གདམས་ངག་མཛོད་པོད་དང་པོ།
ན་རག་དོང་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད།
ན་རག་དོང་སྤྲུགས་ཀྱི་ཁྲིད་ཡིག་ཟབ་ལམ་སྣང་བྱེད་ཅེས་བྱ་བ་བཞུགས་སོ། །
ༀ་སྭ་སྟི། རྣམ་འགྱུར་ཆོས་ཀུན་ལྷག་པའི་བདེན་པ་གཉིས། །དབྱེར་མེད་ཆོས་སྐུ་ཆེན་པོར་བྱང་ཆུབ་པ། །བླ་མ་རྡོ་རྗེ་སེམས་དཔའི་ཞབས་བཏུད་ནས། །དོང་སྤྲུགས་ཁྲིད་ཡིག་ཟབ་ལམ་སྣང་བྱེད་བརྩམ། འདིར་བསྐྱེད་རྫོགས་གསུམ་གྱི་སྒོར་ཞུགས་བའི་རྣལ་འབྱོར་པ་རྣམས་ཀྱི་སྤྱི་ཁྲུས་ན་རག་དོང་སྤྲུགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་རིམ་པ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་འགལ་རྐྱེན་གྱི་སྤྲོས་པ་བཅད་པ་དང་། མཐུན་རྐྱེན་གྱི་ཡན་ལག་མངོན་དུ་བྱ་བ་གཉིས་ཀྱི། དང་པོ་ནི། འཁོར་བའི་བྱ་བ་ངན་པ་ལ་ཞེན་པའི་གཉེན་པོར་དལ་འབྱོར་རྙེད་དཀའ་བསམ་པ་དང་། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པ་དང་། ལེ་ལོ་སྙོམ་ལས་ཀྱི་གཉེན་པོར་འཆི་བ་མི་རྟག་པ་བསམ་པ་དང་། སྲིད་པའི་བདེ་བ་ལ་ཆགས་ཤིང་ཞེན་པའི་གཉེན་པོར་འཁོར་བའི་སྡུག་བསྔལ་བཟོད་བླག་མེད་པར་བསམ་པའི་སྐྱོ་ཤས་ཀྱིས་ཡིད་བསྐུལ་ཏེ་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པར་བསྐྱེད་པར་བྱའོ། །གཉིས་པ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །དང་པོ་ལའང་སྐྱབས་འགྲོ་དང་སེམས་བསྐྱེད་
གཉིས་ལས། དང་པོ་ནི། གནས་ཁང་དག་པའི་ཞིང་དུ་མོས་ཏེ། མདུན་གྱི་ནམ་མཁར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པ་ཅན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམས་ལ། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ནས་སྐྱབས་ཞུན་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ་པས། ན་མོ་བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། །བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་རྣམ་རྟོག་གཞན་གྱི་སེལ་མ་ཞུགས་པར་མང་དུ་བཟླ། བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམས་ཏེ་འཁོར་གསུམ་མི་དམིགས་པའི་ངང་ནས་བླ་མའི་རྡོ་རྗེ་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །གཉིས་པ་སེམས་བསྐྱེད་ལའང་ཀུན་རྫོབ་དང་དོན་དམ་གཉིས་ལས། དང་པོ་ནི། རང་བཞིན་སེམས་ཅན་ཐམས་ཅད་གདོད་མ་ནས་རང་བཞིན་རྣམ་དག་གི་སངས་རྒྱས་ཡིན་ཀྱང་། དེ་ལྟར་
མ་རྟོགས་པའི་དབང་གིས་འཁོར་བར་སྡུག་བསྔལ་བ་རྣམས་ཚུགས་ཐབས་མེད་པའི་སྙིང་རྗེ་ཆེན་པོས། དེ་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་བསྒོམ་པར་བྱའོ་སྙམ་པས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་བཟླ་ཞིང་དོན་བསམས་ལ། གཉིས་པ་སེམས་བསྐྱེད་པ་ནི། དེ་ལྟར་སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་ཅུང་ཟད་འཕྲོ་ན། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །དེ་བཞིན་དུ་འགག་པ་དང་། གནས་པ་དང་། དམིགས་པ་དང་། འགྲོ་འོང་རྣམས་བཅུག་སྟེ། ཚིག་དང་མཐུན་པར་དོན་བསམ་ཞིང་སླར་ཡང་མཉམ་པར་འཇོག་གོ །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། མཆོད་པ་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་སྟོབས་སུ་བྱ་བ་དང་། དབང་གི་ཡེ་ཤེས་གསལ་བཏབ་པ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་གཉིས་ཀྱི། དང་པོ་ནི། རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་རེག་པས་སྣོད་བཅུད་ཐམས་ཅད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར་གྱུར། རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་རྩ་བའི་བླ་མ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་གྱི་བླ་མ་དཀོན་མཆོག་གསུམ་ཡི་
དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་བླ་མ་ལ་བསྟིམ། དེ་ལ་ཕྱི་མཆོད་ཀུན་བཟང་། ཞབས་བསིལ། བཞི་བསྣོལ་རྣམས་དབུལ། ནང་མཆོད་ནི། བདུད་རྩི་བྱིན་གྱིས་བརླབས་ཏེ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་མཐེབ་སྲིན་གྱིས་ཕུལ་བས་བདུད་རྩི་རོ་བརྒྱ་དང་ལྡན་པའི་རྒྱུན་བླ་མ་ཡབ་ཡུམ་གྱི་ཞལ་དུ་གསོལ་བར་བསམ། གསང་མཆོད་ནི། རང་གི་ཐུགས་ཀ་ནས་རིག་མ་མཚན་ཉིད་དང་ལྡན་པ་སྤྲོས་ཏེ། བླ་མའི་ཡུམ་ལ་ཐིམ་ནས་སྙོམས་འཇུག་མཛད་པའི་བདེ་བའི་ཉམས་བསྐྱངས་ཏེ་མཉམ་པར་གཞག །དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། རང་ཉིད་ཀྱང་བླ་མའི་ཡུམ་ལ་ཐིམ་ནས་སྙོམས་པར་ཞུགས་ཏེ་བདེ་བའི་ཉམས་སྐྱེས་པ་དེ་ཁའི་ངང་ལ་ཁྲུག་ཆིལ་གྱིས་གྱུར་པར་བ་ལྟའོ། །གཉིས་པ་ཡེ་ཤེས་ཀྱི་ཚོགས་སྟོབས་སུ་བྱ་བ་ནི། བླ་མའི་ཐུགས་ཀ་ནས་རང་ཉིད་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ངོ་བོ་རྡོ་རྗེ་སེམས་དཔའ་ལ་རྣམ་པ་ཐ་མལ་པའི་ཚུལ་དུ་འཐོན་པར་བསམས་ལ། བཛྲ་ས་མཱ་ཛཿས་མདུན་གྱི་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་རང་གི་སྤྱི་བོར་སྤྱན་དྲངས་ལ། ས་མ་ཡ་སྟྭཾ། ས་མ་ཡ་ཧོཿ ཨ་ནུ་ར་ག་ཡཱ་མི། ཨ་ནུ་ར་གོ྅ཧཾ། ཞེས་བརྡ་བཞིས་བསྐུལ་བས་ཡབ་ཡུམ་སྦྱོར་བ་མཛད། སྥ་ར་ཎ་ཕཊ་ཅེས་སྦྱོར་མཚམས་ནས་འོད་ཟེར་སྤྲོས། སེམས་ཅན་ཐམས་ཅད་ཀྱི་མ་དག་པའི་རྒྱུད་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་ཏེ། སཾ་ཧ་ར་ཎ་ཧཱུྃ་ཞེས་པས་ཐབས་ཀྱི་ཆ་ཐམས་ཅད་ཡབ་དང་། ཤེས་རབ་ཀྱི་ཆ་ཐམས་ཅད་ཡུམ་ལ་བསྡུས་ནས། བླ་མ་ཡབ་ཡུམ་སངས་རྒྱས་ཀུན་གྱི་ངོ་བོར་མོས་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱིས་གསོལ་བ་གདབ་པ་ནི། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། །བླ་མ་སྤྲུལ་པའི་སྐུ་
ལ་གསོལ་བ་འདེབས། །རྒྱལ་བ་དགོངས་བརྒྱུད་བླ་མ་ལ་གསོལ་བ་འདེབས། །རིག་འཛིན་བརྡ་བརྒྱུད་བླ་མ་ལ་གསོལ་བ་འདེབས། །གང་ཟག་སྙན་བརྒྱུད་བླ་མ་ལ་གསོལ་བ་འདེབས། །དབྱེར་མེད་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས། འགལ་རྐྱེན་སྤྲོས་པ་ཆོད་པར་བྱིན་གྱིས་རློབས། །མཐུན་རྐྱེན་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །སེམས་ལྔ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །དབང་བཞི་ཉམས་སུ་ལོངས་པར་བྱིན་གྱིས་རློབས། །ཏིང་འཛིན་རྣམ་གསུམ་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས། །ཅིར་སྣང་ལྷ་སྐུའི་འཁོར་ལོར་འཆར་བར་བྱིན་གྱིས་རློབས། །གྲགས་པ་བརྗོད་བྲལ་སྔགས་སྒྲར་འཆར་བར་བྱིན་གྱིས་རློབས། །འགྱུ་བ་རང་རིག་བདེ་བ་ཆེན་པོར་འཆར་བར་བྱིན་གྱིས་རློབས། །ཉམས་ཆགས་རྟོག་སྒྲིབ་དབྱིངས་སུ་དག་པར་བྱིན་གྱིས་རློབས། །སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པར་བྱིན་གྱིས་རློབས། །ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཅི་མང་བཏབ་པས་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །བུམ་གསང་ཤེས་རབ་གསུམ་ཐོབ་ནས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག །གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པས་ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ལ་དབང་འབྱོར་བར་བསམས་ལ་དར་ཅིག་གློད་དེ་མཉམ་པར་གཞག་གོ །གཉིས་པ་དངོས་གཞི་ལ་
བཞི་ལས། རྡོ་རྗེ་སེམས་དཔའ་བུམ་པའི་དབང་གི་ཉམས་ལེན་སྒོམ་བཟླས་ལ་བརྟེན་ནས་ཉམས་ཆག་དང་རྟོག་སྒྲིབ་སྦྱོང་བའི་མན་ངག །མཁའ་འགྲོ་མ་གཏོར་མའི་དབང་གི་ཉམས་ལེན་གཏན་པ་མེད་པའི་མཆོད་སྦྱིན་ཆེན་པོ་ལ་བརྟེན་ནས་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་དང་གཉིས་སུ་མེད་པར་བྱ་བའི་མན་ངག །རིག་པའི་རྩལ་དབང་གི་ཉམས་ལེན་ལྷག་པའི་ཡེ་ཤེས་ངོས་བཟུང་བའི་མན་ངག །དམ་པ་རིགས་བརྒྱ་ཕྱག་རྒྱའི་དབང་གི་ཉམས་ལེན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་དག་པའི་སྣང་བ་རབ་འབྱམས་སུ་བསྟན་པའི་མན་ངག་གོ །དང་པོ་ནི། ཤཱུ་ནྱ་ཏཱའི་སྔགས་ཀྱིས། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་ངང་ལ་དར་ཅིག་མཉམ་པར་འཇོག་པ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་ཡིན་ལ། དེ་ལྟར་མ་རྟོགས་པའི་སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་ནི་རྒྱུ་ཡི་ཏིང་ངེ་འཛིན་ཏེ། ཐོག་མར་དེ་གསུམ་ལ་ཉམས་ལྔའི་རིམ་པ་དང་སྦྱར་ནས་བསྒོམ། དེ་ནས་རང་གི་སེམས་ཉིད་ལས་ཧཱུྃ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་
དཀར་པོ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ་དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟེན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྃ་གཅིག་ཆད། འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། ཞི་བའི་ཉམས་དགུས་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྃ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུ་
དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་ཁྲུག་གིས་བསྲེ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད་པའི་དགྱེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུ་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས་སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ་སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱི་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པར་བྱས་ཏེ་རང་ལ་དབྱེར་མེད་དུ་ཁྲུག་གིས་འདྲེས་པར་བསམ་པ་ཡང་ནས་ཡང་དུ་བཟླ་བ་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བའོ། །དེ་ནས་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཞག །མི་གསལ་ན་འཕྲོ་བཅད་ལ་ཝལ་
གྱིས་གསོལ་འདེབས། གསལ་ན་དེ་ཀའི་རྒྱུན་ལ་ཡུད་ཙམ་སེམས་བཞག་སྟེ་འཕྲོ་བཅད། ཡང་བསྒོམ་པ་སོགས་ཡང་ཡང་གསལ་བཏབ་ལ་སེམས་གཟུང་། ལྷ་སྐུའི་རྣམ་པ་སྤྱི་དང་བྱེ་བྲག་སོ་སོར་སྦྱངས་བས་གསལ་སྣང་ཐོབ་མཚམས་ནས་ལྷ་སྐུ་དྭངས་གསལ་རྙོག་པ་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ཤར་བ་ལྟ་བུ་ལ་རྩེ་གཅིག་ཏུ་མཉམ་པར་འཇོག །རེས་ཞུ་བདེ་དྲངས་ནས་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་ཏེ་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་ཅིང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་བར་བྱ་སྟེ། ཉམས་ལྔ་ཅི་རིགས་མ་སྐྱེས་ཀྱི་བར་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །གལ་ཏེ་སྒོམ་པས་སྐྱོ་ན་ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་སྐོར་དུ་འཁོར་བ་ལ་སེམས་བཟུང་ཏེ་བཟླས་པས། སྔགས་ཕྲེང་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་ར་ཀ་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་སངས་རྒྱས་གྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སྦྱངས་ཏེ། ཡིག་བརྒྱ་ཉེར་གཅིག་ལས་མི་ཉུང་བ་བཟླའོ། ཐུན་བསྡུ་བ་ན་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་སྤྱི་བོའི་རིགས་བདག་ལ་ཐིམ།
རིགས་བདག་ཀྱང་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གི་ཨཱུ་ཧ་ལ། ཧ་མགོ་ལ། མགོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ནཱ་ད་ལ། དེ་ཡང་མི་དམིགས་པར་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་གློད་དེ་མཉམ་པར་གཞག་གོ ཐུན་ལས་ལྡང་བ་ན་རྡོ་རྗེ་སེམས་དཔའ་སྣང་སྟོང་རྒྱུ་མ་ལྟ་བུའི་སྐུར་ལངས་ཏེ། སྣང་གྲགས་འགྱུ་གསུམ་ལ་ལྷ་སྔགས་འོད་གསལ་གྱི་འཁོར་ལོའི་རྒྱས་བཏབས་ཏེ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པས་སྤྱད་པར་བྱའོ། །གཉིས་པ་ནི། རྣམ་པར་མི་རྟོག་པ་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད། དེའི་ངང་ལས་སྣོད་ཀྱི་འཇིག་རྟེན་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་དང་མཉམ་པ། དེའི་ནང་དུ་རྒྱ་ཚད་མེད་པའི་ཟླ་བའི་དཀྱིལ་འཁོར་སྐྱ་ཆི་ལེ་བ། དེའི་སྟེང་དུ་བཅུད་རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་གི་རྫས་ཤ་ལྔ་བདུད་རྩི་ལྔའི་ངོ་བོར་ཕུང་གིས་སོང་བ་ལས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་དང་ངོ་མཉམ་པའི་བདུད་རྩིའི་དྭངས་མ་ཆུ་བོའི་རྒྱུན་བཞིན་དུ་བབས་པ་རོ་གཅིག་ཏུ་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་མེར་གྱིས་སོང་བར་བསམ། དེ་ནས་མཁའ་ཁྱབ་ཀྱི་འཁོར་ལོར་བཞུགས་པའི་མཆོད་ཡུལ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་དག་པའི་སྣང་བ་འབའ་ཞིག་ཏུ་སད་པས་འཁོར་འདས་ཐམས་ཅད་མཆོད་
ཡུལ་དུ་དག་པའི་སྐུ་གསུང་ཐུགས་ཀྱི་གསང་བར་རང་བཞིན་དབྱིངས་ཀྱི་མཁའ་འགྲོ་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་རང་གི་ལུས་ངག་ཡིད་གསུམ་རོ་གཅིག་པ་བདེ་བ་ཆེན་པོར་འབར་བ་ལ་སེམས་མཉམ་པར་གཞག་སྟེ། ངག་ཏུ་རྩ་བརྒྱུད་ཀྱི་བླ་མ་དམ་པ་ཡི་དམ་ཞི་ཁྲོ་རབ་འབྱམས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་། རིགས་དྲུག་གི་སེམས་ཅན་ལྷའི་འཁོར་ལོར་དག་པ་དང་བཅས་པ་ཐམས་ཅད་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བསྔོས་ལ་ལུས་ངག་ཡིད་གསུམ་གྱི་ཉམས་བྱུང་རྒྱལ་དུ་བསྐྱང་བར་བྱ་སྟེ། སྲིད་ཞི་རོ་མཉམ་པའི་སྦྱོར་བའོ། །གསུམ་པ་ནི། སྟན་བདེ་བ་ལ་ལུས་གན་རྐང་པ་སྐྱིལ་ཀྲུང་། ལག་མཉམ་གཞག །སྒལ་ཚིག་བསྲང་མགྲིན་པ་ཅུང་ཟད་དགུག་ལྕེ་ཡ་སྐན་ལ་སྦྱར། སོ་མཆུ་ལ་བར་ཡོད་པར་བྱ། མིག་རྫི་མ་འཐབ་རྡེག་དང་མིག་འབྲས་མི་འགུལ་བར་ཆེ་རེ་བལྟའོ། །ངག་གནད་རླུང་རང་བབས་སུ་གཞག །སེམས་གནད་རང་གི་སྙིང་གར་ཟླ་བ་ལ་ཀུན་ཏུ་བཟང་མོ་མཐིང་ག་རྡོར་སྐྱིལ་མཉམ་གཞག་གི་ཕྱག་རྒྱ་ཅན། སྐུ་དྭངས་ཤིང་སྒྲིབ་པ་མེད་པ་འོད་ཀྱི་རང་བཞིན་ཅན་གཅིག་གསལ་བཏབ་པ་ལ་ཆེད་འཛིན་མེད་པར་ཡིད་གཏད་དེ། མ་སྒྲིམ། མ་གློད། དུས་གསུམ་གྱི་རྟོག་པ་གང་ཡང་ཡིད་ལ་མི་བྱེད་པར་རང་བབས་སུ་འཇོག་ཅིང་། དེ་ཁའི་རང་ངོ་ལ་ཆེ་རེ་བལྟ། དེ་ལྟར་བལྟས་པས་གང་དུའང་ངོས་བཟུང་མེད་ཅིང་བློའི་ཡུལ་ལས་འདས་པའི་གསལ་རིག་རྗེན་པ་སྤྲོས་པ་དང་བྲལ་བ་ཞིག་འཆར་བས། དེ་ཀ་ཡེ་ཤེས་ལྔའི་རང་བཞིན་ཀུན་ཏུ་བཟང་པོའི་ཐུགས་ཏེ། དེ་གའི་རང་ལ་རྩོལ་བྲལ་བསལ་བཞག་མེད་པར་
བསྐྱང་བར་བྱ་སྟེ། །ནམ་མཁའ་ཆེ་ལས་སྔར་རྗེས་མི་བཅད་ཞེན་པའི་འདུ་ཤེས་དོར། །ཕྱིས་སྔུན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་ལ་བཞག །ཅེས་དང་དབང་ཚིག་ལས། །རིག་པ་སེམས་ཀྱི་ངོ་བོ་ཉིད། །སྤྲོས་མེད་རྣམ་དག་ཡེ་ཤེས་ཡིན། །ཀུན་གཞི་ཡེ་ནས་མ་བཅོས་པ། །བདེ་ཆེན་རང་ཤར་ཀློད་དེ་ཞོག་ཅེས་གསུངས་པས་སོ། །གཞན་ཡང་དེའི་ཚེ་སེམས་ཀྱི་གཤིས་སྣང་རིག་ངོས་བཟུང་བྲལ་བ་ལ། རང་གདངས་བདེ་ཆེན་དུ་མ་འགགས་ཤིང་། རྩལ་ཅིར་ཡང་འཆར་བ། བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་ཡུལ་མེད་རང་གསལ་དུ་ཕྱམ་བརྡལ་བ་སྟེ། དེ་ལས་སྣང་སྟོང་དབྱེར་མེད་ཆོས་སྐུ་ལས། །རིག་སྟོང་བདེ་བ་ཆེན་པོར་ཤར། །ཟུང་འཇུག་སྤྲོས་དང་བྲལ་བ་དེ། །ཀུན་ཏུ་བཟང་པོའི་ངོ་བོའོ། །ཞེས་གསུངས། དེ་ཀ་ལ་གནས་ན་ལེགས། གལ་ཏེ་རྣམ་རྟོག་འཕྲོ་ན་གང་ཤར་དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། སྐྱེས་ཟིན་སྐྱེ་འགྱུར་སྐྱེ་བཞིན་པའི་རྟོག་པ་ཐམས་ཅད་ཝལ་ཁྱུག་གིས་སོངས་ནས། རང་ཤར་རང་གྲོལ་གྱི་ཡེ་ཤེས་གསལ་ལ་མི་རྟོག་པར་རྗེན་ལྷག་གིས་འཆར་ཏེ། དེ་གའི་ངང་ལ་ཆེད་འཛིན་མེད་པར་ཤེགས་སེ་རང་ལུགས་སུ་བསྐྱང་བར་བྱའོ། །དེ་ལྟར་མཉམ་རྗེས་ཐམས་ཅད་ལ་དྲན་པ་བདག་པོར་གྱུར་པའི་སྒོ་ནས་སྐད་ཅིག་ཀྱང་ཡེངས་པ་མེད་པར་བྱར་མེད་བློ་འདས་གཉུག་མའི་ཡེ་ཤེས་ཀྱི་ངང་ལ་གནས་ཤེས་པའི་ཐག་ཆོད་སྐྱེ་ཞིང་། དགེ་སྦྱོར་རྐྱེན་ཐུབ་སྐྱོང་བདེ་མོར་འགྲོ་བ་ལ་ཚེགས་མེད་དོ། །བཞི་པ་ནི། འདི་ལྟར་སྣང་བ་སྣ་ཚོགས་སུ་སྣང་བ་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་
བཅུད་སེམས་ཅན་ཐམས་ཅད་ཀྱི་རང་བཞིན་ནམ་གཤིས་ཚུལ་ཡེ་གདོད་མ་ནས་རྣམ་པར་དག་པ་ཡིན་ཀྱང་། དེ་ལྟར་མ་རྟོགས་ཏེ་ལས་ཀྱི་བགོ་སྐལ་ལ་སྤྱོད་པ་འདི་དག་ལ་བཅོས་མིན་གྱི་སྙིང་རྗེ་ཆེན་པོ་བསྐྱེད། དོན་དམ་པར་འཁོར་འདས་རྒྱུད་ཚུལ་གཅིག་ཏུ་ཤེས་པས་སྣོད་བཅུད་དག་སྣང་གི་འཁོར་ལོ་སངས་རྒྱས་ཐམས་ཅད་དང་རོ་གཅིག་ཏུ་བལྟ། དེ་ཐམས་ཅད་རང་གི་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་རང་བཞིན་ནི་གཅིག་ཏུ་ཤེས་པས་ཆོས་ཐམས་ཅད་ཞི་ཁྲོ་རིགས་བརྒྱའི་འཁོར་ལོར་དག་ཅིང་། དེ་ཡང་གསང་ཆེན་རིག་གཅིག་ཏུ་རྣམ་པར་དག་པ་ལས། བཟླས་བརྗོད་ཏིང་ངེ་འཛིན་སོགས་ཅི་བྱེད་ཐམས་ཅད་ཀྱང་འཁོར་འདས་རྒྱ་ཐེག་གི་རོལ་པ་ཆེན་པོར་སྤྱད་པར་བྱ་བ་ཡིན་ནོ། །གསུམ་པ་ནི། དེ་ལྟར་སློབ་བུའི་བློའི་རིམ་པ་དང་སྦྱར་ཏེ་ཁྲིད་པ་ལས་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་ལྔའི་ཉམས་དང་རྟོགས་པ་སྐྱེས་རིམ་ནས་ངོ་སྤྲོད་པ་དང་། གེགས་སེལ་བོགས་འདོན་རྣམས་ཉམས་མྱོང་ཅན་གྱིས་ལེགས་པར་གདམས་ཏེ་ཁྲིད་པས་ཉམས་རྟོགས་ཡར་ངོའི་ཟླ་བ་ལྟར་འཕེལ་ཏེ། རིམ་པར་ཚོགས་སྦྱོར་གྱི་ལམ་བགྲོད་ནས་སློབ་པའི་ཟུང་འཇུག་རིག་འཛིན་བཞི་དང་། མི་སློབ་པའི་ཟུང་འཇུག་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་སྦྱོར་བར་གདོན་མི་ཟའོ། །ངག་བརྗོད་བསམ་པའི་ཡུལ་འདས་དབང་བཞིའི་དོན། །ཚུལ་བཞིན་ཉམས་བླངས་ལྷག་པ་ཆོས་ཀྱི་སྐུ། །ཟུང་འཇུག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །གོ་འཕང་བླ་མེད་ཐོབ་ཕྱིར་འདི་བསྔོའོ། །ཞེས་ན་རག་དོང་སྤྲུགས་དབང་དོན་ཇི་ལྟར་ཉམས་སུ་ལེན་པའི་ཁྲིད་ཡིག་འདི་ཡང་བློ་ལྡན་དགེ་སློང་ཨོ་རྒྱན་བསོད་ནམས་ཀྱིས་བསྐུལ།
བའི་ངོར། གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་འཚོ་བའི་གཉོས་ཀྱི་དགེ་སློང་རྨོངས་པ་དྷརྨཱ་ཤྲཱིས་སྦྱར་བའི་ཡི་གེ་པ་ནི་ལེགས་གླིང་ཆོས་མཛད་དགེ་སློང་འགྱུར་མེད་མཆོག་གྲུབ་ཀྱིས་བགྱིས་པ་དགེ་ལེགས་འཕེལ། །