གདམས་ངག་མཛོད་པོད་བཅུ་པ། ཆོས་དྲུག་བསྡུས་པའི་ཟིན་བྲིས།
― LT19_Page_033A ―
[མ་དཔེ་གཟིགས་ན་འདིར་གནོན།]
ཆོས་དྲུག་བསྡུས་པའི་ཟིན་བྲིས་བཞུགས་སོ། །
― LT19_Page_033B ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་དབང་མེད་པར་མངོན་སུམ་དུ་བྱེད་པ། ཐབས་ལམ་ཁྱད་པར་ཅན་གྱི་ཁྲིད་འཆད་པར་བྱེད་པ་ལ། གྲུབ་ཐོབ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་གཉིས་ལས། དང་པོ་ནི་བརྒྱུད་པའི་གསོལ་འདེབས་བཞིན་གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ལ། རྒྱུད་དང་འབྲེལ་བ་ཐབས་ལམ་གྱི་དབང་དུ་བྱས་པ་དང་། བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་པ་གཉིས་ལས། འདིར་བྱིན་རླབས་དང་འབྲེལ་བ་སྙན་བརྒྱུད་ཀྱི་དབང་དུ་བྱས་ཏེ་བཤད་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་སྔོན་འགྲོ་གཞན་དུ་གསལ། གཉིས་པ་དངོས་གཞི་ལ། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་ལས། དང་པོ་གཏུམ་མོ་ལ། སྔོན་འགྲོ། དངོས་གཞི། བོགས་འདོན་པ་གསུམ་ལས། དང་པོ་སྔོན་འགྲོ་ལ། ཕྱི་ལུས་ཀྱི་སྟོང་ར། ནང་རྩའི་སྟོང་ར། སྲུང་
― LT19_Page_034A ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་འཁོར་ལོ། རྩ་ལམ་སྦྱང་བ། རྩ་གནས་བྱིན་གྱིས་བརླབ་པ་དང་ལྔ་ལས། དང་པོ་ཕྱི་ལུས་ཀྱི་སྟོང་ར་ནི། བླ་མའི་རྣལ་འབྱོར་ཡན་གྱི་སྔོན་འགྲོ་བྱ། རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཕྱག་གཡས་གྲི་གུག་འབར་བ་ནམ་མཁའི་མཐོངས་སུ་འཕྱར་བས། རྣམ་པར་རྟོག་པའི་ཟུག་རྔུ་མ་ལུས་པ་གཅོད་ཅིང་། གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པས། ཟག་པ་མེད་པའི་བདེ་བའི་རོས་ཚིམ་པར་མཛད་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་བྱས་པ། ཐལ་ཆེན་སྤངས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང་། གྲུ་མོ་ན་ཡབ་ཧེ་རུ་ཀ་མཚོན་པའི་ཁ་ཊྭཱཾ་ག་བསྣམས་པ། གཅེར་བུ་བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་བས་སྲོག་བྲལ་བའི་སྙིང་ག་མནན་ཏེ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། ཕྱི་ལྷའི་རྣམ་པ་ནང་སྟོང་པའི་ར་བའི་མིང་ཅན་དྭངས་ཤིང་གསལ་བས་སྒྲིབ་པ་མེད་པ། སོར་མོའི་སྦུབས་ཚུན་ཆད་སྟོང་སེང་ངེ་བ། དར་དམར་པོའི་གུར་རམ།
― LT19_Page_034B ―
[མ་དཔེ་གཟིགས་ན་འདིར་གནོན།]
ཕྲུམ་ཕུས་བཏབ་པ་ལྟ་བུ། དང་པོ་རང་གི་ལུས་ཚད་ཙམ། ད་ནས་ཁང་པ་དང་། རི་དང་། མཐར་ནམ་མཁའི་ཁམས་ཁྱབ་པར་བསྒོམ་པ་ལ་སེམས་ཟིན་པ། ཡང་ཇེ་ཆུང་དུ་སོང་བ་ཡུངས་འབྲུའམ། ཏིལ་འབྲུ་ཙམ་པ་སྐྱེ་མཆེད་ཤིན་ཏུ་གསལ་བ་ལ་དམིགས་པར་བྱའོ། །གཉིས་པ་ནང་རྩའི་སྟོང་ར་ནི། རང་རྣལ་འབྱོར་མ་ལ་ལུས་ཚད་ཙམ་དུ་གསལ་བའི་ཁོང་པའི་དབུས་དྲང་པོར་རྩ་དབུ་མ། དམར་བ་རྒྱ་སྒྱེགས་ཀྱི་ཁུ་བ། གསལ་བ་ཏིལ་གྱི་མར་མེ། དྲང་བ་ཆུ་ཤིང་གི་སྙིང་པོ། སྟོང་པ་ཤོག་གུ་ཁོང་སྟོང་ལྟ་བུ་མཚན་ཉིད་བཞི་ལྡན། མདའ་སྨྱུག་འབྲིང་བོ་ཙམ་གསལ་བཏབ། དེ་ཐེབས་པ་དང་འཁར་བ་དང་། ཀ་བ་དང་། ཁང་པ་དང་། རི་ཙམ་ནས་ནམ་མཁའ་ཐམས་ཅད་ལུས་ཀྱིས་ཁྱབ། །ལུས་ཀྱི་སོར་མོའི་མཐའ་ཚུན་ཆད་དབུ་མས་ཁྱབ་པར་བསྒོམ་མོ། ལུས་ཡུངས་འབྲུ་ཙམ་པའི་ཚེ་དབུ་མའང་སྐྲ་རྩེ་བརྒྱར་གཤགས་པའི་ཚད་ཙམ་དུ་ཕྲ་བ་བསྒོམ་མོ། དེ་ཡང་། མི་གསལ་བ་ལ་སྟོང་ར་བཅའ། །མ་ཟིན་པ་ལ་སྟོང་ར་བཅའ། །མི་གནས་པ་ལ་སྟོང་ར་བཅའ། ཞེས་གསུངས་སོ། །གསུམ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ལ། ལུས་གནད། རླུང་གནད། དམིགས་པའི་གནད་གསུམ་ལས། ལུས་གནད་ནི་རྣམ་སྣང་གི་ཆོས་བདུན། རླུང་གནད་ནི་རླུང་རོ་ལན་གསུམ་བསལ་ནས། སྟེང་རླུང་མནན། ངག་རླུང་ཡིད་ཙམ་འཐེན་པའི་ཁ་སྦྱོར་ཙམ་ཐུབ་འཛིན་པ། དམིགས་པའི་གནད་ནི་རླུང་ཕྱིར་འགྲོ་བའི་ཚེ་བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ལྔ་པ་དཔག་ཏུ་མེད་པ་འཐོན། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཟེར་སྣ་ལྔ་པའི་རང་བཞིན་གྱིས་གང་། ནང་དུ་རྔུབ་པའི་ཚེ་བུ་ག་ཐམས་ཅད་ནས་ཞུགས་ལུས་ཐམས་ཅད་གང་བར་བསྒོམ་པ་ཐེངས་བདུན། དེ་ནས་འོད་ཟེར་རྣམས་ཧཱུྃ་ཡིག་སྣ་ཚོགས་པར་གྱུར་པས་ཕྱིར་འགྲོ་བའི་ཚེ་འཇིག་རྟེན་དང་། ནང་དུ་འཇུག་པའི་ཚེ་ལུས་གང་བར་བསམ་པ་བདུན། དེ་ནས་
― LT19_Page_035A ―
[མ་དཔེ་གཟིགས་ན་འདིར་གནོན།]
ཧཱུྃ་དེ་དག་ཁྲོ་བོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་ཐུགས་ཀར་མཛད་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། ཤིན་ཏུ་ཁྲོ་ཞིང་གཏུམ་པ། ཁ་དོག་སྣ་ལྔ་པ་ཡུངས་འབྲུ་ཙམ་པ། རླུང་ཕྱིར་དབྱུང་བའི་ཚེ་འཇིག་རྟེན་ཁེངས་པ་ནང་དུ་བརྔུབས་ནས་འཛིན་པའི་ཚེ་ལུས་ཐམས་ཅད་གང་བར་བསྒོམ་བ་བདུན་ཏེ་ཉེར་གཅིག །དེ་ནས་ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཁྲོ་བོ་ཞལ་ཕྱི་ལ་གཟིགས་པས་གཏམས་པ་གོ་གྱོན་པ་ལྟ་བུ་བསམ་མོ། །བཞི་པ་རྩ་ལམ་སྦྱང་བ་ནི། དབུ་མའི་གཡས་གཡོན་དུ་རོ་རྐྱང་གཉིས་ཀླད་རྒྱའི་སྟེང་ནས་སྣའི་སྒོར་ཟུག་པ། མར་སྣ་གསང་བའི་སྣ་རྩེར་ཟུག་པ། བུག་པ་ཧ་རེ་བའི་གཡོན་པའི་ནང་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ གཡས་པའི་ནང་དུ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ རྣམས་པདྨའི་སྐུད་པ་ལྟ་བུར་ཕྲ་ཞིང་ཕྲ་བ། ཁ་དོག་དམར་པོ་བརྩེགས་མར་བསྒོམ། རླུང་ཕྱིར་དབྱུང་བའི་ཚེ་ཡིག་འབྲུ་རེ་རེ་ནས་ཕྱིར་རྒྱར་རྒྱང་འཐོན། ནང་དུ་འཇུག་པའི་ཚེ་གསང་བའི་སྣ་རྩེ་ནས་ཞུགས་པ་མགལ་མེ་འཁོར་བ་ལྟ་བུ་ལ་སེམས་འཛིན་ཅིང་རླུང་ཁ་སྦྱོར་དུ་བསྒོམ་མོ། དེ་ནི་ཆུ་འདྲེན་པའི་སྔོན་དུ་ཡུར་བ་གད་བྱེད་པ་དང་འདྲ་སྟེ་ཤིན་ཏུ་གནད་ཆེའོ། །ལྔ་པ་རྩ་གནས་བྱིན་གྱིས་བརླབ་པ་ནི། དབུས་ཀྱི་རྩ་དབུ་མ་གྲོ་སོགས་འབྲིང་བོའི་སྦུབས་ཙམ་པའི་སྙིང་གའི་ནང་དུ། རྩ་བའི་བླ་མ་དེའི་དབུ་ཐོག་ཏུ་ཆོས་དྲུག་བརྒྱུད་པའི་བླ་མ་རྣམས་ཐོ་བརྩེགས་སུ་བཞུགས་པ། མུ་ཏིག་གི་འཕྲེང་བ་བསྒྲིགས་པ་ལྟ་བུར་ཤིན་ཏུ་ཕྲ་བ་བསྒོམས་ཏེ། ཆོས་དྲུག་གསོལ་འདེབས་སམ། ཡང་ན། སྣང་བ་གཏུམ་མོར་འཆར་བར་བྱིན་གྱིས་རློབས། སྣང་བ་སྒྱུ་མར་སྣང་བ་འོད་གསལ་དུ་སྣང་བ་སྐུ་གསུམ་དུ་གོང་ནས་གོང་དུ་
― LT19_Page_035B ―
[མ་དཔེ་གཟིགས་ན་འདིར་གནོན།]
འཕོ་བར་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བརྒྱུད་པའི་བླ་མ་རྣམས་རྩ་བའི་བླ་མ་ལ་ཐིམ། དེ་ཟག་པ་མེད་པ་བདེ་བའི་རང་བཞིན་དུ་ཞུ་བས་ལུས་ཐམས་ཅད་གང་བར་བསམ་མོ། །གཉིས་པ་དངོས་གཞི་ལ། ལས་ཀྱི་གཏུམ་མོ། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོ་གསུམ་ལས། དང་པོ་ལས་ཀྱི་གཏུམ་མོ་ལ། བཅའ་བ་ལུས་ཀྱི་གནད། ཞི་དྲག་རླུང་གི་གནད། བསྒོམ་པ་དམིགས་པའི་གནད་གསུམ་ལས། དང་པོ་བཅའ་བ་ལུས་ཀྱི་གནད་ནི། བཞུང་དུ། ལུས་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་། །སྒལ་ཚིག་རིན་ཆེན་རྩར་ལ་བརྒྱུས། །མཐོང་ཁ་རྒྱུན་དུ་ཡངས་པ་དང་། །ལྟོང་སྐོ་ཤིན་ཏུ་སྦ་བར་བྱ། །ལྕེ་ནི་ཡར་རྐན་ཉིད་དུ་གཏད། །མཉམ་གཞག་ཕྱག་རྒྱ་ལྟེ་འོག་བཙིར། །མིག་དང་ཤེས་པ་མ་འགྱུར་བར། །རླུང་སེམས་དྲིལ་ལ་དྲག་ཏུ་གཅུན། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཡང་ན་ལུས་ནི་ཙོག་པུར་བསྡད། །རེའུ་མིག་བཞིན་བསྣོལ་བར་བྱ། ཞེས་གསུངས་པའི་དོན། རྐང་པ་གཡས་སྟེང་དུ་བཏོན་པའི་རྡོ་རྗེ་སྐྱིལ་ཀྲུང་། མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཅས་པའི་གྲུ་མོས་སྟོད་གཅུན། སྒལ་ཚིགས་དོར་རྩེ་བརྩེགས་པ་ལྟར་བསྲང་། མཐོང་ཁ་ཡངས་པར་བྱ། ཨོག་སྐོས་ཨོ་ལ་མདུད་མནན། ལྕེ་ཡར་རྐན་ལ་གཏད་པའི་མིག་གཉིས་སྣ་རྩེའམ། ཐད་ཀའི་བར་སྣང་ལ་བལྟའོ། །ཡང་ན་གཞན་སྔར་བཞིན་ལ། ལུས་ཙོག་པུ་རེའུ་མིག་བཞིན་བསྣོལ་བ། སྒོམ་ཐག་ཁུག་པས་མགོ་བོ་འཁོར་བ་ཚད་དེ། དེས་ལྷམ་སྒྲོག་འཆིངས་ནས་ལུས་བསྡམ། ཚངས་རའི་གདན་དུ་འབེབས་གདན་ཁྲུ་གང་། དཔངས་སུ་སོར་བཞི་ཡོད་པ་ནང་ཚངས་ཅན་བྱའོ། །གཉིས་པ་ཞི་དྲག་རླུང་གི་གནད་ལ། འཇམ་རླུང་དང་དྲག་རླུང་གཉིས་ལས། དང་པོ་འཇམ་རླུང་ལ། སྔོན་འགྲོ་འབུད་པ་དགུ་ཕྲུགས།
― LT19_Page_036A ―
[མ་དཔེ་གཟིགས་ན་འདིར་གནོན།]
དངོས་གཞི་སྦྱོར་བ་བཞི་ལྡན་གཉིས་ལས། དང་པོ་སྔོན་འགྲོ་འབུད་བ་དགུ་ཕྲུགས་ནི། གཡས་ནས་གཡོན། གཡོན་ནས་གཡས། དབུས་ནས་ཐད་ཀར་གཏད་ནས་འཇམ་པོ་མིས་མི་ཚོར་བ་གསུམ། དྲག་པོ་གསུམ། གཅུད་ཅིང་འབུད་པ་གསུམ་སྟེ་དགུ་ཕྲུགས་སུ་བྱའོ། །གཉིས་པ་དངོས་གཞི་སྦྱོར་བ་བཞི་ལྡན་ནི། ལྕགས་ཀྱུ་བཞིན་ཏུ་དགུག་པར་བྱ། །བུམ་པ་བཞིན་དུ་དགང་བ་དང་། །རྒྱ་མདུད་བཞིན་དུ་བསྔམས་ནས་སུ། །མདའ་ལྟར་གྱེན་དུ་འཕང་བར་བྱ། ཞེས་སམ། བརྔུབ་དང་དགང་དང་གཞིལ་བ་དང་། །འཕང་བར་བྱ་དང་རྣམ་པ་བཞི། །སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བའི་ཉན། ཞེས་པའི་དོན་ཕྱིའི་སོར་བཅུ་དྲུག་ཙམ་གྱི་ཐད་ནས་སྒྲ་མེད་དུ་སྣ་གཉིས་ཀྱི་ནང་དུ་གཞུག་པ་བརྔུབ་པ་དེ་ལྟེ་འོག་ཏུ་མནན། འོག་རླུང་ཅུང་ཟད་འཐེན་ནས་ཁ་སྦྱོར་དུ་འཛིན་པ་དགང་བ། མི་ཐུབ་ལ་ཁད་པ་དང་བརྔུབ་ཆུང་བྱ། གཡས་བཅག །གཡོན་བཅག །ཆ་མཉམ་དུ་བཅག་པ་གཞིལ་པ། དེ་ནས་མི་ཐུབ་ལ་ཁད་པ་དང་སྣ་གཉིས་ནས། དང་པོ་དང་མཇུག་ཏུ་ཤེད་ཆུང་ཞིང་། བར་དུ་ཤུགས་ཆེ་བར་དབྱུང་བ་མདའ་ལྟར་འཕང་པའོ། །གཉིས་པ་དྲག་རླུང་ནི། རླུང་ལོག་མི་འབྱུང་བ་འབུད་པའི་གནད། རླུང་རང་གནས་སུ་གཞུག་ལ་བརྔུབ་པའི་གནད། རླུང་དབང་དུ་འདུ་བ་དགང་བའི་གནད། རླུང་རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། རླུང་ཕྱི་ནང་བསྲེ་བ་གཏོང་བའི་གནད་དོ།། །།གསུམ་པ་སྒོམ་པ་དམིགས་པའི་གནད་ལ། ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོ་གསུམ་ལས། དང་པོ་ཕྱིའི་གཏུམ་མོ་ནི། སྐད་ཅིག་ཙམ་གྱིས་ཡི་དམ་ལྷ། །སྒྱུ་མ་ལྟ་བུའི་སྐུ་བསྒོམས་ཏེ། ཞེས་གོང་བཞིན་རྣལ་འབྱོར་མའི་སྟོང་ར་ལུས་ཚད་ཙམ་གསལ་བཏབ། གཉིས་
― LT19_Page_036B ―
[མ་དཔེ་གཟིགས་ན་འདིར་གནོན།]
པ་ནང་གི་གཏུམ་མོ་ནི། །གདུང་དང་ཤིང་རྟ་ལྟར་གནས་པའི། །འཁོར་ལོ་བཞི་དང་བཅས་པ་བསྒོམ། ཞེས་པས། ལུས་སྟོང་རའི་དབུས་སུ་རྩ་དབུ་མ་ངོ་བོ་ཆོས་ཉིད་མཚོན་པས་སྟོང་པ། ཁ་དོག་བདེ་བ་མཚོན་པས་དམར་བ། བྱེད་ལས་སྒྲིབ་པ་དག་པས་གསལ་བ། མཚན་ཉིད་སྲོག་ཤིང་མཚོན་པས་དྲང་བ་སྟེ་མཚན་ཉིད་བཞི་ལྡན། ཚངས་བུག་ནས་ལྟེ་འོག་སོར་བཞིར་ཟུག་པའི་སྣ་གཉིས་བཅད་ཁར་ཡོད་པ། གཡས་གཡོན་དུ་རོ་རྐྱང་གཉིས་ལུག་རྒྱུད་ཀྱི་རྒྱུ་མ་ལྟ་བུ་གླད་རྒྱའི་སྟེང་ནས་མདུན་དུ་འཁྱོགས་ཤིང་སྣའི་སྒོར་ཟུག་པ། མར་སྣ་དབུ་མའི་ནང་དུ་ཆུད་པས་ཡི་གེ་ཆའི་འཕོངས་ལྟ་བུ། རྩ་གསུམ་འདུས་མཚམས་སྤྱི་བོར་རྩ་འདབ་སུམ་ཅུ་རྩ་གཉིས་ཁ་འོག་ཏུ་ལྟ་བ། མགྲིན་པར་བཅུ་དྲུག་ཡར་ལྟ་བ། སྙིང་གར་བརྒྱད་མར་ལྟ་བ། ལྟེ་བར་དྲུག་ཅུ་རྩ་བཞི་ཡར་ལྟ་བས་གདུགས་ཀྱི་རྩིབ་མ་ལྟ་བུའམ། ཤིང་རྟའི་འཁོར་ལོ་དང་རྒྱུད་རིམ་བཞིན་དུ་བསྒོམ་མོ། གསུམ་པ་གསང་བའི་གཏུམ་མོ་ནི། གཏུམ་མོ་ཨ་ཐུང་ཡུལ་གྱི་གནད། ཅེས་པ་ལྟེ་འོག་སོར་བཞིའི་དབུ་མའི་ནང་རོ་རྐྱང་གཉིས་འཛོམ་པའི་རྩེ་མོར། ཨ་ཐུང་ཤད་བླུ་ཏའི་རྣམ་པ་ཅན་སོར་ཕྱེད་པ། ཁ་དོག་དམར་སེར། རེག་བྱ་ཚ་བ། སྤུ་རྩེ་རླུང་གིས་བསྐྱོད་པ་ལྟ་བུར་བསྐྱོད་པ་མྱུར་བ་ཕེཾ་ཕེཾ་གྱི་སྒྲ་སྒྲོག་པ་དང་། སྤྱི་བོའི་དབུ་མའི་ནང་དུ་ཧཾ་ཡིག་དཀར་པོ་བདུད་རྩི་འཛག་ལ་ཁད་པ་གསལ་བཏབ་ནས། རླུང་བརྔུབས་པ་རོ་བརྐྱང་གི་ལམ་དུ་སོང་། དེ་གཉིས་ཕུས་བཏབ་པ་ལྟར་གང་ནས་དབུ་མའི་ནང་དུ་ཞུགས། ཨ་ཤད་ལ་ཕོག་བས་དམར་ལྟེམ་གྱིས་སོང་། དགང་བ་དང་གཞིལ་བའི་ཚེ་ཁོ་ན་ལ་སེམས་རྩེ་གཅིག་ཏུ་བཞག །དབྱུང་བའི་དུས་རླུང་དབུ་མའི་ནང་ནས་སྔོ་འཕྱུར་དོན་པར་བསམས་ནས། དངོས་སུ་སྣ་ནས་འབུད་དོ། དེ་ལ་སེམས་རྩེ་གཅིག་པ་ཐོབ་ནས། དེ་ནས་ཚུལ་འདྲ་བའི་རླུང་ཐོབས་གཉིས་པ་ལ། ཨ་ཤད་ལས་
― LT19_Page_037A ―
[མ་དཔེ་གཟིགས་ན་འདིར་གནོན།]
སོ་སོར་ཕྱད་པ་རྩེ་མོ་ཤིན་ཏུ་རྣོ་བ་འབར་བས། མཚན་ཉིད་བཞི་ལྡན་དུ་གྱུར་བ་འཕང་ཐུར་ལྟ་བུར་བསམ། རླུང་དེ་འདྲ་བ་རེ་རེས་མེ་སོར་ཕྱེད་ཕྱེད་སྦར་བས་བརྒྱད་ཀྱིས་ལྟེ་བར་སླེབ། རླུང་ཁུག་པ་བཅུས་ལྟེ་བའི་རྩ་འདབས་མེས་གང་། ཡང་བཅུས་ལྟོ་བ་ནས་མར་སོང་རྐང་སོར་གྱི་རྩེའི་བར་མེས་གང་། དེ་ནས་བཅུས་ཡར་འབར་བས་སྙིང་ག་མན་གང་། བཅུས་མགྲིན་པ་དང་། བཅུས་སྤྱི་བོ་གང་བ་འབར་བ་ལ་དམིགས་ནས། ནམ་མཁའི་བ་ནི་རིམ་བཞིན་བཞོ། ཞེས་པ་བཅུས་སྤྱི་བོའི་ཧཾ་ཡིག་མེས་ཆིལ་གྱིས་བཞུ་བས་བྱང་ཆུབ་སེམས་ཀྱིས་སྤྱི་བོ་གང་། བཅུས་མགྲིན་པ་གང་། བཅུས་སྙིང་ག །བཅུས་ལྟེ་བ། བཅུས་སོར་མོའི་མཐའ་ཚུན་ཆད་གང་བ་འཛག་པ་ལ་བསླབ་པ་སྟེ་རླུང་ཁུག་བརྒྱ་དང་བརྒྱད་ལ་ཐུན་གཅིག་ཏུ་བྱས་པ། དང་པོ་ཉིན་ཞག་རེ་ལ་ཐུན་དྲུག་དང་ཕྱིས་ནས་ཐུན་བཞི་ལ་སོགས་པ་རླུང་ཐག་རིང་ཐུང་ལ་ལྟོས་ནས་བྱ་སྟེ། ཟས་དང་ཁམས་གསོའི་གཉིད་མ་གཏོགས་པ་བར་མེད་དུ་བསྒོམ་མོ། དེ་ནི་ལུས་སེམས་རླུང་གསུམ་གྱི་ལས་ལ་གནད་དུ་བསྣུན་པའི་ཕྱིར་ལས་ཀྱི་གཏུམ་མོ་ཞེས་བྱའོ། །གཉིས་པ་ཉམས་ཀྱི་གཏུམ་མོ་ལ། ཐུན་མོང་དང་ཁྱད་པར་གྱི་ཉམས་གཉིས་ལས། དང་པོ་ཐུན་མོང་གི་ཉམས་ནི། རླུང་ནི་ཟིན་པར་གྱུར་པ་ན། །དང་པོ་དྲོད་ལྟ་བུ་འབྱུང་། །གཉིས་པ་བདེ་བ་འཆར་བ་དང་། །གསུམ་པ་མི་རྟོག་སྐྱེ་བར་འགྱུར། །དེ་ནས་རྣམ་རྟོག་ཤུགས་ཀྱིས་འགག །དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །སྐྱ་རེངས་ཤར་བ་ཇི་བཞིན་དང་། །ནམ་མཁའ་སྤྲིན་དག་ལྟ་བུ་འབྱུང་། ཞེས་པའི་དོན། རླུང་ཕྱིར་འཕྲོ་བ་རྩོལ་བས་བཀག་པ་རང་གནས་སུ་གནས་པ་ནི་ཟིན་པ་ཞེས་བྱ་སྟེ། དེའི་དབང་གིས་རླུང་རྒྱུ་བའི་གྲངས་ཉུང་དུ་སོང་བ་རྒྱུ་བ་ཟིན་པ། ཕྱིར་སོང་ཚད་ཐུང་དུ་སོང་བ་རིང་ཐུང་ཟིན་པ། ཕྱིར་རྒྱུ་བའི་ཤད་ཉམས་པ་ཤུགས་ཟིན་པ། དེ་ནས་ཁ་དོག་ཤེས་པ་ཁ་དོག་ཟིན་པ།
― LT19_Page_037B ―
[མ་དཔེ་གཟིགས་ན་འདིར་གནོན།]
དེ་ནས་འབྱུང་བ་སོ་སོའི་ནུས་པ་ཐིམ་པ་སྟོབས་ཟིན་པ་སྟེ། དེ་ལྟར་རླུང་ཟིན་པས་གཏུམ་མོའི་རྦ་རླབས་བརྟན། དེ་ནས་རླུང་སེམས་རྣལ་དུ་ཚུད་པའི་དྲོད་སྐྱེ། དེས་རྩ་ཁ་བྱེ་བ་རྣམས་སུ་རླུང་གིས་ཐིག་ལེ་ཁྲིད་དེ་ཕྱིན་པས་རྩ་ཟུག་དང་། ཐིག་ལེའི་ཟུག་དང་། རིགས་དྲུག་གི་གནས་སྦྱོང་ཤར་བ་འདུས་པ་དང་པོ་སྡུག་བསྔལ་གྱི་དུས་སམ། དྲོད་ཀྱི་དུས་ཞེས་བྱའོ། །དེ་ནས་རྩ་རྒུད་པ་རླུང་དང་ཁམས་ཀྱིས་གསོས་པས་བྱང་ཆུབ་ཀྱི་སེམས་འཕེལ་ཞིང་སྨིན་ནས་ཐག་པ་དང་བཅས་པའི་བདེ་བ་མཐའ་ཡས་པ་རྙེད་པ་ནི་གཉིས་པ་བདེ་བའི་དུས་སོ། །དེ་ནས་ནང་གི་བདེ་བ་ལ་སེམས་ཆགས་པས་ཕྱི་རོལ་གྱི་དངོས་པོ་ལ་དགའ་བ་ཉམས། རྒྱུ་དེས་རྣམ་རྟོག་རྒྱུན་ཆགས་ཀྱི་དུག་ཞི་ནས་སེམས་རྣལ་དུ་ཕེབས་པ་རྣམ་པར་མི་རྟོག་པ་ཞི་གནས་ཀྱི་ཏིང་ངེ་འཛིན་ཤར་ཞིང་། དེ་ལ་གོམས་པ་གསུམ་པ་མི་རྟོག་པའི་དུས་སོ། །དེ་ལྟ་བུའི་ཞི་གནས་དེའང་ཚོར་བ་བཏང་སྙོམས་ཀྱི་མཚན་ཉིད་ཅན་མ་ཡིན་ཏེ། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། སྒྲོན་མའམ་སྐྱ་རེངས་དང་། སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ལ་སོགས་པའི་ཉམས་ཀྱི་སྣང་བ་བགྲང་དུ་མེད་པས་ལྷག་པར་གསལ་བའི་ཕྱིར་རོ། །རྣལ་འབྱོར་པས་ཁམས་འདུས་པ་གསུམ་པོ་དེ་གང་གི་གནས་སྐབས་སུའང་རྟགས་མཚན་ཡོད་པ་མི་སྤངས། མེད་པ་མི་བསྒྲུབ་པར་བྱུང་རྒྱལ་དུ་ལས་ཀྱི་གཏུམ་མོ་བསྐྱངས་པས་རླུང་ལས་སུ་རུང་བར་གྱུར་ཏེ་ཕྱི་རོལ་གྱི་ནད་དང་རྒས་པ་ལ་སོགས་པའི་རྐྱེན་གང་གིས་ཀྱང་གནོད་མི་ནུས་ཤིང་། ཟག་པ་དང་བཅས་པའི་མངོན་ཤེས་ལྔ་ལ་སོགས་པ་ཡོན་ཏན་མཐའ་ཡས་པ་འབྱུང་ངོ། །གཉིས་པ་ཁྱད་པར་གྱི་ཉམས་ནི། །དེ་ཡི་རྐྱེན་གྱིས་དྷཱུ་ཏཱི་རུ། །རླུང་རྣམས་ཚུད་པར་གྱུར་བ་ཡིས། ཅེས་དང་། ཁྱད་པར་རྟགས་ལྔ་ཡོན་ཏན་བརྒྱད། ཅེས་པ་ཐུན་མོང་གི་དུས་སུ་འབབ་འབུན་འདེད་གྱིས་རླུང་དབུ་མར་ཞུགས་པ། སྲོག་རྩོལ་
― LT19_Page_038A ―
[མ་དཔེ་གཟིགས་ན་འདིར་གནོན།]
གྱིས་རླུང་དབུ་མར་ཚུད་པ་ཞེས་བྱ་བ། འདིར་ནི་རྣལ་འབྱོར་གྱི་སྟོབས་ཀྱིས་དབུ་མར་ཚུད་པ་ཞེས་བྱ་བ་ཕྱི་ནང་གི་རླུང་གཅིག་ཏུ་འདྲེས་པ་སྲོག་ཐུར་གོང་བུ་གཅིག་ཏུ་གྱུར་ནས། ལུས་ཀྱི་ལྟེ་བ་གསང་གནས་ཀྱི་འཁོར་ལོ་ནས་དབུ་མར་ཞུགས་ཤིང་འཁོར་ལོ་བཞིའི་ལྟེ་བ་ནས་ལྟེ་བ་འབའ་ཞིག་ཏུ་འགྲོ་འོང་བྱས་པས་གཏུམ་མོ་ཡེ་ཤེས་ཀྱི་མེ་སྟོབས་སུ་གྱུར་ནས་བྱང་ཆུབ་ཀྱི་སེམས་ཐམས་ཅད་དུ་འདུས་པས་མདུད་པ་ལྷོད་པར་གྱུར་པ་དེའི་དབང་གིས་ཁྱད་པར་གྱི་རྟགས་ལྔ། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྐྲ་གཅན་དང་། གོ་གཅེས་བྱ་བ་དང་། འོད་ཟེར་སེར། དཀར། དམར། སྔོ། དམར་སྐྱ་ལྔའི་དབུས་སུ་ལུས་ཆུང་བ་དང་། ཡོན་ཏན་བརྒྱད་ཀྱི་རྟོགས་པ་མངོན་དུ་འགྱུར་ཏེ། དེ་ཡང་། སའི་ཡོན་ཏན་སྲེད་མེད་ཀྱི་བུའི་སྟོབས་དང་། ཆུའི་ཡོན་ཏན་མཉན་ལྕུག་དང་། མེས་མི་འཚིག །མེའི་ཡོན་ཏན་དངོས་པོ་ཐམས་ཅད་འབྱིན་སྡུད་ནུས་ཤིང་། ཆུར་མི་བྱིང་། རླུང་གི་ཡོན་ཏན་རྐང་མགྱོགས་དང་ལུས་ཤིང་བལ་ལྟ་བུར་ཡང་བ། ནམ་མཁའི་ཡོན་ཏན་འཕུར་བ་དང་། ས་དང་ཆུ་ལ་སོགས་པ་ཐམས་ཅད་ལ་ཐོགས་པ་མེད་པ། ཟླ་བའི་ཡོན་ཏན་ལུས་ཤེལ་ལྟར་དྭངས་ནས་གྲིབ་མ་མི་འབྱུང་། ཉི་མའི་ཡོན་ཏན་ལུས་སྙིགས་མ་དག་པའི་འཇའ་ལུས་སུ་གྱུར་པས་གཞན་གྱིས་མི་མཐོང་། ཐམས་ཅད་ཀུན་ཏུ་སོན་པའི་ཡོན་ཏན་སྐུའི་སྒོ་དགུ་འགག །གསུང་གི་སྒོ་བཞི་འགག །ཐུགས་ཀྱི་སྒོ་གཉིས་བྱེ་བས་བདེ་བ་ཆེན་པོ་ནང་ནས་འཆར་ཞིང་དེའི་དབང་གིས་རྣམ་པ་ཐམས་ཅད་པའི་ཐོད་བརྒལ་གྱི་ཏིང་ངེ་འཛིན་ཁོར་མོ་ཡུག་ཏུ་འཆར་བ་ཡིན་ནོ། །གསུམ་པ་མཆོག་གི་གཏུམ་མོ་ནི། མ་བཅོས་གཉུག་མ་ལྷན་ཅིག་སྐྱེས། །ཟག་པ་མེད་པའི་ཏིང་འཛིན་གནས། །ཞེས་པས། གཡོན་ཕུང་པོ་ལྔའི་རླུང་དེ་བཞིན་གཤེགས་པ་དང་། གཡས་ཁམས་ལྔའི་
― LT19_Page_038B ―
[མ་དཔེ་གཟིགས་ན་འདིར་གནོན།]
རླུང་དེ་བཞིན་གཤེགས་མའི་རང་བཞིན་དབུ་མའི་ནང་དུ་མས་རིམ་གྱིས་ཐིམ་པས་ཟག་པ་མེད་པའི་བདེ་བ་ཆེན་པོ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པའི་གཉུག་མ་སེམས་ཀྱི་གནས་ལུགས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་སུམ་དུ་རྟོགས་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོ་རྣམས་སུ་རྒྱུ་མཐུན་དང་། རྣམ་སྨིན་དང་། སྐྱེས་བུ་བྱེད་པ་དང་། བྲལ་བའི་འབྲས་བུའི་ཚུལ་བཞིས་བྱང་ཆུབ་ཀྱི་སེམས་གྱེན་དུ་གཤེགས་པས་དབུ་མའི་ཡར་སྣ་རཻངས་ནས། གཙུག་ཏོར་པ་ལྟར་མི་མངོན་པ་འགྲུབ། དེ་བྱང་ཆུབ་ཀྱིས་སེམས་ཀྱིས་གང་བའི་ཚེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པ་ཡིན་ནོ། །ཁམས་དཀར་པོ་གསད་བའི་སྣ་རྩེ་ནས་གྱེན་དུ་རེངས་ནས་གཙུག་ཏོར་གྱི་མཐར་ཐུག་པར་གང་བ་དང་། །དམར་པོ་གཙུག་ཏོར་ནས་རེངས་ཏེ་རྐང་པའི་མཐེ་བོང་གི་མཐར་ཐུག་པ་གང་བ་ལྷན་ཅིག་ཏུ་འབྱུང་བ་ཡིན་ནོ། །གསུམ་པ་བོགས་འདོན་ལ། དྲོད་ཀྱི་བོགས་འདོན་དང་། བདེ་བའི་བོགས་འདོན་གཉིས་ལས། དང་པོ་དྲོད་ཀྱི་བོགས་འདོན་ལ། ལུས་གནད། རླུང་གནད། དམིགས་པའི་གནད་ལས། ལུས་གནད་ནི། ཙོག་པུར་རྐང་པ་བསྣོལ་བའི་རྒྱུ་མ་ཁུང་གཉིས་ལག་པ་རིང་ན་བསྣོལ། ཐུང་ན་རང་དགར་འཁྱུད། ཕོ་བ་གཡས་གཡོན་དུ་སྒྲིལ་བ་གསུམ་གསུམ་དང་། དེ་ནས་ཐུབ་ཚད་དུ་གཙུབ། མཐར་རྟ་རྒོད་སྤྲུགས་པ་ལྟར་དྲག་ཏུ་སི་ལི་ལི་སྤྲུག་པ་དང་བསྟུན་རྡེབ་ཆུང་གཅིག་བྱེད། དེ་འདྲ་བ་གསུམ་གྱི་མཐར་ཚིག་རྫོགས་ཀྱི་རྡེབ་ཆེན་རེ་བྱའོ། །རླུང་གནད་ནི་སྟེང་མནན། འོག་བསྔམ་པའི་བུམ་པ་ཅན་ནོ། །དམིགས་པའི་གནད་ནི་རང་ཉིད་རྣལ་འབྱོར་མའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་ཨ་ཤད་དང་བཅས་པ་གསལ་བཏབ་པའི། འོག་གི་ལག་པ་དང་རྐང་པའི་
― LT19_Page_039A ―
[མ་དཔེ་གཟིགས་ན་འདིར་གནོན།]
མཐིལ་གཉིས་སུ་ཉི་མ་རེ་རེ་སྟེ་ཁ་སྦྱར། སུམ་མདོར་ཉི་མ། རྐང་ལག་གི་ཉི་མ་བསྲུབས་པས་མེ་འབར། ལྟེ་འོག་གི་ཉི་མ་ལ་ཕོག །དེ་ལས་མེ་འབར་ཨ་ཤད་ལ་ཕོག །དེ་ལས་མེ་འབར་ལུས་ཐམས་ཅད་གང་། རླུང་ཕྱིར་གཏོང་བའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་མེའི་རང་བཞིན་དུ་འབར་བར་བསྒོམ་མོ། རྡེབ་ཆེན་ཉེར་གཅིག་ལ་ཐུན་གཅིག་ཏུ་བྱས་ནས། ཞག་བདུན་དུ་བསྒོམས་ན་རས་ཐུབ་པར་མཚོམ་མེད་དོ། །གཉིས་པ་བདེ་བའི་བོགས་འདོན་ལ། སྔོན་འགྲོ་ཡིད་རིག །དངོས་གཞི་འབར་འཛག །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་རོ། །སྔོན་འགྲོ་ཡིད་རིག་ནི། མདུན་དུ་ཡིད་ཀྱི་རིག་མ་མིའི་བུ་མོ་མཚན་དང་ལྡན་པ་སེམས་ཆགས་སུ་རུང་བ་ཞིག་བསྒོམ་མོ། དངོས་གཞི་འབར་འཛག་ལ། ཟུས་གནད་མེ་ཐབ་དྲུག་ཆིངས། །རླུང་གནད་སྦྱོར་བ་བཞི་ལྡན། དམིགས་པའི་གནད། རང་ཉིད་འཁོར་ལོ་སྡོམ་པར་གསལ་བའི་སྟོང་ར་དར་སྔོན་པོའི་གུར་ཕུབ་པ་ལྟ་བུའི་ལུས་ཀྱི་ནང་དུ་རྩ་གསུམ་འབོར་ལོ་བཞི། ཨ་ཤད་ཧཾ་ཡིག་དང་བཅས་གོང་བཞིན་གསལ་བཏབ། རླུང་གིས་ཨ་ཤད་ལས་མེ་སྦར། དེའི་དྲོད་ཀྱིས་ཧཾ་ཡིག་ཞུ་བའི་ཐིགས་པ་ལྷུང་། ཨ་ཤད་ལ་ཕོག་ཚེགས་སྒྲ་དང་བཅས་པས་མེ་ལྕེ་མར་ཐུར་དུ་སོང་། སླར་སྔ་མ་ལས་ཆེར་འབར་བས་ལྟེ་བར་སླེབ། ཧཾ་ཡིག་ཆེར་ཞུ་བའི་ཐིགས་པ་ཕོག་པས་མར་བྲོས། དེས་ཆེར་གསོས། མེ་ལྕེ་སྙིང་གར་སླེབ། ཚུལ་དེས་མགྲིན་པ་དང་སྤྱི་བོར་ཕྱིན་པས་ཧཾ་ཡིག་ཆིལ་གྱིས་བཞུ་བའི་རྒྱུན་མགྲིན་པའི་རྩ་འཁོར་གང་བར་བབས་པས་དགའ་བའི་བདེ་བ་དང་། རྣམ་པ་སྣ་ཚོགས་པའི་སྐད་ཅིག་མ་དང་། སྟོང་པའི་ངང་དུ་མཉམ་པར་གཞག །དེ་ནས་སྙིང་ག་གང་བ་མཆོག་དགའ་དང་། རྣམ་པར་སྨིན་པ་དང་། ཤིན་ཏུ་སྟོང་པ། ལྟེ་བས་ཁྱད་དགའ་དང་། རྣམ་པར་ཉེད་པ་དང་། སྟོང་པ་ཆེན་པོ། གསང་བའི་སྣ་
― LT19_Page_039B ―
[མ་དཔེ་གཟིགས་ན་འདིར་གནོན།]
རྩེའི་མཐར་ཐུག་པར་བབས་པས་ལྷན་ཅིག་སྐྱེས་པའི་དགའ་བ། མཚན་ཉིད་དང་བྲལ་བའི་སྐད་ཅིག་ཐམས་ཅད་སྟོང་པ། འོད་གསལ་ངོས་བཟུང་ནས། འཛག་མེད་དུ་བཟུང་བས་ལྟེ་བ་སྙིང་ག་མགྲིན་པ་སྤྱི་བོ་གང་བ་དགའ་བ་ནས་ལྷན་སྐྱེས་ཀྱི་བར་ངོས་གཟུང་བར་བྱའོ། །རྗེས་བཅའ་བ་ལུས་ཀྱི་འཁྲུལ་འཁོར་ནི། རྩ་བའི་འཁྲུལ་འཁོར་ནཱ་རོ་དྲུག་སྐོར་དང་། ཉི་ཤུ་པ་དང་། ལྔ་བཅུ་པ་ལ་སོགས་པ་བྱའོ། །གཉིས་པ་སྒྱུ་ལུས་ལ། མ་དག་པའི་སྒྱུ་ལུས་རྒྱུ་མར་སྦྱང་བ། དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ། གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་གསུམ་ལས། དང་པོ་མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། རྣམ་པར་སྨིན་པའི་སྒྱུ་ལུས་དང་། ཞེས་པ། རང་གི་མདུན་དུ་ཤིང་བུ་ལ་མེ་ལོང་བཏགས་པ་ལའམ། གང་ཡང་རུང་བ་ལ་གཟུགས་འཆར་དུ་བཅུག་ནས། དེ་ལ་རྙེད་པ་སྦྱིན་པ་དང་། གྲགས་པ་དང་། བསྟོད་པ་དང་། བདེ་བས་དགའ་བ་དང་། འཕྲོགས་པ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་བས་མི་དགའ་བ་མི་འབྱུང་བ་བཞིན་དུ། །རང་དང་མེ་ལོང་གི་བར་དུ་གཟུགས་བརྙན་དེ་འདྲ་བ་བསྒོམས་ལ་སྦྱར། དེ་ནས་རང་ཉིད་མེ་ལོང་གི་གཟུགས་བརྙན་དང་ཁྱད་པར་མེད་པར་བལྟས་ཏེ་ཐམས་ཅད་ལ་དཔེ་བཅུ་དྲུག་གིས་སྒྱུ་མ་ལྟ་བུར་བློ་སྦྱོང་ཞིང་དོ་གལ་དུ་འཛིན་པ་སྤང་བར་བྱའོ། །གཉིས་པ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བས། བསྐྱེད་རིམ་སྒྱུ་མ་དང་། རྫོགས་རིམ་སྒྱུ་མ་གཉིས་ལས། དང་པོ་བསྐྱེད་རིམ་སྒྱུ་མ་ནི། གསང་བའི་དབང་གི་དུས་དག་ཏུ། །མི་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། ཞེས་པས། རྡོ་རྗེ་སེམས་དཔའ་འམ། ཡི་དམ་གྱི་ལྷ་གང་ཡང་རུང་བའི་བྲིས་སྐུ་འགྱིང་ལོག་མེ་ལོང་དུ་འཆར་དུ་བཅུག་ལ། དེའི་གཟུགས་བརྙན་ལ་མིག་དང་ཤེས་པ་མ་འགྱུར་བར་
― LT19_Page_040A ―
[མ་དཔེ་གཟིགས་ན་འདིར་གནོན།]
བལྟས་ནས་དེ་ཇི་ལྟ་བ་ཡིད་ཡུལ་དུ་བསྒོམས་པས་འཆར་པ་དང་། མེ་ལོང་དང་རང་གི་བར་དུ་བསྒོམ། དེ་ནས་རང་མེ་ལོང་ནང་གི་ལྷའི་གཟུགས་དེ་ཇི་ལྟ་བར་བསྒོམས་པས། རེག་ཏུ་རུང་བ་ཙམ་དུ་འཆར་ན། གང་མཐོང་བའི་གཟུགས་གཅིག་དེ་ལྟ་བུའི་ལྷའི་སྐུར་བསྒོམ། དེ་གསལ་ན་གང་མཐོང་བའི་གཟུགས་ཐམས་ཅད་ཡི་དམ་གྱི་ལྷ་དེ་ལྟ་བུར་གསལ་བཏབ་པས། སྣང་བ་ཐམས་ཅད་ལྷའི་རོལ་པར་འཆར་བ་ལྷའི་དེ་ཁོ་ན་ཉིད་ཅེས་བྱ་སྟེ། བསྐྱེད་རིམ་སྒྱུ་མ་དང་། ཆོས་ཅན་ལྷ་དང་ལྷ་མོར་དག་པ་ཞེས་བྱའོ། །གཉིས་པ་རྫོགས་རིམ་སྒྱུ་མ་ནི། ཐམས་ཅད་མཁྱེན་པའི་རྒྱུ་དེ་སྟེ། དངོས་གྲུབ་ངེས་འཇུག་ཉེ་བ་ཡིན། ཞེས་པ་ལུས་གནད་རྣམ་སྣང་གི་ཆོས་བདུན། སེམས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྡུན་མི་བསུ། ད་ལྟ་བར་བཟོ་མ་བྱས་པར་མ་ཡེངས་པས་བར་སྣང་སྟོང་སེང་ངེ་བ་ལ་རྩེ་གཅིག་ཏུ་བལྟས་པས། རླུང་སེམས་དབུ་མར་ཚུད། རྣམ་པར་རྟོག་པ་ཞི་ནས། དུ་བ་ལ་སོགས་པའི་རྟགས་ལྔ། ཁྱད་པར་སྤྲིན་མེད་པའི་ནམ་མཁའ་ལ་སངས་རྒྱས་ཀྱི་སྐུའི་སྣང་བ་ཆུའི་ཟླ་བའམ། མེ་ལོང་ལ་གཟུགས་ཤར་བ་ལྟར་དྭངས་ཤིང་གསལ་ལ་སྒྲིབ་པ་མེད་པ། མཚན་དང་དཔེ་བྱད་ལྡན་པའི་སྤྲུལ་པའི་སྐུ་མཐོང་ཞིང་། དེ་ནས་སྒྲར་སྣང་བའི་ལོངས་སྐུ་འབྱུང་ངོ། །དེ་ཡང་དེ་བས། ཆོས་ཀུན་རྨི་ལམ་སྒྱུ་འདྲ་ཞེས། །སངས་རྒྱས་པ་ཀུན་སྨྲ་མོད་ཀྱི། །བདག་བྱིན་རླབས་ལས་ཕྱིར་ཕྱོགས་པས། །རྨི་ལམ་སྒྱུ་འདྲ་མཐོང་བ་མེད། ཅེས་གསུངས་སོ། །གསུམ་པ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྒྱུ་མར་སྦྱང་བ་ནི། ཁམས་གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་འགྲུབ། ཅེས་པ་མཉམ་གཞག་དེ་བརྟན་པ་དང་། རྗེས་ཤེས་ཀྱི་སྣང་བའི་སྟེད་དུ་སྟོང་གཟུགས་དྲངས་ནས་བལྟས་པས། འཁོར་འདས་ལ་སོགས་པའི་གཉིས་སུ་སྣང་བའི་ཆོས་ཐམས་ཅད་
― LT19_Page_040B ―
[མ་དཔེ་གཟིགས་ན་འདིར་གནོན།]
གཉིས་སུ་མེད་པའི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་ཏིང་ངེ་འཛིན་དུ་འཆར་ཞིང་། དེ་ཉིད་ལ་མཉམ་པར་བཞག་པས་འོད་གསལ་དུ་དག་པར་འགྱུར་རོ། །གསུམ་པ་རྨི་ལམ་ལ། གཟུང་བ། སྦྱང་བ། སྒྱུ་མར་བསླབ་པ། རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་བཞི་ལས། དང་པོ་གཟུང་བ་ལ། འདུན་པའི་སྟོབས་ཀྱིས་གཟུང་བ། རླུང་གིས་སྟོབས་ཀྱིས་གཟུང་བ། དམིགས་པའི་སྟོབས་ཀྱིས་གཟུང་བ་གསུམ་ལས། དང་པོ་འདུན་པའི་སྟོབས་ཀྱིས་འཛིན་པ་ནི། དང་པོར་རྨི་ལམ་གཟུང་བ་དང་། ཞེས་པ་དྲན་པ་རྒྱུན་ཆག་འདུན་པ་རྗེས་འབྲང་དུ་བྱེད་པ་སྟེ། དེའང་ཉིན་པར་གྱི་གནས་སྐབས་ཐམས་ཅད་དུའང་། རྨི་ལམ་ཡིན་སྤྱད་དགོས་སྙམ་པའི་དྲན་པ་དང་། ནུབ་མོ་ཉལ་ཁར་བླ་མ་ལ་རྨི་ལམ་ཟིན་པའི་གསོལ་བ་བཏབ། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཡིད་ལ་དྲག་པོ་བསྒོམས་པས་ངེས་པར་ཟིན་ཏེ། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། འདུན་པའི་རྩ་ལ་རབ་ཏུ་གནས། ཞེས་སོ། །གཉིས་པ་རླུང་གི་སྟོབས་ཀྱིས་འཛིན་པ་ནི། གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་ཀྱིས་ཉལ། ལག་གཡས་པའི་མཐེབ་སྲིན་གྱིས་མགྲིན་པའི་རྩ་འཕར་བ་མནན། མཛུབ་མོས་སྣ་དམ་པོར་བཀག །མཆིལ་མ་མགྲིན་པར་བསྐྱིལ་ལོ། །གསུམ་པ་དམིགས་པའི་སྟོབས་ཀྱིས་འཛིན་པ་ལ། དངོས། སྤོགས་ཆོག །འབྱམས་གཅོད་པ་ལས། དངོས་ནི། རང་ཉིད་ལྷར་བལྟས་པའི་མགྲིན་པའི་དབུས་སུ་གསུང་རྡོ་རྗེའི་ངོ་བོ་ཨཱཿཡིག་དམར་པོ་གསལ་བཏབ། དེའི་འོད་ཀྱིས་སྣང་བ་ཐམས་ཅད་མེ་ལོང་ནང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པའི་སྒྱུ་མར་བསྒོམས་པས་ཟིན་པར་འགྱུར་རོ། །སྤོགས་ཆོག་ནི། སྲོད་ལ་ཁ་རྩང་གི་དམིགས་པ་དེ་ཀས་འཛིན། ཐོ་རངས་རླུང་བུམ་པ་ཅན་བདུན། རྨི་ལམ་ཟིན་པར་བྱའོ་སྙམ་པའི་འདུན་པ་ཐེངས་བཅུ་
― LT19_Page_041A ―
[མ་དཔེ་གཟིགས་ན་འདིར་གནོན།]
གཅིག །དམིགས་པ་སྨིན་མཚམས་སུ་རུས་པའི་ཐིག་ལེ་དཀར་པོ་ལ་སེམས་གཏད་དོ། །ཁྲག་ཤས་ཆེ་ན་དམར་པོ་དང་། རླུང་ཤས་ཆེ་ན་ལྗང་ཁུར་བསྒོམ། དེས་མ་ཟིན་ན། སྲོད་ལ་དེ་ཀ་བསྒོམ། ཐོ་རངས་རླུང་ཉི་ཤུ་རྩ་གཅིག །འདུན་པའང་ཉེར་གཅིག །དམིགས་པ་གསང་བའི་སྣ་རྩེར་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་ཤེས་པ་གཏད་པས་ཟིན་པར་འགྱུར་རོ། །འབྱམས་གཅད་པ་ནི། སད་འབྱམས་ནི། རྨི་ལམ་ཟིན་ཀྱང་སྤྱད་དགོས་བསམ་པ་དང་འཕྲལ་དུ་སད་པའོ། །དེ་ལ་ཟས་བཅུད་ཅན་བསྟེན། ལུས་ངལ་དུབ་ཀྱི་ལས་བྱས་པས་གཉིད་ཆེ་བར་འགྱུར་རོ། །དེས་སེལ་ལོ། །དྲེད་འབྱམས་ནི། སྔར་གྱི་རྨི་ལམ་ཡོང་བཞིན་པ་ཞིག་གཏན་དུ་རྨིས་ནས་འགྱུར་དུ་མ་འདོད་པ་སྟེ། དེ་ལ་ཡང་ཡང་དུ་རྨི་བ་དེ་བསྒོམ། ད་རྨི་ལམ་སྦྱང་བར་བྱའོ་སྙམ་པའི་འདུན་པ་ལ་འབད། སྨིན་མཚམས་ཀྱི་ཐིག་ལེ་དང་རླུང་སྦྱོར་རོ། །རྡུགས་འབྱམས་ནི། རྨི་ལམ་མང་པོ་རྨིས་པ་ལ་ཡེ་དྲན་པས་མ་ཟིན་པ་དང་། གྲིབ་དང་མི་གཙང་བ་ལ་འཛེམ། ཏིང་ངེ་འཛིན་གྱི་དབང་བླང་། གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དེས་སེལ་ལོ། སྟོང་འབྱམས་ནི། རྨི་ལམ་རྨི་རུ་ཡེ་མ་འདོད་པ་སྟེ། དེ་ལ་གསང་གནས་ཀྱི་ཐིག་ལེ་ལ་དམིགས་པ་དང་རླུང་བསྒོམ། ཁྱད་པར་ཚོགས་གཏོར་གྱིས་དཔའ་བོ་མཁའ་འགྲོ་མཉེས་པར་བྱའོ། །གཉིས་པ་སྦྱང་བ་ནི། དེ་ནས་སྦྱང་ཞིང་ཞེས་པ། རྨི་ལམ་དུ་མེ་ལྟ་བུ་རྨིན། རྨི་ལམ་གྱི་མེ་ལ་འཇིགས་སུ་ཅི་ཡོད་སྙམ་ནས་དེའི་སྟེང་དུ་མཆོད་པ་སོགས། གང་རྨི་བ་ལ་ཐོག་བརྫིས་གཏང་ཞིང་། དེ་ལ་གོམས་ནས་ཞིང་ཁམས་སྣ་ཚོགས་པ་བལྟ་བར་བྱའོ། །དེ་ལ་ཉལ་ཁར་མགྲིན་པའི་དབུས་སུ་ཐིག་ལེ་དམར་པོའི་ནང་དུ་གང་བལྟ་འདོད་བའི་ཞིང་ཁམས་དེའི་ཡོན་ཏན་ཐམས་ཅད་གསལ་བར་ཤར་བར་མོས་ཏེ་སེམས་བཟུང་བས། དགའ་ལྡན་ནམ། བདེ་བ་ཅན།
― LT19_Page_041B ―
[མ་དཔེ་གཟིགས་ན་འདིར་གནོན།]
མངོན་པར་དགའ་བ་ལ་སོགས་པ་གང་འདོད་པའི་ཞིང་ཁམས་མཐོང་བ་འབྱོངས་པའི་ཚད་དོ། །གསུམ་པ་སྒྱུ་མར་བསླབ་པ་ནི། སྒྱུ་མར་བསླབ་པ། དེ་ཚེ་ཡང་སྤང་བ་དང་། ཞེས་པས། མ་རྨི་ན་ཆུར་སྤྲུལ་པ་གོ་ཟློག་གི་གཉེན་པོ་དང་། ཆུང་དུ་རྨི་ན་ཆེན་པོར་སྤྲུལ། ཆེན་པོ་ཆུང་ངུར་བསྒྱུར་བ་སྟོབས་ཆེ་ཆུང་དང་། གཅིག་རྨི་ན་མང་པོར་བསྒྱུར། མང་པོ་གཅིག་ཏུ་སྡུད་བ་ལ་གོམས་ན། རྨི་ལམ་དུ་རང་གི་ལུས་དང་གང་མཐོང་ཐམས་ཅད་ལྷའི་སྐུ་སྒྱུ་མ་ལྟ་བུར་བསྒོམས་པ་དེ་ལྟར་དུ་ཤར་བ་ཡིན་ནོ། །བཞི་པ་དེ་ཁོ་ན་ཉིད་བསྒོམ་པ་ནི། ཁོ་ན་ཉིད་དོན་བསྒོམ་པའོ། །ཞེས་པས། རྨི་ལམ་གྱི་སྣང་བ་གང་མཐོང་ལྟར་མཐོང་ནས་རྨི་ལམ་གྱི་བག་ཆགས་དག །ལྷའི་སྐུ་ལ་སེམས་བཟུང་ནས་མ་བཅོས་པར་མཉམ་པར་གཞག་པས་ལྷའི་སྣང་བ་དེ་ཉིད་དམིགས་པ་མེད་པའི་ངང་དུ་ཞི་ནས་ཐམས་ཅད་སྟོང་པའི་མཚན་ཉིད་ཅན་གྱི་འོད་གསལ་འཆར། དེ་ལ་གོམས་པར་གྱུར་ན་གཉིད་ལོག་པ་དང་། སད་པ་ཁྱད་པར་མེད་པ་སྣང་པ་ཐམས་ཅད་འོད་གསལ་དུ་འཆར་བས་སྣང་སེམས་འདྲེས་པར་འགྱུར་རོ། །བཞི་པ་འོད་གསལ་ལ། གཞིའི་འོད་གསལ། ལམ་གྱི་འོད་གསལ། འབྲས་བུའི་འོད་གསལ་གསུམ་ལས། དང་པོ་གཞིའི་འོད་གསལ་ནི། འོད་གསལ་ངོས་འཛིན་མན་ངག་འདིར། །གཞི་ལམ་འབྲས་བུར་རང་ཤེས་བྱ། །ཞེས་པས། ཡུལ་དམིགས་པ་མེད་པའི་བདེ་བ་ཆེན་པོ། ཡུལ་ཅན་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སེམས་དངོས་པོའི་གནས་ལུགས་དེ་ལ་རང་བཞིན་གྱི་འོད་གསལ་ཞེས་བྱའོ། །གཉིས་པ་ལམ་གྱི་འོད་གསལ་ལ་ཉིན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ། བར་དོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་གསུམ་ལས། དང་པོ་ཉིན་མོ་ལམ་དང་རང་
― LT19_Page_042A ―
[མ་དཔེ་གཟིགས་ན་འདིར་གནོན།]
བཞིན་གཅིག་ཏུ་བསྲེ་བ་ནི། དེ་ཉིད་རིག་ལ་གང་གིས་གནས། །ཡེ་ཤེས་གསུམ་ནི་རྣམ་དག་དེས། །མངོན་པར་བྱང་ཆུབ་ཤེས་པར་འགྱུར། ཞེས་པ་ཆོས་ལྔ་སྟེ། སྔོན་དུ་གང་འགྲོ་ན་བླ་མ་འགྲོ། དཔེ་བུ་ཆུང་མའི་མངལ་ནས་སྐྱེས་མ་ཐག་པས་མཚོན། མཚམས་གང་གིས་སྦྱོར་ན་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། དེས་རྟོག་པ་སྔ་མ་འགགས་ཕྱི་མ་མ་སྐྱེས་པའི་བར་དུ་འཛིན། ལམ་དུ་ཏི་ལླི་པའི་ཆོས་དྲུག་གིས་སློད་སྟེ། དེ་ཡང་། མི་མནོ་མི་བསམ་མི་དཔྱད་ཅིང་། མི་བསྒོམ་མི་སེམས་རང་བབས་གཞག །དེ་ལྟར་བསྒོམས་པས་གང་སྣང་སྟོང་ཉིད་དུ་ཤར་བ་འོད་གསལ་ལྟ་བུ། རྟོག་པས་ཕྱིའི་སོ་མཚམས་སུ་སེམས་ཀྱི་གནས་ལུགས་སྒྲིབ་མེད་དུ་ཤར་བ་འོད་གསལ་མ། དེ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པའམ། ལམ་དང་རང་བཞིན་གཅིག་ཏུ་འདྲེས་པ་ཞེས་བྱའོ། །གཉིས་པ་མཚན་མོ་ལམ་དང་རང་བཞིན་གཅིག་ཏུ་བསྲེ་བ་ནི། སྙིང་གི་པདྨོ་ཁ་ཕྱེ་སྟེ། །འདབ་བཞི་དབུས་ཀྱི་ལྟེ་བ་ལ། །ཨ་ནུ་ཏ་ར་ཧཱུྃ་བསྒོམས་ནས། ཞེས་སམ། ཕུང་པོ་ལམ་དང་སྐྱེ་མཆེད་དབང་སོགས་ལ། ཤེས་པ་གཉིས་པོས་དེང་འདིར་རབ་བསྡུས་ནས། །སྟོང་ཆེན་གྱུར་པ་གང་ཞིག་གཉིད་ལོག་པ། །རླུང་གི་ཤུགས་ཀྱིས་རྨི་ལམ་མཐོང་བར་འགྱུར། ཞེས་པས། སྔོན་དུ་གཉིད་མཐུག་པོ་འགྲོ། དཔེ་རྒྱ་མཚོ་རླབས་ཀྱིས་མ་བསྐྱོད་པས་མཚོན། མཚམས་གཉིད་དུ་འགྲོ་བའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཉིན་པར་གྱི་རྟོག་པ་འགགས་རྨི་ལམ་གྱི་སྣང་བ་མ་བྱུང་བའི་བར་དུ་འཛིན། ལམ་དུ་བསམ་གཏན་གཉིད་དང་བསྲེ་བའི་གདམ་ངག་གིས་སློང་སྟེ། དེའང་བླ་མ་ལ་འོད་གསལ་ཟིན་པའི་གསོལ་བ་བཏབ། འདུན་པ་དྲག་པོ་གཏང་། ཉལ་དུས་གཞོགས་གཡས་འོག་ཏུ་ཕབ། སེང་གེའི་འདུག་སྟངས་བཞིན་ཉལ། ལུས་ལྷར་བསྒོམས་པའི་སྙིང་པདྨ་འདབ་མ་བཞིར་གྱེས་པའི་དབུས་སུ་
― LT19_Page_042B ―
[མ་དཔེ་གཟིགས་ན་འདིར་གནོན།]
ཧཱུྃ། མདུན་དུ་ཨ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་གསལ་བཏབ། གཉིད་དུ་ཐིམ་ཐིམ་འགྲོ་བའི་ཚེ་སྣང་གྲགས་ཐམས་ཅད་རང་ལ་ཐིམ། དེ་པདྨ་འདབ་བཞི་ལ། དེ་ནས་གཉིད་ཀྱིས་ཆེར་བཟི་པའི་ཚེ་མདུན་གྱི་ཨ་ལ་ཐིམ། དེ་གཡས་ཀྱི་ནུ། དེཏ། དེ་ར་ལ། དེ་ཧཱུྃ། ཧཱུྃ་གི་ཞབས་ཀྱུ་ཧ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ནཱ་ད། དེ་མི་དམིགས་པས་འོད་གསལ་ལ་གནས་པར་བསམས་ནས་ཉལ་བ་རྗེས་གཞིག་གི་རྣལ་འབྱོར། ཡང་ན་ཨ་ནུ་ཏ་ར་བཞི་ལམ་མེ་བའི་དབུས་ཀྱི་ཧཱུྃ་ཡིག་འབའ་ཞིག་ལ་སེམས་གཏད་པ་རིལ་འཛིན་ནོ། །དེ་ལྟར་གཉིད་མ་ལོག་པའི་གནས་སྐབས་སྣང་བ། གཉིད་ཀྱིས་བཟི་བ་མཆེད་པ། གཉིད་དུ་སོང་བ་ཐོབ་པ། དེ་ནས་གཉིད་འཐུག་པོའི་འོད་གསལ་འཆར་བ་འོད་གསལ་མ། ཐིམ་རིམ་ལ་དམིགས་རྟེན་བཅས་སེམས་མ་བཅོས་པར་གཞག་པས་ཐིམ་རིམ་སྟོང་པར་ཤར་བ་བུ་དཔེ་སྔར་འདྲིས་ཀྱི་མ་དང་འཕྲད་པ་བཞིན་གཞིའི་འོད་གསལ་ངོ་ཤེས་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱའོ། །གསུམ་པ་བར་དོར་བཤད། གསུམ་པ་འབྲས་བུའི་འོད་གསལ་ནི། འོད་གསལ་ལས་ཤེས་བཞིན་དུ་དག་པའི་སྒྱུ་ལུས་ཆུ་ལས་ཉ་ལྡང་བའམ། གཉིད་ལོག་པ་ལས་སད་པ་ལྟ་བུར་བཞེངས་པའི་རྡོ་རྗེ་འཛིན་པ་ནི་སྦྱོང་གཞི་སྦྱོང་བྱེད་ཡོད་པ་སློབ་པའི་ཟུང་འཇུག་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་གཉིས་ཡིན་ལ། གཟུགས་ཕྲ་རེག་ན་ཡང་བ་དང་། ཁྱབ་དང་ཡང་དག་ཐོབ་པ་དང་། རབ་ཏུ་སྣང་དང་བརྟན་པ་དང་། དབང་སྒྱུར་འདོད་དགུར་སྒྱུར་བ་སྟེ། །དབང་ཕྱུག་བརྒྱད་ཅེས་དེ་ལ་བཤད། ཅེས་སོ། སྦྱང་གཞི་སྦྱོང་བྱེད་ཟད་པ་ནི་མི་སློབ་པ་འབྲས་བུའི་རྡོ་རྗེ་འཆང་ཆེན་པོ་རྫོགས་པའི་སངས་རྒྱས་ཏེ། སྐུ་དང་གསུང་གི་དབང་ཕྱུག་དང་། །ཐུགས་དང་རྫུ་འཕྲུལ་ཀུན་འགྲོ་གནས། །ཅི་འདོད་སྐྱེད་དང་ཡོན་ཏན་བརྒྱན། །འདི་ནི་འབྲས་བུའི་དབང་ཕྱུག་བརྒྱད། ཅེས་སོ། །ལྔ་པ་བར་
― LT19_Page_043A ―
[མ་དཔེ་གཟིགས་ན་འདིར་གནོན།]
དོ་ལ། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར། གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར། གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་དང་གསུམ་ལས། བར་དོ་དང་པོ་འོད་གསལ་ཆོས་སྐུའི་ལམ་ཁྱེར་ནི། སྣང་བ་ཐིམ་དང་རགས་པ་ཐིམ། །རྟོག་པ་ཐིམ་དང་ཕྲ་བ་ཐིམ། །ཐིམ་པའི་རྗེས་སུ་གོམས་པ་དང་། །རང་བཞིན་གྱིས་ནི་འོད་གསལ་འཆར། །དེ་ཡི་རྗེས་ལ་ཟུང་འཇུག་གི །སྐུ་ནི་རྣམ་པ་གཉིས་འབྱུང་སྟེ། །སློབ་པ་དང་ནི་མི་སློབ་གཉིས། །མི་སློབ་པ་རུ་གྱུར་ཙ་ན། །འབྲས་བུ་ཐོབ་ཅེས་བསྟན་པ་ཡིན། །ཞེས་པ་སྔོན་དུ་འཆི་བ་འགྲོ། དཔེ་སྟོན་གནམ་དྲི་མ་མེད་པས་མཚོན། མཚམས་འཆི་ཀའི་སྣང་མཆེད་ཐོབ་གསུམ་གྱིས་སྦྱོར། ངོས་ཚེ་འདིའི་རྟོག་པ་འགགས་ཕྱི་མའི་རྟོག་པ་མ་ཤར་བར་དེར་འཛིན། ལམ་དུ་ལམ་དང་རང་བཞིན་གཅིག་ཏུ་བྱེད་པའི་གདམ་ངག་གིས་སློང་སྟེ། དེ་ཡང་། མིག་སོགས་དབང་པོ་ལྔའི་རླུང་ནང་དུ་ཐིམ་པས་གཟུགས་ཀྱི་སྣང་བ་ནུབ་པ། སྣང་བ་ཐིམ་པ། དེ་ནས་ས་ཆུ་ལ་ཐིམ། ལུས་ཀྱི་ཟུངས་ཤོར། ཆུ་མེ་ལ་ཐིམ། སྐོམ་ཞིང་ཁ་སྣ་བསྐམས། མེ་རླུང་ལ་ཐིམ། དྲོད་ཡལ། རླུང་རྣམ་ཤེས་ལ་ཐིམ། དེའི་ཚེ་སྡིག་ཅན་ལ་གནད་གཅོད་ཀྱི་སྡུག་བསྔལ་འབྱུང་། དགེ་བ་སྤྱོད་པ་ལ། ལྷ་དང་བླ་མ་ཌཱ་ཀིའི་བསུན་མ་འོང་། དེ་ནས་ཕྱི་དབུགས་ཆད་པ། རགས་པ་ཐིམ་པ། དེ་ནས་ནང་དབུགས་གནས་པའི་དང་པོར། རྟོག་པ་ཐིམ་པའི་རིམ་པ་ཕྱིའི་རྟགས་ཟླ་བ་ཤར་བ་ལྟ་བུ། ནང་རྟགས་དུ་བ། སྣང་བའི་སྐབས། དེ་མཆེད་པ་ལ་ཐིམ། ཞེ་སྡང་གི་རྟོག་པ་སོ་གསུམ་འགག །ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མེ་ཁྱེར། མཆེད་པའི་སྐབས། དེ་སྣང་བ་ཉེར་ཐོབ་ལ་ཐིམ། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཕྱི་རྟགས་ནག་ལམ་སྒྲ་གཅན་གྱི་སྣང་བ། ནང་རྟགས་བུམ་ནང་གི་མར་མེ་ལྟ་བུ།
― LT19_Page_043B ―
[མ་དཔེ་གཟིགས་ན་འདིར་གནོན།]
སྣང་བ་ཉེར་ཐོབ། །དེ་འོད་གསལ་ལ་ཐིམ། གཏི་མུག་གི་རྟོག་པ་བདུན་འགག །ཕྲ་བ་ཐིམ་པ། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྟོན་གནམ་དྲི་མ་མེད་པ་ལྟ་བུ། བཞི་པ་འོད་གསལ་གྱི་སྐབས། འཆི་སྲིད་ཀྱི་དངོས་གཞི། བར་དོ་མགོ་རྩོམ་པའི་ཐོག་མ་ཡིན་པས། གདམས་ངག་པ་རྣམས་ཀྱིས་བར་དོ་དང་པོ་ཞེས་བྱའོ། །ཉམས་ལེན་ནི། འཆི་ཀར་ཆགས་སྣང་གི་འཁྲི་བ་བཅད། ཐིམ་རིམ་གྱི་སྟེང་དུ་མ་བཅོས་པར་གློད་པས་ཐིམ་རིམ་ཤར་གྲོལ་དུ་སོང་བ་འོད་གསལ་བུ་དེའི་རྐྱེན་གྱིས་བཞི་པ་འོད་གསལ་ཤར་བ་མ། དེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུར་རིག་པ་འོད་གསལ་མ་བུ་འདྲེས་པ་ཞེས་བྱ་སྟེ། འོད་གསལ་དེ་ལ་ནམ་འདོད་དུ་གནས་ནས། དེ་ནས་ལུགས་བཟློག་གི་སྣང་བ་གསུམ་གྱིས་ཟུང་འཇུག་གི་སྐུར་ལངས་སྤྱི་བོ་ནས་འཕོ་བ་ནི། སྦྱངས་པ་ཅན་སངས་རྒྱས་ཀྱིས་དང་། སྦྱངས་པ་ཅུང་ཟད་མན་པས་བཅུ་ཅི་རིགས་པའི་རྡོ་རྗེ་འཛིན་པར་འགྱུར་རོ། །གཉིས་པ་ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་ནི། སྟོང་པ་ཆེན་པོ། དེ་ནས་འདོད་ཆགས་གྱི་རྟོག་པ་བཞི་བཅུ་ལངས། མཆེད་པ་ཤར། ཤིན་ཏུ་སྟོང་པ། དེ་ནས་ཞེ་སྡང་གི་རྟོག་པ་སོ་གསུམ་ལངས། སྣང་བ་ཤར། སྟོང་པ་ཞེས་བྱ། དེ་ནས་ཁྱབ་བྱེད་ཀྱི་རླུང་གིས་འདུ་བྱས་ཏེ་རྣམ་པར་ཤེས་པ་སྔར་གྱི་ཕུང་པོ་རྙིང་པའི་སྒོ་དགུ་གང་རུང་གི་ལམ་ལས་འཕོས་ནས་བར་དོའི་སྲིད་པར་གྲུབ་བོ། །དེ་ཡང་གང་དུ་སྐྱེ་འགྱུར་གྱི་སྲིད་པ་དེའི་ཤ་ཚུགས་ཀྱི་ཡིད་ལུས་དབང་པོ་ཀུན་ཚང་བ། མའི་མངལ་མ་གཏོགས་གང་ལའང་མི་ཐོགས་པ། བསམ་པ་ཙམ་གྱིས་སྟོང་གསུམ་བགྲོད་པའི་ལས་ཀྱི་རྫུ་འཕྲུལ་ཅན། བར་དོ་ནང་རིགས་མཐུན་པས་མཐོང་། ལྷའི་མིག་གིས་མཐོང་། ཟས་སུ་དྲི་ཟབ། ཉི་ཟླ་མི་སྣང་བས། སྣང་བའང་མིན། མུན་པའང་མ་ཡིན་པས། སྣང་མུན་འོད་ཀྱི་
― LT19_Page_044A ―
[མ་དཔེ་གཟིགས་ན་འདིར་གནོན།]
བར་དོ། དེ་ཡང་ཕྱེད་དང་བཞིའི་ཞག་ཚུན་བརྒྱལ་ཐབས་སུ་གནས། དེ་ནས་ཤི་བར་ངོ་ཤེས་པས་ཤིན་ཏུ་མྱ་ངན་ཆེ་བ་ཞིག་འབྱུང་། དེའི་དུས་བར་དོ་ལ་བར་དོར་ངོ་ཤེས་པ་ཡོད། དེའི་སྔོན་ལ་བརྒྱལ། ཕྱི་ནས་འཁྲུལ་སྣང་ཤས་ཆེ་བའི་ཕྱིར། དུས་དེ་ཁོ་ནར་བར་དོའ་གདམས་ངག་དྲན་དགོས་པས་དུས་ཀྱིས་ཞེས་བྱའོ། །ལམ་ཁྱེར་ནི། དེ་ལ་སྲིད་པའི་བར་མ་དོར། །སྒྱུ་ལུས་ཟུང་འཇུག་སྐུར་གྱུར་ཏེ། །ལོངས་སྤྱོད་རྫོགས་པའི་སྐུ་འཐོབ་བོ། །ཞེས་པས། ཤི་བར་ངོ་ཤེས་པ་དང་། རང་ལུས་ལྷར་བསྒོམ། དེ་ནས་རྗེས་གཞིག་གམ། རིལ་འཛིན་དྲན་པས་འོད་གསལ་དུ་ཆུག །དེ་ནས་ལུགས་བཟློག་གི་སྣང་བ་གསུམ་རྒྱུར་བྱས་པའི་འབྲས་བུ་ཟུང་འཇུག་རྡོ་རྗེ་འཆང་དུ་བཞེངས་པའི་སངས་རྒྱས་ཡིན་ནོ། །གསུམ་པ་སྐྱེ་བ་འཛིན་པ་སྤྲུལ་སྐུའི་ལམ་ཁྱེར་ནི། བར་དོ་གཉིས་པར་ལམ་མཆོད་ན་འཇིགས་པའི་སྒྲ་བཞི་ཞེས་པ་ས་རླུང་ལས་རི་ཉིལ་བ་ལྟ་བུའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་རླབས་འཆོས་པའི་སྒྲ། མེ་རླུང་ལས་ནགས་ལ་མེ་མཆེད་པའི་སྒྲ། རླུང་གི་རླུང་ལས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུའི་སྒྲ་འབྱུང་། དེ་ལ་ཞེད་ནས་བྲོས་པས་གང་དུ་ཚུད་པ་དེ་མངལ་ཡིན། ཉམ་ང་བའི་གཡང་ས་གསུམ་ནི། དཀར་དམར་ནག་པོའི་གཅོང་གཡང་དེ་གང་རུང་ལ་ལྷུང་བ་དེ་མངལ། རྣམ་བྱང་གི་ལམ་དཀར་པོ་ལ་སོགས་པ་འོད་ལྔའི་ལམ། དེར་ཕྱིན་པས་མངལ་དུ་ཆུད། གཞན་ཡང་ཐིག་ལེ་ཐིག་ཕྲན་འཆར་བ་ཆར་དྲག་པོས་འདེད་པ། ཁྲོ་བོ་ཁྲོ་མོས་འཇིགས་སྔངས་སྟོན་པ་ལ་སོགས་པ་འབྱུང་། སྲོག་གཅོད་པའི་གཤེད་མས་ཁྲིད་པ་དང་། ལྕགས་ཁང་དུ་ཚུད་པ་དམྱལ་བ། སྡོང་དུམ་དང་ས་སྐྱིབས་སུ་ཡིབས་པ་ཡི་དྭགས་དང་དུད་འགྲོ། ངང་པས་བརྒྱད་པའི་མཚོར་བྱིང་བ་ཤར་གླིང་། བ་གླང་གིས་བརྒྱན་པ་ནུབ་གླིང་། རྟས་བརྒྱན་པ་བྱང་གླིང་དུ་སྐྱེ། ཁང་
― LT19_Page_044B ―
[མ་དཔེ་གཟིགས་ན་འདིར་གནོན།]
བཟང་ཕ་མའི་འདུ་འཕྲོད་མཐོང་བ་ལྷོ་འཛམ་བུ་གླིང་། ལྷའི་གཞལ་མེད་ཁང་མཐོང་ནས་ནང་དུ་ཚུད་པ་ལྟར་སྐྱེ་བའི་མཚན་མ། འཁྲུལ་པའི་སྣང་བ་ཤས་ཆེ་བས་མངལ་འཚོལ་བས། དྲི་ཟ་མངལ་གྱི་སྐྱེ་གནས་འཚོལ་བའི་དུས་ཞེས་བྱའོ། །ཉམས་ལེན། ཆགས་སྡང་སྣང་བ་ཀུན་སྤངས་ལ། །དྲན་པའི་སྤྱན་པས་མཚམས་སྦྱར་ཏེ། །མངལ་སྒོ་འདམ་པའི་སྦྱོར་བ་བྱ། །མངོན་དགའི་འཕོ་བ་བྱས་པ་ཡིས། །གང་འདོད་གནས་སུ་སྐྱེ་བར་འགྱུར། ཞེས་པ། འཇིགས་སྐྲག་སོགས་སྣང་བ་ཐམས་ཅད་སྒྱུ་མར་དྲན་ན་མངལ་ངན་པ་འགག །སྟོང་པ་དང་། བླ་མ་ཡི་དམ་དུ་དྲན་ན་མངལ་ངན་པ་འགག །དེ་ནས་མངལ་བཟང་པོ་རིགས་ཆེ་ཞིང་མཐོ་བ་འབྱོར་པ་དང་ལྡན་པ། ཆོས་སྤྱོད་པའི་སྐལ་པ་ཡོད་པར་བསམས་བཞིན་དུ་ལུས་ལེན་པ་སྐྱེ་བ་སྤྲུལ་པའི་སྐུ་ཞེས་བྱ་ལ། སྦྱངས་པ་ཆེ་བས། འོད་གསལ་མངོན་དུ་མ་བྱས་ཀྱང་། དག་པའི་ཞིང་བདེ་བ་ཅན་མངོན་དགའ་ལ་སོགས་པར་སྐྱེས་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་རོ། །དྲུག་པ་འཕོ་བ་ལ། རབ་ཆོས་སྐུར་འཕོ་བ། འབྲིང་ལོངས་སྐུ། ཐ་མ་སྐྱེ་བ་འཛིན་པ་གསུམ་མོ། དང་པོ་རབ་ཆོས་སྐུར་འཕོ་བ་ནི། བར་དོ་དང་པོ་ལ་འོད་གསལ་མངོན་དུ་བྱས་པ་དེའོ། །གཉིས་པ་འབྲིང་ལོངས་སྐུར་འཕོ་བ་ནི། བར་དོར་ཟུང་འཇུག་གི་སྐུར་བཞེངས་པའོ། །གསུམ་པ་ཐ་མ་སྐྱེ་བ་འཛིན་པ་ལ་བྱའོ། །དེ་གསུམ་ཀ་འབྲས་བུར་བཞག་པས། ལམ་ཁྱེར་གྱི་གདམས་ངག་བསྒོམ་བྱ་ལ་ཁྱད་ཞུགས་བ་མ་ཡིན་པས། འདིར་རྣམ་ཤེས་བླ་མའི་འཕོ་བ་ཞེས་བྱ་བ་སྟོན་ཏེ། བུམ་པ་སྔོན་དུ་བརྩམས་ནས་ནི། ཉི་ཤུ་རྩ་གཅིག་དབུགས་དག་གིས། །གནས་ནས་དྲག་ཏུ་དྲངས་ནས་སུ། །གཞུང་ཚིགས་ནང་ཡར་པདྨ་ཡི། །འཁོར་ལོ་ཉི་ཤུ་རྩ་གཅིག་བསམ། །ཚིགས་གཅིག་ནས་ནི་ཚིགས་གཅིག་གོ །ཡར་ལྡོག་མར་ལྡོག་ས་བོན་གྱི། །སྦྱོང་བ་
― LT19_Page_045A ―
[མ་དཔེ་གཟིགས་ན་འདིར་གནོན།]
ཡི་གེ་ཕྱེད་དང་གཉིས། །ང་རོ་དྲག་ཏུ་བརྗོད་པ་ཡིས། །ཤེས་པ་བདེ་བ་ཅན་དུ་གཏད། །དུས་ལ་བབ་ན་འཕོ་བྱ་སྟེ། ཞེས་པས། སྦྱང་བ་དང་ལས་ལ་སྦྱར་བ་གཉིས། དང་པོ་སྦྱང་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད། རང་རྗེ་བཙུན་མ་སྟོང་རར་བསྒོམ། ལས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཁང་སྟོང་གི་ཀ་བ་ལྟ་བུའོ་གཟུམ་པ། སྟེང་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུར་བསམ་པའི་གཙུག་ཏུ། བླ་མ་རྡོ་རྗེ་འཆང་སྟོང་རའི་སྐུའི་ནང་དུ་ཡེ་ཤེས་ཀྱི་རྩ་དབུ་མ་དང་། རང་གི་གཉིས་ཁ་སྦྱར་དུ་བསམ། བླ་མའི་ཐུགས་ཀར་ཧཱུྃ་ཡིག་སྔོན་པོ་དང་། རང་གི་སྙིང་གར་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་ཡིག་སྤུས་བྲིས་པ་ལྟ་བུར་བསམ། རླུང་བུམ་པ་ཅན་བསྒོམ། བླ་མའི་ཐུགས་ཀའི་ཧཱུྃ་ཡིག་གི་ཞབས་ཀྱུ་ནར་གྱིས་བརྐྱང་། སྙིང་གའི་རྣམ་ཤེས་ཀྱི་ངོ་བོ་ལ་འཁྲིལ་ནས་གྱེན་དུ་དྲངས་པར་བསམ། རླུང་ཕྱིར་འབུད་པ་དང་ཧིག་གི་སྒྲས་དབུགས་ཐེངས་གཅིག་ལ་ཉེར་གཅིག་སྡངས་སྟབས་སུ་བྱའོ། །དེས་ཧཱུྃ་སྤྱི་བོར་སླེབ་པར་བསམ། ཀས་འཐུར་དུ་ཕབ། རྟགས་མ་བྱུང་བར་དུ་སྦྱང་། གཉིས་པ་ལས་ལ་སྦྱར་བའི་ཚེ། བླ་མའི་ཐུགས་ཀར་ཐིམ། བླ་མ་འོག་མིན་དུ་གཤེགས་བསམ་དུ་མེད་པའི་ངང་ལ་གཞག་གོ །པུ་རི་བྱང་ཆུབ་སྙིང་པོའི་སྤོར། །མངའ་རིས་གངས་དཀར་གྱི་ལྷ་བཙུན་ཆེན་པོ། གཞན་ཕན་བཟང་པོས་བསྐུལ་ནས། དགེ་སློང་མཁས་པ་པདྨ་དཀར་པོས་སྦྱར་བའོ།། །།།
|