འོག་ཏུ་ལྷག་པར་མངོན་པ་སུམ་བརྩེགས་ཀྱི་སྟེང་མ། ཐུགས་ཀྱི་འཁོར་ལོའི་ལྟེ་བ་བདེ་ཆེན་འཁོར་ལོའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བ་དང༌། ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་འཇིགས་བྱེད་ནག་པོ་མགོ་བོ་བྱང་དང༌། དུས་མཚན་དམར་མོ་མགོ་བོ་ལྷོར་ཕྱོགས་པ་གན་རྐྱལ་དུ་འགྱེལ་ནས་ལག་པ་ཐལ་མོ་སྦྱར་ཞིང་རྐང་པ་ལྕགས་སྒྲོག་གིས་སྦྲེལ་བའི་གདན་དང་པདྨའི་ཕྱོགས་བཞིར་ཉི་མ་རོའི་གདན་དང༌། མཚམས་བཞིར་བུམ་ཐོད་བདུད་རྩིས་གང་བའི་ཁར་སྣ་ཚོགས་རྡོ་རྗེས་མཚན་པ་རེ་རེ། འཁོར་ལོ་རྣམས་ཀྱི་རྩིབས་ཀུན་གྱི་ནང་དང་སྒོ་མཚམས་རྣམས་སུ་པདྨ་ཉི་མ་རོའི་གདན་རེ་རེ་གྲུབ་པར་བསམ། གཞལ་ཡས་ཁང་པའི་ཕྱི་རོལ་དུ་ཁྱམས། དེའི་ཕྱི་རོལ་རྡོ་རྗེའི་གུར་དང་ར་བའི་བར་དུ་དུར་ཁྲོད་ཆེན་པོ་བརྒྱད་ནི། ཤར་ནས་གཡོན་སྐོར་དུ། གཏུམ་དྲག །ཚང་ཚིང་དྲག་པོ། འབར་བ་འཁྲིགས་པ། ཀེང་རུས་ཐོད་པ་ཅན། ཤར་ལྷོ་ནས་གཡས་སྐོར་དུ། དཔལ་གྱི་ནགས་ཚལ། མུན་པ་དྲག་པོ། ཀཱི་ལི་ཀཱི་ལིའི་སྒྲ་ཅན། ཨཱཊྚ་ཊེ་རྒོད་རྣམས་གནས་པ། དེ་རྣམས་སུ་ཤིང་ཆེན་པོ་བརྒྱད། སྤྲིན་ཆེན་པོ་བརྒྱད། རི་ཆེན་པོ་བརྒྱད། མཆོད་རྟེན་ཆེན་པོ་བརྒྱད། མེ་ཆེན་པོ་བརྒྱད། ཆུ་ཆེན་པོ་བརྒྱད་དང༌། འོག་གི་ས་གཞི་ཐམས་ཅད་མི་རོ་དང་རྟ་རོ་དང་ཤ་ཁྲག་རུས་པས་ཡོངས་སུ་གང་བ་འཇིགས་ཤིང་སྐྱི་གཡའ་བའི་དུར་ཁྲོད་ཆེན་པོ་རྣམས་གྲུབ་པར་གྱུར། ལྔ་པ་ལ་བཞིའི་དང་པོ་བརྟེན་པ་ལྷ་བསྐྱེད་པའི་ཡན་ལག་ལའང་གསུམ་གྱི་དང་པོ་གཙོ་བོ་ཡབ་ཡུམ་བསྐྱེད་པ་ནི། དབུས་ཀྱི་གདན་གྱི་སྟེང་དུ། གཡོན་སྐོར་དུ་དངུལ་ཆུ་ལྟར་གསལ་ལ་འཚེར་བའི་ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཡས་སྐོར་དུ། ཨོཾ་ཨ་ཨཱ་ནས། ཨཾ་ཨཿ ཞེས་པའི་བར། ཕྲག་གཉིས་རྣམས་འོད་དུ་ཞུ་


LT16_Page_151B
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་དབུས་སུ་ཐོད་པ་རཀྟས་གང་བའི་ནང་དུ། རང་གི་རྣམ་ཤེས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འོད་ཀྱི་རང་བཞིན་ཅན། དེའི་སྟེང་དུ་གཡས་སྐོར་དུ་རཀྟ་ལྟར་དམར་ཞིང་སྣུམ་པའི་ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ཡ་ར་ལ་ཝ་ཌ་ཌྷ། གཡོན་སྐོར་དུ། ཀ་ཁ་ག་གྷ་ང༌། ནས། ཌ་ཌྷ། ཞེས་པའི་བར་ཕྲག་གཉིས་རྣམས་འོད་དུ་ཞུ་པ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་རྣམས་གཅིག་ཏུ་འདྲེས་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་ལོ་སྡོམ་པའི་སྐུར་གྲུབ་ཅིང་གསལ་བ་ནི། སྐུ་མདོག་མཐིང་གཞལ་བཞི་ལས་རྩ་ཞལ་མཐིང་ག་ཁྲོས་ཤིང་འགྱུར་བ། གཡོན་ཞལ་ལྗང་གུ་རྔམས་ཤིང་བསྡམས་པ། རྒྱབ་ཞལ་དམར་པོ་ཅུང་ཟད་ཞི་ཞིང་ཆགས་པ། གཡས་ཞལ་སེར་པོ་གདངས་ཤིང་བཞད་པ། ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨིན་མ་དང་སྨ་ར་ཨག་ཚོམ་དམར་སེར་མེ་ལྟར་འབར་བ། མཆེ་བ་གཙིགས་ཤིང་ཁྲོ་གཉེར་གཡོ་བའོ། །ཕྱག་བཅུ་གཉིས་དང་ལྡན་པའི་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཐ་མ་གཉིས་ཞིང་ཆེན་གྱི་གཡང་གཞི་དང༌། གླང་ཆེན་གྱི་ཀོ་རློན་བརྒྱངས་ཏེ་འཛིན་པ། གཡས་ཀྱི་གཉིས་པ་ན་ཌཱ་མ་རུ། གསུམ་པ་ན་གྲི་གུག །བཞི་པ་ན་དགྲ་སྟྭ། ལྔ་པ་ན་མདུང་རྩེ་གསུམ་པ། གཡོན་གྱི་གཉིས་པ་ན་རྡོ་རྗེ་ཁ་ཊྭཱཾ་ག།གསུམ་པ་ན་ཁྲག་གིས་གང་བའི་ཐོད་པ། བཞི་པ་ན་རྡོ་རྗེའི་ཞགས་པ། ལྔ་པ་ན་ཚངས་པའི་མགོ་བོ་གདོང་བཞི་པ་འཛིན་པ། ཞབས་གཡས་བརྐྱངས་པས་དུས་མཚན་གྱི་སྙིང་ག་དང༌། གཡོན་ཅུང་ཟད་བསྐུམས་པས་འཇིགས་བྱེད་ཀྱི་སྙིང་གར་མནན་ནས་རོལ་པའི་སྟབས་ཀྱིས་བཞུགས་པའི་སྐུ་ལ་ཁྲག་ཞག་ཐལ་ཆེན་གྱིས་བྱུགས་པ། དབུ་སྐྲ་རལ་


LT16_Page_152A
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཅོད་པན་གྱི་སྟེང་ན་སྣ་ཚོགས་རྡོ་རྗེ་ནོར་བུའི་ཕྲེང་བ་དང༌། ཟླ་ཕྱེད་རྡོ་རྗེས་མཚན་པ། ཐོད་སྐམ་གྱི་རྩེ་རིན་ཆེན་འབར་བས་སྤྲས་པ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྦྲུལ་དང་རུས་པའི་རྒྱན་དྲུག་དང་ལྡན་པ། སྟག་ལྤགས་རློན་པའི་ཤམ་ཐབས་ལྷབ་ལྷུབ་ཏུ་འཕྱང་བ་ལ་སོགས་ཏེ་རྒྱན་དང་ཆ་ལུགས་ལྡན་པས་སྒེག་པ། དྲེགས་པ་ཕོ་མོ་གདན་དུ་བཏིང་བས་དཔའ་བ། སྐུ་ཆེ་ཡན་ལག་རགས་པས་མི་སྡུག་པ། ཧ་ཧཱ་དང་ཧི་ཧཱི་ལ་སོགས་ཏེ་རྟེན་འབྲེལ་བཅུ་གཉིས་ཀྱི་བཞད་སྒྲ་གད་མོར་རྒོད་པ། ཧཱུྃ་ཕཊ་ཀྱི་ང་རོས་དྲག་ཤུལ་དང་ལྡན་པ། ཡན་ལག་དྲུག་ཅུའི་གདངས་ཀྱིས་ལོག་འདྲེན་རྣམས་སྤ་བཀོང་བར་མཛད་པས་འཇིགས་པ། རིགས་དྲུག་ཐུགས་རྗེས་འཛིན་པས་བརྩེ་བ། གདུག་པ་ཅན་ཞལ་དུ་གསོལ་བས་རྔམས་པ། ཆོས་ཉིད་ངང་ལ་བཞུགས་པས་ཞི་བ་སྟེ། གར་དགུའི་ཉམས་དང་ལྡན་པའི་ཐུགས་ཀར་ཧཱུྃ་སྔོན་པོ་དང་བཅས་པའི་བཅོམ་ལྡན་འདས་ཧེ་རུ་ཀའོ། །དེའི་པང་ན་བདེ་བ་སྐྱེད་པའི་ཡུམ་རྡོ་རྗེ་ཕག་མོ་ནི། སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་སྡིགས་མཛུབ་གྲི་གུག་དང་བཅས་པས་ལོག་འདྲེན་རྣམས་ལ་བསྡིགས་ཤིང༌། གཡོན་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཡབ་ཀྱི་ཞལ་དུ་སྟོབ་པ། གཟུགས་དང་ལང་ཚོ་དར་ལ་བབ་ཅིང་བྷ་ག་དང་ནུ་མ་རབ་ཏུ་རྒྱས་པ། བདེ་བ་ཆེན་པོས་རྣམ་པར་མྱོས་པའི་ཆ་བྱད་ཅན་གྱི་ཞབས་གཉིས་པདྨའི་སྐྱིལ་ཀྲུང་གིས་ཡབ་ཀྱི་སྐུ་ལ་འཁྲིལ་བ། ཁྲོ་ལ་འཛུམ་པའི་ཞལ་མཆི་བ་ཅུང་ཟད་གཙིགས་ཤིང་མཛེས་ལ་ཡངས་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པ་འཁོར་ལོ་དང་མེ་ཏོག་གི་ཕྲེང་བས་མཛེས་ཤིང༌། ལྷག་མ་ཐུར་དུ་གྲོལ་བས་རྐེད་པ་ནོན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་འཕྱང་ཞིང༌། གཅེར་བུ་རུས་པའི་རྒྱན་དྲུག་དང་ལྡན་པ། ཐུགས་ཀར་བྃ་


LT16_Page_152B
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་དང་བཅས་པའི་བདེ་བ་ཆེན་པོའི་བདག་ཉིད་མ་སྟེ། ཡབ་ཡུམ་གཉིས་ཀའང་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བསམ། གཉིས་པ་ནང་གི་འཁོར་བསྐྱེད་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་བདེ་བ་ཆེན་པོའི་སྒྲ་དང༌། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས། ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། བདེ་བ་ཆེན་པོའི་རང་བཞིན་ཐིག་ལེར་གྱུར་པ་གསང་གནས་བརྒྱུད་དེ་ཡུམ་གྱི་མཁའ་ནང་དུ་བྱོན་པས་དཔའ་བོ་མཁའ་འགྲོའི་སྐུར་གྲུབ་ཅིང་རྫོགས་པ་ཡུམ་གྱི་མཁའ་ནང་ནས་ཕྱིར་འཕྲོས་ཏེ་རང་རང་གི་གདན་ཐོག་ཏུ་འཁོད་པ་ནི། བདེ་ཆེན་འཁོར་ལོའི་ཕྱོགས་ཀྱི་པད་འདབ་བཞི་ལ། ཤར་དུ་མཁའ་འགྲོ་མ་སྔོན་མོ། བྱང་དུ་ལཱ་མ་ལྗང་གུ། ནུབ་ཏུ་དུམ་སྐྱེས་མ་དམར་མོ། ལྷོར་གཟུགས་ཅན་མ་སེར་མོ་རྣམས་ཞལ་གཅིག་ཕྱག་གཉིས་མ། གཡས་དང་པོ་གྲི་གུག །གཉིས་པ་ན་ཌཱ་མ་རུ། གཡོན་དང་པོས་ཐོད་ཁྲག །གཉིས་པ་ན་ཁ་ཊྭཱཾ་ག་འཛིན་པ། ཁྲོ་ལ་འཛུམ་པའི་ཞལ་མཆེ་བ་ཅུང་ཟད་གཙིགས་ཤིང༌། མཛེས་ལ་ཡངས་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པ་ནོར་བུ་དང་མེ་ཏོག་གི་ཕྲེང་བས་མཛེས་ཤིང༌། ལྷག་མ་ཐུར་དུ་གྲོལ་བས་རྐེད་པ་ནོན་པ། ཐོད་སྐམ་ལྔའི་དབུ་རྒྱན་དང་རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་རུས་པའི་རྒྱན་དྲུག་གིས་བརྒྱན་པ། གཟུགས་དང་ལང་ཚོ་དར་ལ་བབས་ཤིང་བྷ་ག་དང་ནུ་མ་རབ་ཏུ་རྒྱས་པ། བདེ་བ་ཆེན་པོས་རྣམ་པར་མྱོས་པའི་ཆ་བྱད་ཅན་གྱི་ཞབས་གཉིས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་བཞུགས་པའོ། །དེའི་ཕྱི་རོལ་ཐུགས་ཀྱི་འཁོར་ལོའི་ཤར་ཕྱི་རྩིབས། པུལླཱི་ར་མ་ལ་ཡང་ཁཎྜ་ཀ་ཕཱ་ལ་དང་རབ་ཏུ་གཏུམ་མོ། བྱང་ཛཱ་ལནྡྷ་རར་མ་ཧཱ་ཀངྐ་ལ་དང་གཏུམ་མིག་མ། ནུབ་ཨོ་རྒྱན་དུ་ཀངྐ་ལ་དང་


LT16_Page_153A
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ལྡན་མ། ལྷོ་ཨཱརྦུ་དར་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ། མེ་གོ་དཱ་ཝ་རིར་སུ་ར་བཻ་རི་དང་བརྟན་པའི་བློ་གྲོས་མ། བདེན་བྲལ་རཱ་མེ་ཤྭ་རར་འོད་དཔག་མེད་དང་མིའུ་ཐུང་མ། རླུང་དེ་ཝཱི་ཀོ་ཊར་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ། དབང་ལྡན་མཱ་ལ་བར་རྡོ་རྗེའི་སྐུ་དང་ཤིང་གི་གྲིབ་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་སྔོན་པོའོ། །དེའི་འོག་གསུང་གི་འཁོར་ལོའི་ཤར་གྱི་རྩིབས་ཀཱ་མ་རཱུ་པར་མྱུར་གུ་ཅན་དང་ས་སྲུང་མ། བྱང་ཨོ་ཏྲེར་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ། ནུབ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མ། ལྷོར་ཀོ་ས་ལར་རྡོ་རྗེ་ཧཱུྃ་མཛད་དང་ཆང་འཐུང་མ། ཤར་ལྷོ་ཀ་ལིངྐར་རབ་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ། ལྷོ་ནུབ་ལཾ་པ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ། ནུབ་བྱང་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མ། བྱང་ཤར་ཧི་མ་ལ་ཡར་མིག་མི་བཟང་དང་བྱ་གདོང་མ་སྟེ་ཐམས་ཅད་ཀྱང་སྐུ་མདོག་དམར་པོའོ། །དེའི་འོག་སྐུའི་འཁོར་ལོའི་ཤར་གྱི་རྩིབས་པྲེ་ཏ་པུ་རིར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ། བྱང་གྲྀ་ཧ་དེ་ཝར་རིན་ཆེན་རྡོ་རྗེ་དང་དུ་མ་སྐྱེས་མ། ནུབ་སཽ་རཥྚར་རྟ་མགྲིན་དང་ཤོཎྜི་ནཱི། ལྷོ་སུ་ཝརྞ་དཱི་པར་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ། མེ་ནཱ་ག་རར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ། བདེན་བྲལ་སིནྡྷཱུ་རར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ། རླུང་མ་རུར་རྣམ་པར་སྣང་མཛད་དང་འཁོར་ལོས་བསྒྱུར་བས། དབང་ལྡན་ཀུ་ལུ་ཏཱར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ། །དེ་ཐམས་ཅད་ཀྱང་སྐུ་མདོག་དཀར་པོ་སྟེ། དཔའ་བོ་ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་ལ་གཡས་དང་པོ་ཐམས་ཅད་ཐུགས་ཀྱི་དཔའ་བོ་རྣམས་རྡོ་རྗེ། གསུང་གི་རྣམས་པདྨ། སྐུའི་རྣམས་འཁོར་ལོ་འཛིན་ཅིང༌། གཡོན་དང་པོ་ཐམས་ཅད་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པས་རང་རང་གི་ཡུམ་ལ་འཁྱུད་ཅིང༌། ལྷག་མ་གཡས་ཌཱ་མ་རུ་དང་གཡོན་ཁ་ཊྭཱཾ་ག་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་རལ་


LT16_Page_153B
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཅོད་པན་སྟོད་ཆ་གྱེན་དུ་བརྫེས་པའི་རྩེ་རང་རང་རིགས་བདག་གི་ཕྱག་མཚན་དང་ནོར་བུའི་ཕྲེང་བས་མཛེས་ཤིང་ལྷག་མཐུར་དུ་གྲོལ་བ། ཐོད་སྐམ་ལྔ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། གཅེར་བུ་སྦྲུལ་དང་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་པ། སྒེག་པ་ལ་སོགས་གར་དགུའི་ཉམས་དང་ལྡན་པ། པདྨ་དང་ཉི་མ་རོའི་གདན་ལ་ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་བཞུགས་པ། ཡུམ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པ་རིམ་པ་བཞིན། རྡོ་རྗེ། པདྨ། འཁོར་ལོ་རྣམས་ཀྱིས་མཛེས་ཤིང༌། གཞན་ཕྱག་མཚན་རྒྱན་ཆ་ལུགས་འཁྱུད་སྟངས་རྣམས་ནི་གཙོ་མོ་དང་མཐུན་པའོ། །དེའི་ཕྱི་རོལ་ལྷ་སྣམ་དམ་ཚིག་གི་འཁོར་ལོའི་ཤར་སྒོར་ཁྭ་གདོང་མ་སྔོན་མོ། བྱང་སྒོར་འུག་གདོང་མ་ལྗང་གུ། ནུབ་སྒོར་ཁྱི་གདོང་མ་དམར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། མེར་གཤིན་རྗེ་བརྟན་མ་གཡས་སྔོ་གཡོན་སེར་བ། བདེན་བྲལ་དུ་གཤིན་རྗེ་ཕོ་ཉ་མོ་གཡས་སེར་གཡོན་དམར་བ། རླུང་དུ་གཤིན་རྗེ་མཆེ་བ་མ་གཡས་དམར་གཡོན་ལྗང་བ། དབང་ལྡན་དུ་གཤིན་རྗེ་འཇོམས་མ་གཡས་ལྗང་གཡོན་སྤོ་བ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་བཞི་མ་དབུ་སྐྲ་སིལ་བུའི་སྟོད་ཆ་གྱེན་དུ་བརྫེས་པ་རལ་གྲིས་མཛེས་ཤིང༌། གཞན་ཕྱག་མཚན་རྒྱན་ཆ་ལུགས་བཞུགས་སྟངས་རྣམས་ནི་ནང་གི་མཁའ་འགྲོ་མ་བཞི་དང་མཐུན་པ་སྟེ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པའོ། །དེ་ནས་གསུམ་པ་ཕྱིའི་འཁོར་བསྐྱེད་པ་ནི། གཙོ་འཁོར་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་སྐུ་དང་ཕྱག་མཚན་ཡིག་འབྲུ་ཐིག་ལེའི་རྣམ་པ་དཔག་ཏུ་མེད་པ་གཞལ་ཡས་ཁང་པའི་ཕྱི་རོལ་དུ་འཕྲོས་ཏེ། སྟེང་འོག་ཕྱོགས་མཚམས་ཁྱམས་དང་དུར་ཁྲོད་ཀུན་ཏུ་ཁྱབ་པས། ཕྱིའི་འཁོར་དམངས་ལྟ་བུར་གྱུར་པ་ནི། སྟེང་དུ་མེ་


LT16_Page_154A
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་དང་བདུད་རྩིའི་ཆར་རྒྱུན་འབེབས་པ་དང༌། གདུགས་དང་རྒྱལ་མཚན་ལ་སོགས་ཏེ་མཆོད་རྫས་དུ་མ་ཐོགས་ནས་མཆོད་པ་ལ་བརྩོན་པའི་ལྷའི་བུ་དང་བུ་མོས་གང་བ། འོག་མཆོད་སྣམ་སྟེང་དུ་མཆོད་རྫས་དུ་མ་ཐོགས་པའི་ལྷ་མོ་བཅུ་དྲུག་མཆོད་པའི་ལས་ལ་བརྩོན་པ། ཁྱམས་སུ་རྒྱུད་སྡེ་བཞིའི་ལྷ་ཚོགས་དང་མཆོད་རྫས་ཀྱིས་གང་བ། དུར་ཁྲོད་བརྒྱད་ཀྱི་ཤིང་རྣམས་ཀྱི་རྩ་བར་ཕྱོགས་སྐྱོང༌། རྩེ་མོར་ཞིང་སྐྱོང༌། ཆུ་ལ་ཀླུ་ཆེན་བརྒྱད། རི་ལ་རྣལ་འབྱོར་པ་ཆེན་པོ་བརྒྱད་བཞུགས་པའོ། །གཙང་རིགས་ཀྱི་དཔལ་མགོན་རྣམས་ཀྱང་རང་རང་གི་རྒྱན་ཆ་ལུགས་བཞོན་པར་བཅས་པའི་འཁོར་གྱིས་བསྐོར་བ། གཞན་ཡང་དཔའ་བོ་མཁའ་འགྲོ། འདྲེ་དང་སྲིན་པོ། ཤ་ཟ་དང་སྨྱོ་བྱེད། རྗེད་བྱེད་དང་རོ་ལངས་རྣམས་འཁྲུགས་ཤིང་འཛིན་བ་དང༌། རྒྱུག་ཅིང་མཆོང་བ་དང༌། ཀེང་རུས་གར་བྱེད་པ་ལ་སོགས་པ་དང༌། སེང་གེ་སྟག་གཟིག་ལ་སོགས་གཅན་གཟན་གྱི་ཚོགས་དང༌། ཀཾ་ཀ་དང་ཁྱུང་ལ་སོགས་ཏེ་བྱའི་ཚོགས་རྣམས་རྣམ་པར་བམ་པ་ལ་སོགས་ཏེ་རོའི་ཚོགས་རྣམས་རྔམ་པར་ཟ་བས་གང་བ་སྟེ། མདོར་ན་རིགས་དྲུག་གི་སེམས་ཅན་རྣམས་ལས་དགེ་སྡིག་ཞི་རྒྱས་དབང་དྲག་སྣ་ཚོགས་ལ་སྤྱོད་པས་གང་བདེ་ཐམས་ཅད་གཙོ་བོ་དཔལ་ཧེ་རུ་ཀའི་སྤྲུལ་པའོ། །གཉིས་པ་གོ་ཆ་བགོ་ཞིང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཡན་ལག་ནི། བཅོམ་ལྡན་འདས་ལ་སོགས་པའི་དཔའ་བོ་རྣམས་ཀྱི་ཐུགས་ཀར་ཨོཾ་ཧ་ལས་རྡོ་རྗེ་སེམས་དཔལ་དཀར་པོ་གཡས་རྡོ་རྗེ་འཛིན་པ། དཔྲལ་བར་ན་མ་ཧི་ལས་རྣམ་པར་སྣང་མཛད་དཀར་པོ་གཡས་འཁོར་ལོ་འཛིན་པ། སྤྱི་གཙུག་ཏུ་སྭཱ་ཧཱ་ཧུ་ལས་པདྨ་གར་དབང་དམར་པོ་གཡས་པདྨ་འཛིན་པ། ཕྲག་པར་བཽ་ཥ་ཊ་ཧེ་ལས་མི་བསྐྱོད་པ་སྔོན་པོ་གཡས་རྡོ་རྗེ་འཛིན་པ། མིག་ཏུ་ཧཱུྃ་ཧཱུྃ་ཧོཿལས་རྡོ་རྗེ་ཉི་མ་སེར་པོ་གཡས་རིན་པོ་ཆེ་འཛིན་པ། ལྷུ་ཚིགས་ཐམས་ཅད་ལ་ཕཊ་ཕཊ་ལས་རྟ་མཆོག་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེ་འཕྱར་སྟབས་སུ་


LT16_Page_154B
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཅིང་གཡོན་ཐམས་ཅད་དེ་དག་གིས་ཡུ་བ་བྱས་པའི་དྲིལ་བུ་སྡིགས་མཛུབ་དང་བཅས་པ་ཐུགས་ཀར་འཛིན་པའི་གྲུ་མོ་ན་ཁ་ཊྭཱཾ་ག་འཆང་བ། གཅེར་བུ་དཔའ་བོའི་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཞབས་གཡས་བརྐྱང་ཞིང་གཡོན་ཅུང་ཟད་བསྐུམ་པའི་རོལ་སྟབས་ཀྱིས་པད་ཉི་རོའི་གདན་ལ་བཞུགས་པའོ། །རྡོ་རྗེ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་ཐམས་ཅད་ཀྱི་ལྟེ་བར་ཨོཾ་བྃ་ཕག་མོ་དམར་མོ། སྙིང་གར་ཧྃ་ཡོཾ་གཤིན་རྗེ་མ་སྔོན་མོ། མགྲིན་པར་ཧྲིཾ་མོཾ་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲཱིཾ་ཧྲིཾ་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་གཏུམ་མོ་དུང་ཀ །དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པའི་གྲུ་མོ་ན་ཁ་ཊྭཱཾ་ག་འཆང་བ་གཅེར་བུ་དཔའ་མོའི་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་པད་ཉི་རོའི་གདན་ལ་བཞུགས་པ་སྟེ། དཔའ་བོ་དཔའ་མོ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་བསམ་མོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ལྷ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ། གསུམ་པ་སྣོད་བཅུད་སྦྱངས་ཤིང་ཡེ་ཤེས་པ་གཞུག་པའི་ཡན་ལག་ལ་གསུམ་གྱི་དང་པོ་སྣོད་བཅུད་སྦྱང་བ་ནི། ལྷ་རྣམས་ཀྱི་སྒོ་གསུམ་གྱི་ཨོཾ་ཨཱཿཧཱུྃ་དང་གཞལ་ཡས་ཁང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་ཕོ་ཐམས་ཅད་འཁོར་ལོ་སྡོམ་པ་དང༌། མོ་ཐམས་ཅད་རྡོ་རྗེ་ཕག་མོར་གྱུར། པར་བསམ་མོ། །གཉིས་པ་ཡེ་ཤེས་པ་གཞུག་པ་ལ་གསུམ་གྱི་དང་པོ་སྤྱན་དྲང་བ་ནི། ལྷ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་དང༌། འབར་བའི་ཕྱག་རྒྱ་དཔྲལ་བར་བསྐོར་ཞིང་ངག་ཏུ། ཕེཾ་ཕེཾ་ཞེས་པའི་སྒྲས་མངོན་པར་དགའ་བའི་ཞིང་ལ་སོགས་


LT16_Page_155A
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་རང་བཞིན་གྱིས་དག་པའི་ཞིང་ཁམས་རྒྱ་མཚོ་ནས་འཁོར་ལོ་སྡོམ་པ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། ཨོཾ་བྷ་ག་ཝཱན་ཤྲཱི་ཧེ་རུ་ཀ་ཙཀྲ་སམྦ་རཾ་ཝཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང༌། གཉིས་པ་མཆོད་པ་ནི། ཨོཾ་བྷ་ག་ཝཱ་ན་ཤྲཱི་ཧེ་རུ་ཀ་ཙཀྲ་སམྦ་རཾ་ཝཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་ཨཱརྒྷཾ་ནས། ཤབྡའི་བར་གྱིས་མཆོད། གསུམ་པ་ཡེ་ཤེས་པ་གཞུག་པ་དངོས་ནི། ཨོཾ་བྷ་ག་ཝཱ་ན་ཤྲཱི་ནས། ས་པ་རི་ཝཱ་ར་ཛཿཧཱུྃ་བྃ་ཧོཿ ཞེས་ཕྱག་རྒྱ་དང་བཅས་པས། ཡེ་ཤེས་པ་དམ་ཚིག་པ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་མོ། །གསུམ་པ་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་ནི། སྐབས་འདིར། རང་གཙོ་བོ་དམ་ཚིག་སེམས་དཔའི་ཐུགས་ཀར་རྩ་དབུ་མ་སྔོན་པོ་འདབ་མ་བརྒྱད་དང༌། ཁམས་དམར་པོ་ཉི་མ། དཀར་པོ་ཟླ་བའི་གདན་གྱི་སྟེང་དུ་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་པད་ཉིའི་སྟེང་དུ་གོང་གི་རླུང་སེམས་དབྱེར་མེད་ཀྱི་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་སྔོན་པོ་འོད་ཀྱིས་ནམ་མཁའ་གང་ནུས་པ་ཞིག་གྲུབ་པར་གྱུར། དེ་དང་འབྲེལ་བར་ལུས་ཀྱི་དཀྱིལ་འཁོར་བསྒོམ་པ་ནི། དམ་ཚིག་སེམས་དཔའ་འཁོར་ལོ་དྲུག་དང་རྩ་ཆེན་རྩ་ཕྲན་བ་སྤུའི་བུ་ག་རྣམས་སུ། བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ། རིགས་ལྔ་ཡབ་ཡུམ། སེམས་དཔའ་སེམས་མ། ཡུལ་ཉི་ཤུ་རྩ་བཞི། གནས་སུམ་ཅུ་རྩ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསམ་གྱིས་མི་ཁྱབ་པ་རི་རབ་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པ་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་ལུས་ཀྱི་དཀྱིལ་འཁོར་གསལ་ཞིང་རྫོགས་ལ་གྲུབ་པ་ཉིད་དུ་གྱུར་པར་བསམ་མོ། །དེ་ནས་བཞི་པ་དབང་བསྐུར་ཞིང་རིགས་བདག་གི་རྒྱས་གདབ་པའི་ཡན་ལག་ལ་གསུམ་གྱི་དང་པོ། དབང་ལྷ་སྤྱན་དྲངས་ཤིང་གདན་འབུལ་བ་ནི། ཕེཾ་ཕེཾ་སླར་ཡང་དབང་ལྷ་རྣམས་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་བླ་


LT16_Page_155B
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་མི་བསྐྱོད་པ་དབྱེར་མེད་པའི་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། གྱིས་པདྨའི་གདན་འབུལ། གཉིས་པ་མཆོད་བསྟོད་གསོལ་བ་གདབ་པ་ནི། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་བཛྲ་མ་ཧཱ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱ༔ཧཱུྃ། དེ་བཞིན་དུ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝཾ་དྱེ། ཤབྡ་ཨཱཿཧཱུྃ་གིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང༌། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། ཅེས་བསྟོད་ཅིང༌། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པས་བདག་ཅག་རྣམས་ལ་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། གསུམ་པ་དབང་བསྐུར་ཞིང་རིགས་བདག་གིས་དབུ་བརྒྱན་པ་དངོས་ནི། རིགས་ལྔའི་འཁོར་རྣམས་ཀྱིས་རོལ་མོའི་སྒྲ་སྣ་ཚོགས་སྒྲོག་ཅིང་མཆོད་པ་སྣ་ཚོགས་འབུལ་བ་དང་བཅས་ཏེ་ལྷ་ཚོགས་རྣམས་ཀྱིས། ཧེ་རུ་ཀ་དཔལ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །སྒྲིབ་གཉིས་བག་ཆགས་སྦྱོང་བྱེད་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་ལྷ་ཐམས་ཅད་ཀྱི་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག །ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་སྟེ་ཡར་ལུད་ཅིང་སྤྱི་བོར་འཁྱིལ་བ་རིགས་བདག་ཏུ་གྱུར་པ་ནི། གཙོ་བོ་ཡབ་ཡུམ་ལ་རྡོ་རྗེ་འཆང་ཡབ་ཡུམ། ནང་གི་ལྷ་མོ་བཞི་ལ་རིན་ཆེན་འབྱུང་ལྡན། ཐུགས་ཀྱི་ལྷ་རྣམས་ལ་མི་བསྐྱོད་པ། གསུང་གི་ལྷ་རྣམས་ལ་འོད་དཔག་མེད། སྐུའི་ལྷ་རྣམས་ལ་རྣམ་པར་སྣང་མཛད། སྒོ་མཚམས་མ་བརྒྱད་ལ་དོན་ཡོད་གྲུབ་པ། ཕྱིའི་ལྷ་རྣམས་ལ་རང་རང་རིགས་བདག་གིས་དབུ་བརྒྱན་པ་ལས། དབང་ལྷ་རྣམས་རང་རང་རིགས་བདག་གིས་དབུ་བརྒྱན་པ་ལ་ཐིམ་པར་བསམ་མོ། །གསུམ་པ་མཆོད་


LT16_Page_156A
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་བཞིའི་དང་པོ་ཕྱིའི་མཆོད་པ་ནི། བྷྲཱུཾ་ཨཾ་ཛྲི་ཁཾ་ཧཱུྃ་རྣམས་འོད་དུ་ཞུ་བ། ལྷ་རྫས་ལས་གྲུབ་པའི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ངོ་བོ་བཟང་ཞིང་རྒྱ་ཆེ་བ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་བདག་ལ་མཆོད་པར་བསམས་ལ། ཨོཾ་ཨཱཿརཱུ་པ་བཛྲེ་ཧཱུྃ། དེ་བཞིན་དུ། ཤབྡ། གནྡྷེ། ར་ས། སྤརྴེ། བཛྲེ་ཧཱུྃ། ཨོཾ་བྷ་ག་ཝཱ་ན་ཤྲཱི་ཧེ་རུ་ཀ་ཙཀྲ་སཾ་བྷ་ར་བཱི་ར་ཡོ་གི་ནི་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོཿ ཞེས་སྔགས་རྒྱ་རོལ་མོ་བཅས་པས་མཆོད། གཉིས་པ་ནང་གི་མཆོད་པ་ནི། བདེ་ཆེན་འཁོར་ལོའི་མཚམས་བཞིའི་བུམ་ཐོད་བདུད་རྩིས་གང་བ་རྣམས་ལས། ཐོད་པ་བདུད་རྩིས་གང་བ་དཔག་ཏུ་མེད་པ་འཕྲོས་པས། ལྷ་རེ་རེའི་ཕྱག་ཏུ་ཐོད་པ་བདུད་རྩིས་གང་བ་རེ་རེ་བྱུང་བ་རྣམས་གསོལ་བས་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཟག་པ་མེད་པའི་བདུད་རྩིས་ཚིམ་པར་བསམ། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ་དང༌། ཨོཾ་བྷ་ག་ཝཱ་ན་ཤྲཱི༴་ས་པ་རི་ཝཱ་ར་ཨ་མྲྀ་ཏ་པཱུ་ཛ་ཧོཿ ཞེས་མཐེབ་སྲིན་ཀྱིས་བདུད་རྩི་འཐོར་ཞིང་འབུལ་ལོ། །གསུམ་པ་གསང་བའི་མཆོད་པ་ནི། གཙོ་བོ་ཡབ་ཡུམ་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་དང༌། ཁྱམས་དང་དུར་ཁྲོད་ཀྱི་འཁྲིལ་སྦྱོར་ཅན་རྣམས་སྙོམས་པར་ཞུགས་པས། ནང་གི་མཁའ་འགྲོ་མ་བཞི་དང༌། སྒོ་མཚམས་མ་བརྒྱད་ལ་སོགས་ཏེ་འཁྲིལ་སྦྱོར་མེད་པ་རྣམས་ཀྱང་ར་རོ་བའི་ཟག་མེད་ཀྱི་བདེ་བ་མྱོང་བར་གྱུར་པར་བསམས་ལ། ཨོཾ་བྷ་ག་ཝཱན་ཤྲཱི་ཧེ་རུ་ཀ ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་གུ་ཧྱ་པཱུ་ཛ་ཧོཿ ཞེས་འཁྱུད་རྒྱ་བྱ། བཞི་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཨོཾ་བྷ་ག་ཝཱན་ཤྲཱི༴ པ་རི་ཝཱ་ར་ཤཱུ་ནྱ་ཏྭ་ཛྙ་ན་པཱུ་ཛ་ཧོཿ ཞེས་གནས་ལུགས་ཀྱི་ངང་དུ་མཉམ་པར་བཞག་གོ །བཞི་པ་བསྟོད་པ་ནི། ཧཱུྃ། པད་ཉི་འཇིགས་བྱེད་དུས་མཚན་གདན་སྟེང་ན། །སྲིད་ཞི་མཉམ་སྦྱོར་འཁོར་ལོ་སྡོམ་པ་ནི། །མཐིང་ནག་ཞལ་བཞི་བཅུ་གཉིས་ཕྱག་དང་ལྡན། །གར་དགུའི་ཉམས་ལྡན་ཕྱག་རྒྱ་དྲུག་གིས་མཛེས། །ཤེས་རབ་འཁྲིལ་


LT16_Page_156B
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་རྡོ་རྗེ་ཕག་མོས་འཁྱུད། །དྲུག་ཅུ་ལ་སོགས་དཔའ་བོ་མཁའ་འགྲོས་བསྐོར། །སྒྱུ་མའི་གར་གྱིས་ས་གསུམ་འགྲོ་བ་འདུལ། །འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་བསྟོད། །ལྔ་པ་བཟླས་པ་བྱ་བ་ནི། ཐོག་མར་དབྱངས་གསལ། རྟེན་སྙིང༌། ཡིག་བརྒྱ་སོགས་ཀྱིས་ཕྲེང་བ་བྱིན་བརླབ། རང་གི་སྙིང་གར་དྷཱུ་ཏི་པདྨ་འདབ་བརྒྱད་སྔོན་པོའི་སྟེང་དུ་ཁམས་དཀར་པོ་ཟླ་བ། དམར་པོ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔོན་པོ་འོད་ཀྱིས་ནམ་མཁའ་འགེངས་ནས་པ། དེའི་མཐར་ཐིག་ལེ་དཀར་དམར་འདྲེས་པ་ལས་གྲུབ་པའི་ཡིག་འབྲུ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཡབ་ཀྱི་ཉེ་སྙིང་ཡི་གེ་བདུན་པ་དང༌། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱ་ཧཱ། ཞེས་སྙིང་པོ་ཡི་གེ་ཉེར་གཉིས་པའོ། །དེ་བཞིན་དུ་ཡུམ་ལ་བྃ་གྱི་མཐར། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཅེས་སྙིང་པོ་དང༌། ཨོཾ་བཛྲ་བེ་རོ་ཙ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཉེ་སྙིང་གིས་བསྐོར་བར་བསམ་མོ། །དེ་བཞིན་དུ་དཔའ་བོ་དཔའ་མོ་རྣམས་ལའང༌། ཐུགས་ཀར་པད་ཉིའི་སྟེང་དུ་དཔའ་བོ་རྣམས་ལ་ཧཱུྃ་དང༌། རྣལ་འབྱོར་མ་རྣམས་ལ་བྃ་གྱི་མཐར་སྔགས་གང་བཟླས་པ་དེས་བསྐོར་བ་ལས་འོད་ཟེར་ཁ་དོག་རྣམ་པ་ལྔ་འཕྲོས་པས། དཀར་པོས་བདག་གཞན་གྱི་ཕྱི་ཡི་ནད་གདོན་དགྲ་བགེགས་སོགས་མི་མཐུན་ཕྱོགས་རྣམས་དང༌། ནང་གི་ཉོན་མོངས་པ་ཞི་བར་བྱས། དེ་བཞིན་དུ་སེར་པོས་ཚེ་དང་བསོད་ནམས་དགེ་ལེགས་ཉམས་རྟོགས་རྣམས་རྒྱས་པར་བྱས། དམར་པོས་སྐྱེ་འགྲོ་རྣམས་དང་རྩ་རླུང་ཐིག་ལེ་རྣམས་དབང་དུ་བསྡུས། ནག་པོས་དགྲ་བགེགས་གདུག་པ་ཅན་རྣམས་དང་བདུད་བཞི་བརླག་པར་བྱས། ལྗང་གུས་ཕྲིན་ལས་ཀུན་གྱི་གྲོགས་སུ་གྱུར་པར་བསམས་ལ་མདོར་བསྡུས་རེ་བཟླ། རྒྱས་པར་འཁོར་རྣམས་རང་རང་གི་སྔགས་བཟླ་བ་ནི། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ལཱ་མ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུྃ་ཕཊ། ཨོཾ་རཱུ་པི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ནང་གི་མཁའ་འགྲོ་མ་བཞིའི་སྔགས་སོ། །ཨོཾ་ཀ་ར་ཀ་ར་ཁཎྜ་ཀ་པཱ་ལ་ཕྲ་ཙཎྜེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀུ་རུ་ཀུ་རུ་མ་ཧཱ་ཀཾ་ཀ་ལ། ཙཎྜ་ཙཀྵུ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་བྷནྡྷ་བྷནྡྷ་ཀཾ་ཀཱ་ལ། པྲ་བྷཱ་ཝ་ཏཱི་


LT16_Page_157A
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཏྲཱ་ས་ཡ་ཏྲཱ་ས་ཡ་བི་ཀ་ཊ་དཾཥྚཱི་ཎི། མ་ཧཱ་ནཱ་སེ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀྵོ་བྷ་ཡ་ཀྵོ་བྷ་ཡ་སུ་ར་བཱི་ར་ནི། ཝཱི་ར་མ་ཏཱ་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཨ་མི་ཏ་བྷ་ཝ། ཁརྦ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲཿཧྲཿབཛྲ་པྲ་བྷ། ལཾ་ཀེ་ཤྭ་རཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཕཻཾ་ཕཻཾ་བཛྲ་ཀཱ་ཡ། དྲུ་མཙྪ་ཡེ་ཧུཾ་ཧཱུྃ་ཕཊ། ཐོད་པའི་དུམ་བུ་དང་རབ་ཏུ་གཏུམ་མོ་སོགས་རིམ་པ་བཞིན་ཐུགས་ཀྱི་འཁོར་ལོའི་དཔའ་བོ་དཔའ་མོ་རྣམས་ཀྱི་སྔགས་སོ། །ཨོཾ་ཕཊ་ཕཊ་ཨཾ་ཀུ་རེ། ཨེ་རཱ་ཝ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ད་ཧ་ད་ཧ་བཛྲ་ཛཱ་ཊ། མ་ཧཱ་བྷཻ་ར་བཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་མ་ཧཱ་ཝཱི་ར། ཝ་ཡུ་བེ་གེ་ཧུཾ་ཧཱུྃ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨཱནྟ་མཱ་ལཱ་བ་ལཾ་བི་ནེ་བཛྲ་ཧཱུྃ་ཀ་ར། སུ་ར་བྷཀྵི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏ་ལ་ག་ཏཱ་བྷུ་ཛཾ་གཾ་ས་ར་ཝཾ་བཱ་ཏ་རྫ་ཡ་སུ་བྷ་དྲ། ཤྱཱ་མ་དེ་ཝཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨཱ་ཀཌྜྷྱ་ཨཌྜྷྱ་བཛྲ་བྷ་དྲ། སུ་བྷ་དྲེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧྲིཾ་ཧྲིཾ་མ་ཧཱ་བྷཻ་ར་ཝ། ཧ་ཡ་ཀརྞེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་བི་རཱུ་པཱཀྵེ། ཁ་གཱ་ན་ནེ་ཧུཾ་ཧཱུྃ་ཕཊ། མྱུ་གུ་ཅན་དང་ས་སྲུང་མ་སོགས་རིམ་པ་བཞིན་གསུང་གི་འཁོར་ལོའི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྔགས་སོ། །ཨོཾ་ཀྵྨཱཾ་ཀྵྨཱཾ་མ་ཧཱ་བ་ལ། ཙཀྲ་བེ་གེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧཱཾ་ཧཱཾ་རཏྣ་བཛྲ། ཁཎྜ་རོ་ཧེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧཱིཾ་ཧཱིཾ་ཧ་ཡ་གྲཱི་ཝ། ཤཽཎྜི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཨཱ་ཀཱ་ཤ་གརྦྷ། ཙཀྲ་ཝརྨི་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཀི་ལི་ཀི་ལི་ཤྲཱི་ཧེ་རུ་ཀ །སུ་ཝཱི་རཱི་ཧུཾ་ཧཱུྃ་ཕཊ། ཨོཾ་སི་ལི་སི་ལི་པདྨ་ན་རྟེ་ཤྭར། མ་ཧཱ་བ་ལེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཧི་ལི་ཧི་ལི་བཻ་རོ་ཙ་ན། ཙཀྲ་ཝརྟཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་དྷི་ལི་དྷི་ལི་བཛྲ་ས་ཏྭ། མ་ཧཱ་བཱིརྻ་ཡེ་ཧུཾ་ཧཱུྃ་ཕཊ། སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སོགས་རིམ་པ་བཞིན་སྐུའི་འཁོར་ལོའི་དཔའ་བོ་དཔལ་མོ་རྣམས་ཀྱི་སྔགས་སོ། །ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱཻ་ཧུཾ་ཧཱུྃ་ཕཊ། ཨོཾ་ཤྭ་ནཱ་ཀཱ་སྱཻ་ཧུཾ་ཧཱུྃ་ཕཊ། ཨོཾ་སུ་ཀ་རཱ་སྱཻ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་ད་ཌྷཱིཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཱུ་ཏཱི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་དཾ་ཥྚཱི་ཎི་ཡེ་ཧུཾ་ཧཱུྃ་ཕཊ། ཨོཾ་ཡ་མ་མ་ཐ་ནཱི་ཡེ་ཧུཾ་ཧཱུྃ་ཕཊ། ཁྭ་གདོང་མ་སོགས་རིམ་པ་བཞིན་སྒོ་མཚམས་ཀྱི་རྣལ་འབྱོར་མ་བརྒྱད་ཀྱི་སྔགས་སོ། །


LT16_Page_157B
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧཿ ན་མ་ཧི། སྭཱ་ཧཱ་ཧུ། པཽ་ཥ་ཊ་ཧེ། ཧཱུྃ་ཧཱུྃ་ཧོཿཕཊ་ཕཊ། ཡབ་དཔའ་བོ་རྣམས་ཀྱི་གོ་ཆའི་སྔགས་སོ། །ཨོཾ་བཾ། ཧཾ་ཡོཾ། ཧྲཱིཾ་མོཾ། ཧྲེ་ཧྲཱིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཡུམ་དཔའ་བོ་རྣམས་ཀྱི་གོ་ཆའི་སྔགས་སོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུྃ་ཕཊ། ཨོཾ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧུཾ་ཧཱུྃ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བཛྲ་ཧུཾ་ཧཱུྃ་ཕཊ། ཧཱུྃ་བཞིའི་སྔགས་ཏེ་དེ་ལྟར་གཙོ་འཁོར་གྱི་འགྲོས་ལྟར་མང་ཉུང་སྐབས་དང་སྦྱར་ལ་བཟླའོ། །དེ་ལྟར་སྔགས་བཟླས་ལ་དུས་ཀྱི་བསྙེན་པ་ཟླ་བ་དྲུག །འབྲིང་བཞི། ཐ་མ་གཉིས་སོ། །གྲངས་ཡི་གེ་བདུན་པ་དང༌། ཡི་གེ་ཉེར་གཉིས་པ་ལ་འབྲུ་འབུམ། འབྲིང་ཡི་གེ་བདུན་པ་ལ་འབྲུ་འབུམ་དང་སྙིང་པོ་ལ་འབུམ་ཕྲག་བཞི། ཐ་མ་ཡི་གེ་བདུན་པ་ལ་འབུམ་ཕྲག་བཞི་དང་སྙིང་པོ་ལ་ཉིས་འབུམ། ཡུམ་ལ་སུམ་འབུམ་བཞི་ཁྲི། འཁོར་རྣམས་རབ་འབྲིང་ཀུན་ལ་ཁྲི་ཚོ་རེ་རེ། མཚན་མའི་བསྙེན་པ་རང་ཞལ་མཐོང་ནས་ཆོས་དབང་ལུང་བསྟན་ཐོབ་ཅིང་ཉམས་རྟོགས་སྐྱེས་པ། འབྲིང་དམ་རྫས་ཁོལ་བ། ཐ་མ་རྨི་ལྟས་བཟང་པོ་མ་བྱུང་བར་དུ་བྱའོ། །གཞན་ཡིད་བཟླས། རླུང་བཟླས། རྡོ་རྗེའི་བཟླས་པ། དོ་ལིའི་བཟླས་པ་སོགས་བླ་མའི་ཞལ་ཤེས་ལྟར་བྱའོ། །དྲུག་པ་དང་བདུན་པ། ཐུན་མཐར་མཆོད་བསྟོད་ནི། ཨོཾ་བྷ་ག་ཝཱན་ཤྲཱི་ཧེ་རུ་ཀ་ཙཀྲ་སམྦ་རཾ་བཱི་ར་ཡོ་གི་ནཱི་ས་པ་རི་ཝཱ་ར་བཛྲ་ཨཱརྒྷཾ་ནས། ཤབྡ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ་གིས་མཆོད། ཧཱུྃ། པད་ཉི་འཇིགས་བྱེད་སོགས་གོང་ལྟར་གྱིས་བསྟོད། བརྒྱད་པ་བདག་བསྐྱེད་བསྡུ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་སྣང་སྲིད་ཐམས་ཅད་འོད་དུ་ཞུ་བ་དུར་ཁྲོད་ལ་སོགས་པའི་ལྷ་རྣམས་དང་གཞལ་ཡས་ཁང་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ། དེ་ཡང་གཙོ་བོ་ཡབ་ཡུམ་ལ་ཐིམ། དེ་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་གྱེན་རྫོགས་ཐིག་ལེར་ཡལ་བའི་ངང་དུ་མི་དམིགས་པར་བསམས་ལ། རྟག་མཐའ་བསལ་ཞིང༌། སླར་ཡང་འོད་གསལ་སྟོང་ཉིད་དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་འབར་བའི་ཚུལ་དུ་རང་ཉིད་འཁོར་ལོ་སྡོམ་པ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་ལངས་པར་བསམས་པས་ཆད་པའི་


LT16_Page_158A
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསལ་ཞིང་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྤྱོད་པར་བྱའོ། །ཐུན་མཚམས་ཀྱི་བྱ་བ་དམངས་ཕལ་པ་ཕྲིན་ལས་མཐུན་སྦྱོར་གྱི་བྱ་བ་བདུན་ལས། འདིར་སྐབས་སུ་བབས་པ་གཏོར་མ་འབུལ་བ་ནི། ཇི་ལྟར་འབྱོར་པའི་གཏོར་མ་ཆ་གཉིས་བཤམས་ལ། བདུད་རྩི་ལྟར་བྱིན་གྱིས་བརླབ། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་གཏོར་མགྲོན་རྣམས་བྱོན་པར་བསམས་ལ། ཧཱུྃ། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང༌། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཏེ་གཤེགས་སུ་གསོལ། བཛྲ་ས་མཱ་ཛཿས་སྤྱན་དྲང༌། པདྨ་ཀ་མ་ལཱ་ཡ་སྟྭཾ། གཏོར་མགྲོན་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་གུ་རུ་མཎྜ་ལ་དེ་བ་ཌཱ་ཀི་ནཱི་དྷརྨ་པཱ་ལ་བཛྲ་ཛོ་ཀ་ཛོ་ཀི་ནི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོཿབི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དཱི་སྭཱ་ཧཱ། དེ་ནས་འདོད་དོན་གསོལ་བ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྡོ་རྗེ་སྤུན་ལ་སོགས་པའི་སྐྱབས་གནས་མཆོད་འོས་དམ་པ་རྣམས་བདག་ཅག་ཆེ་གེ་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་སུ་གསོལ། བདག་ཅག་བསམ་པ་ཉོན་མོངས་པའི་དབང་གིས་སྦྱོར་བ་ལུས་ངག་ཡིད་གསུམ་གྱི་སྒོ་ནས། སོ་སོར་ཐར་པའི་སྡོམ་པ། བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་དང་འགལ་བས། དམ་པ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་དང་འགལ་བར་གྱུར་ཏེ། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་ཅིང་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་གནོང་ངོ་འགྱོད་དོ་མཐོལ་ལོ་བཤགས་སོ། །རྩ་བ་ནས་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་དང༌། དེ་ལྟར་བྱིན་གྱིས་བརླབས་ནས་ཀྱང༌། ས་ལམ་གྱི་འགལ་རྐྱེན་ཐམས་ཅད་ཕྱིར་ཟློག་ཏུ་གསོལ། མཐུན་རྐྱེན་ཐམས་ཅད་ལྷུན་གྱིས་གྲུབ་


LT16_Page_158B
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སངས་རྒྱས་ཀྱི་ཞིང་མཐའ་དག་སྦྱང་ཞིང་དག་ནུས་པ་དང༌། སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པའི་དངོས་གྲུབ་སྩལ་དུ་གསོལ། སྔགས་ཙམ་གྱིས་མཆོད། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། གཏོར་མ་གཉིས་པ། ཨོཾ་སརྦ་ལོ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་བསྔོ་བ་དང༌། ལྷ་ཀླུ་གནོད་སྦྱིན་སོགས་སྔོན་གཏོར་ལྟར་ཕྲིན་ལས་བཅོལ། རྟེན་ཡོད་ན་གཏོར་མགྲོན་ཡེ་ཤེས་པ་རྣམས་ཛཿཧཱུྃ་བྃ་ཧོཿས་བསྟིམ། རྟེན་མེད་ན། བཛྲ་མུཿས་རང་གནས་སུ་གཤེགས། འཇིག་རྟེན་པ་རྣམས་ལ། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། ཞེས་ཤློ་ཀ་གཅིག་དང༌། སརྦ་བྷཱུ་ཏ་གཙྪས་གཤེགས་པར་བྱ། བསྔོ་སྨོན་དང་ཤིས་བརྗོད་གང་རུང་བྱའོ། །བྱིན་རླབས་གཟི་བརྗིད་དུས་ཀྱི་མཐའ་འདིར་ཡང༌། །ཉམས་མེད་ཚེ་གཅིག་སངས་རྒྱས་འབྲས་སྟེར་བ། །མ་རྒྱུད་ཡང་སྙིང་སྒྲུབ་པའི་རྣལ་འབྱོར་པས། །ས་སྟེང་ཀུན་ཁྱབ་འཁོར་བ་དོང་སྤྲུགས་ཤོག །ཅེས་པའང་གདམས་ངག་མཛོད་བཀའ་བརྒྱུད་རིན་པོ་ཆེའི་ཁྲིད་རིམ་རྣམས་ཀྱི་སྨིན་བྱེད་དུ་བཞུགས་སུ་གསོལ་བ་དང༌། མཁན་ཆེན་བླ་མ་རིན་པོ་ཆེ་ཀརྨ་བཀྲ་ཤིས་འོད་ཟེར་རབ་ཏུ་རྒྱས་པའི་སྡེའི་ཞལ་སྔ་ནས་གསུང་བསྐུལ་གནང་བ་ལྟར། རིས་མེད་ཀྱི་བསྟན་པ་ལ་གུས་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་རྩ་བའི་ཡི་གེ་གཙང་སྨྱོན་ཧེ་རུ་ཀའི་ནོར་བུ་སྐོར་གསུམ་དང་མཐུན་པར་ཤྲཱི་དེ་བཱི་ཀོ་ཊི་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་རང་ལོ་གྱ་བདུན་པར་སྦྱར་བའི་ཡི་གེ་པ་ནི་ཉེ་བར་གནས་པ་བློ་གསལ་གསང་སྔགས་བསྟན་འཛིན་ནས་བགྱིས་པ་དགེ་ལེགས་འཕེལ།། །།


previousགདམས་ངག་མཛོད་པོད་བདུན་པ། དཔལ་འཁོར་ལོ་བདེ་མཆོག་རས་ཆུང་ལུགས་ཀྱི་སྒྲུབ་ཐབས་བདེ་ཆེན་ཡེ་ཤེས་ཐིག་ལེ།next