Nitartha Digital Library
Tibetan
གདམས་ངག་མཛོད།


   
   
   
   
   
   
   
གདམས་ངག་མཛོད་པོད་བཅུ་གཉིས་པ།  ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིགnext

གདམས་ངག་མཛོད་པོད་བཅུ་གཉིས་པ།
ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིག


LT17_Page_119A
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིག་བཞུགས་སོ། །


LT17_Page_119B
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཝེ། །ཕྱག་རྒྱ་ཆེན་པོ་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བ། ཡེ་ཤེས་མཁའ་འགྲོ་ནི་གུ་མའི་གདམས་ངག་འདི་ལ། ཁྲིད་ཀྱི་སྔོན་འགྲོ་དལ་འབྱོར་རྙེད་དཀའ། མི་རྟག་པ། སྡུག་བསྔལ་སོགས་སྤྱི་དང་མཐུན། སྐྱབས་འགྲོ་སེམས་བསྐྱེད་དང༌། ཨ་ཡི་སྟོང་ར་རྣམས་ནི་གུ་ཆོས་དྲུག་དང་འདྲ། ཐུན་གྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། གཞན་སྒྱུ་ལུས་དང་འདྲ་བ་ལས་མཎྜལ་མང་དུ་འབུལ། བདག་འཛིན་བློ་ཡིས་ཐོངས་བར་མཛད་དུ་གསོལ། དགོས་མེད་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་པར་མཛད་དུ་གསོལ། ཞེས་པ་ཁྱད་པར་རོ། །ཁྲིད་དངོས་ལ། སྔོན་འགྲོ་རང་བབས་རྣམ་གསུམ། དངོས་གཞི་སྐྱོན་བཞི་རང་གྲོལ། རྗེས་སྐུ་གསུམ་རང་ཤར་གྱི་ཁྲིད་དོ། །དང་པོ་ལ་ཞི་གནས་གྱི་ཁྲིད་དང༌། ལྷག་མཐོང་གི་ཁྲིད་གཉིས། དང་པོ་ལ་དམིགས་པའི་གཞི་དང༌། བོགས་འདོན་ནོ། །དང་པོ་ནི། སྔར་སྒོ་གསུམ་གྱི་བྱ་བ་ཐམས་ཅད་


LT17_Page_120A
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མེད་ལ་དོར་སོང་འདུག་པས། ད་ཕྱིན་ཆད་སྒོམ་ལ་བརྟན་པ་ཅུང་ཟད་ཅིག་མ་སྐྱེས་བར་མི་དགེ་བ་དང༌། ལུང་མ་བསྟན་ལྟ་ཅི་སྨོས། སྤྲོས་བཅས་དགེ་བ་ཡང་རྩོལ་བ་གློད། ལུས་རྣམ་སྣང་གི་ཆོས་བདུན། ངག་རླུང་རོ་ལན་གསུམ་བསལ་ནས་སྨྲ་བརྗོད་ལྟ་ཅི་སྨོས་རླུང་འཛིན་འདྲེན་ཙམ་ཡང་སྤོང་བའི་རང་བབས། སེམས་མ་བཅོས་པ་ལྷོད་དེ་གློད། དམིགས་སྐོར་གཅིག །རྣམ་རྟོག་སྣ་ཚོགས་འཕྲོ་ན་ལམ་གྱིས་སྐྱེས་པ་ལ་ངོ་ཤེས། འཕྲོ་རྦད་ཀྱིས་བཅད་ལ་བཞག །དམིགས་སྐོར་གཉིས། འོག་འགྱུ་རྒྱ་འབྱམས་སུ་འགྲོ་ན། ནམ་དྲན་དུས་ཕྱིན་ཆད་འདི་འདྲ་གཏན་ནས་མ་བྱུང་བ་བྱེད་སྙམ་ཞེ་དམ་བྱ། རྣམ་རྟོག་བྱུང་ཙ་ན་དྲན་ཅིང་ངོ་ཤེས་པ་བྱེད་སྙམ་པ་བྱས་པས་སེལ་ཏེ། དམིགས་སྐོར་གསུམ། དེ་དུས་ཤེས་པ་མི་གསལ་བར་སོང༌། བརྗེད་ངས་ཀྱང་ཆེར་འགྲོ་ན་བྱིང་བའི་སྐྱོན་ཡིན། རིག་པ་བསྒྲིམ། མིག་དཔངས་གཏོད། མཐོངས་དཀར་བ་དང་ཡང་ཐོག་ལ་སོགས་པར་བསྒོམ། བྱིང་བ་འཕྲོ་བཅད་དེ་ལངས་བ་སོགས་བྱེད།


LT17_Page_120B
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཚིག་པ་ཟ་ཞིང་སྦུན་ལངས་ན་རྒོད་པ་ཡིན་པས་ལྷོད་ཀྱིས་གློད། ལྟ་སྟངས་སྨད། འདོད་ཡོན་ལ་དགའ་བས་སེམས་གཡེངས་ན། མི་རྟག་སྡུག་བསྔལ་ལ་ཡིད་འབྱུང་བར་བྱ་སྟེ་དམིགས་སྐོར་བཞི་པའོ། །གཉིས་པ་ལ་ལྟ་སྟངས་ངེས་མེད་ལ་བསླབ་པ། ཆོས་སྤྱོད་སྣ་ཚོགས་ལ་བསླབ་པ། སྤྱོད་ལམ་སྣ་ཚོགས་དང་བསྲེ་བའོ། །དང་པོ་ནི། མིག་གི་ལྟ་སྟངས་མཐོ་བ་ཐག་ཉེ་བ་ཐོག་མཐིལ་ལྟ་བུ་དང༌། རིང་བ་རི་རྩེའམ་ནམ་མཁའི་དབྱིངས་ལྟ་བུ་ལ་མཉམ་པར་བཞག་སྟེ་དམིགས་སྐོར་ལྔ། དམའ་བ་ཉེ་བརྩིག་འཁྲིས་སམ་རིང་བ་རི་རྩིབ་ལྟ་བུ་ལ་མཉམ་པར་བཞག་སྟེ་དྲུག་པའོ། །ཐད་ཀ་ཉེ་བ་གྱང་ལྡན་ནམ་རིང་བ་རི་ལྡན་ལྟ་བུ་ལ་མཉམ་པར་བཞག་སྟེ་བདུན་པའོ། །གཉིས་པ་ནི། མདོ་འདོན། སྔགས་ཟློས། གཏམ་སྣ་ཚོགས་དང་བསྲེ་ཞེས་བའི་དོན་མདོ་ལ་སོགས་པ་ཁ་ཏོན་བྱང་བ་རྣམས་དང་ཐོག་མར་བསྲེ། རིམ་གྱིས་ཁ་ཏོན་ཐམས་ཅད་དང་བསྲེ་གང་ཐུབ་བྱ་སྟེ་བརྒྱད་པའོ། །སྔགས་ཐུང་བ་རྣམས་དང་ཐོག་མར་བསྲེ། དེ་ནས་བཟླས་བ་ཐམས་ཅད་དང་བསྲེ་སྟེ་དགུ་པའོ། །དང་པོར་ཆུ་སྒྲ་སོགས་འབྱུང་བའི་སྒྲ་དང་བསྲེ། དེ་ནས་མི་མང་པོའི་ཅ་ཅོ་དང་སྒོ་འཐེན་སོགས་དང་བསྲེ། དེ་ནས་མི་གཞན་གྱིས་གཏམ་སྨྲ་བ་ལ་བསྲེས་ཏེ་དེ་དག་གི་སྒྲ་ལྷང་ལྷང་བ་དེར་ཧད་དེ་བཞག་སྟེ་དམིགས་སྐོར་བཅུ་པའོ། །གསུམ་པ་སྤྱོད་ལམ་སྣ་ཚོགས་ལ་བསླབ་སྟེ། ཟས་ཟ་ན་ཡང་རང་བབས་ཀྱི་ངང་ནས་ཟ། ལམ་དུ་འགྲོ་ན་ཡང་དེ་བཞིན་དུ་སྦྱང༌། གཏམ་སྨྲ་ན་ཡང་རང་བབས་གྱིས་ངང་ནས་མ་བྲལ་བར་བྱ་སྟེ། དང་པོར་སྒྲིམ་མི་དགོས་བར་དོ་གལ་ཆུང་བ་རྣམས་ལ་སྦྱངས་པས་མཐར་ཐམས་ཅད་ལ་འབྱོངས་པ་ཡིན་ནོ། །དེ་བཞིན་དུ་བདེ་སྡུག །དགའ་མི་དགའ། ཡང་བག་ཚ་ངོ་ཚ་སྐྱུག་བྲོ་སོགས་མཐོ་དམན་


LT17_Page_121A
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་རྣམ་རྟོག་སྐྱེ་བའི་ཡུལ་ཐམས་ཅད་ལ་རང་བབས་སུ་བསྲེས་ཀྱིན་སྦྱང༌། །ཐམས་ཅད་ཀྱང་སྔར་ལྟར་དགེ་སྦྱོར་གྱི་ངང་དུ་ཚུད་འོང་སྟེ་དམིགས་སྐོར་བཅུ་གཅིག་པའོ། །དེ་ལྟར་ན་ཞི་གནས་ལ་དམིགས་སྐོར་བཅུ་གཅིག་གོ །གཉིས་པ་ལྷག་མཐོང་གི་ཁྲིད་སེམས་ཚོལ་ནི། བླ་མའི་ཞལ་རྒྱུན་ལས་རྒྱས་པར་འབྱུང་བའི་དབང་དུ་བྱས་ན། དང་པོ་སྔར་བཞིན་རང་བབས་གསུམ་གནད་དུ་བབས་ནས་ལྷོད་ཀྱི་ཀློད་པའི་ངང་ནས་འཚོལ་བ་ནི་ཐམས་ཅད་ཀྱི་སྔོན་འགྲོ་ཡིན་ནོ། །དངོས་གཞི་དམིགས་ཐུན་བདུན་ཏེ། སེམས་ཀྱི་ངོ་བོ་ལ་འཚོལ་བ། སྐྱེ་འགག་ལ་འཚོལ་བ། ཡུལ་སྣང་ལ་འཚོལ་བ། རྣམ་རྟོག་ལ་འཚོལ་བ། ཡུལ་སྣང་ཡོད་མེད་ཀྱི་ཁྱད་པར་ལ་འཚོལ་བ། རྣམ་རྟོག་ཡོད་མེད་ཀྱི་ཁྱད་པར་ལ་འཚོལ་བ། རང་བཞིན་དབྱིངས་སུ་ཐག་བཅད་པའོ། །དང་པོ་ནི། སེམས་ཀྱི་ངོ་བོ་ལ་ཆེ་རེ་ལྟ་ཞིང་ཞིབ་ཏུ་གཞིག་པ་འཇུག་པ་སྟེ། དེར་རྩོལ་བ་རང་ཞིག་ལ་སོང་ནས་འདི་ཡིན་བརྗོད་དུ་མེད་པའི་ཉམས་སྐྱེས་པ་ན་རང་བབས་སུ་འཇོག་སྟེ་དམིགས་སྐོར་གཅིག་གོ །གཉིས་པ་ནི། སེམས་རྟོག་མེད་དེ་ཁོ་ན་ལ་བལྟས་ནས་སྐྱེ་འགག་གཏན་མི་བྱེད་པའི་རྟག་པ་བརྟན་པ་ཞིག་འདུག་གམ། སྐྱེ་འགག་བྱེད་པའི་ཅི་མེད་ཅང་མེད་ཞིག་འདུག །སྐྱེ་འགག་བྱེད་ན་ཇི་ལྟར་སྐྱེ་ཡིན་འདུག །གནས་ན་ཇི་ལྟར་གནས། ཁ་དོག་དབྱིབས་སོགས་ཇི་ལྟ་བུ། ཕྱི་ནང་གང་ན་འདུག །འགག་ན་ཇི་ལྟར་འགག་ཞེས་སོགས་ཞིབ་ཏུ་བརྟགས་པ་ན། ངོས་བཟུང་མེད་པ་ལ་ཞི་སྟེ། དམིགས་སྐོར་གཉིས་པའོ། །གསུམ་པ་ནི། མིག་གིས་གཟུགས་མཐོང་ན། གཟུགས་སུ་ལམ་མེར་མཐོང་བ་དེ་ངོ་བོ་ཇི་ལྟར་འདུག་བལྟ། །དེ་དང་སེམས་རིག་རིག་ཏུར་ཏུར་འདི་གཅིག་གམ། ཐ་དད་ཁྱད་ཅི་


LT17_Page_121B
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་ཞིབ་ཏུ་དཔྱད། དེ་བཞིན་རྣ་བས་སྒྲ་ཐོས་པ་སོགས་ལའང་སྦྱར་ཏེ། དམིགས་སྐོར་གསུམ་པའོ། །བཞི་པ་ནི། ཡང་རྣམ་རྟོག་ལམ་གྱིས་འཆར་བ་འདི་དང་སེམས་ཀྱི་རང་བཞིན་ལ་ཁྱད་པར་ཅིག་འདུག །དེ་གཉིས་གཅིག་མི་གཅིག་བརྟག །རྣམ་རྟོག་སྐྱེས་པའི་ཚེ་ཇི་ལྟར་སྐྱེ། སྐྱེས་ནས་མ་འགགས་པའི་སྐབས་ཡོད་ལུགས་ག་འདྲ་ཞིག་འདུག །འགག་ཙ་ན་འགག་ལུགས་ཅི་འདྲ་ཞིག་འདུག་ཞིབ་ཏུ་བརྟགས་ཏེ། དམིགས་སྐོར་བཞི་པའོ། །ལྔ་པ་ནི། མིག་གིས་གཟུགས་མཐོང་བའི་དུས་ཀྱི་སེམས་དང་མ་མཐོང་བའི་དུས་ཀྱི་སེམས་ལ་ཁྱད་ཅི་འདྲ་ཞིག་འདུག །ཡོད་ན་ཡོད་ལུགས་དང་མེད་ན་མེད་ལུགས་ཇི་ལྟར་ཡིན་བརྟགས་ཏེ། དམིགས་སྐོར་ལྔ་པའོ། །དྲུག་པ་ནི། རྣམ་རྟོག་སྐྱེས་པའི་དུས་ཀྱི་སེམས་དང་མ་སྐྱེས་པའི་དུས་ཀྱི་སེམས་ལ་བཟང་ངན་གསལ་མི་གསལ་སྟོང་མི་སྟོང་ཁྱད་ཡོད་མེད་ལེགས་པར་བརྟགས། འཚོལ་ཐབས་དེ་བཞི་ལའང་མཐར་དམིགས་གཏད་ཞིག་པ་ཞིག་འབྱུང་བས་དེ་ཁོ་ནའི་ངང་བསྐྱོངས་དམིགས་སྐོར་དགུ་པའོ། །བདུན་པ་ནི། སྣང་བ་འདི་ཐམས་ཅད་རང་གི་སེམས་སུ་ཐག་བཅད། སེམས་ལ་ལེགས་པར་བརྟགས་པ་ན་ངོས་བཟུང་ཅི་ཡང་མེད་པ་དང་དེ་ཁའི་ངང་ལ་བཞག །ད་རུང་མང་དུ་བཙལ་བས། ངོས་བཟུང་མེད་བཞིན་དུ་ཅི་མེད་ཅང་མེད་ཀྱང་མ་ཡིན་པར་སྟོང་བཞིན་དུ་སྣ་ཚོགས་སུ་འཆར་བའི་རིག་སྟོང་རྗེན་ནེ་བ། ཝ་ལེ་ཁྱུག་གེ་བ། ཧྲིག་གེར་མྱོང་བ། བརྗོད་མི་ཤེས་པ་དེ་ལ་ཆམ་གྱིས་བཞག་སྟེ་དམིགས་སྐོར་བདུན་པའོ། །དེ་ལྟར་ལྷག་མཐོང་ལ་བདུན་ནོ། །སྔོན་འགྲོ་རང་བབས་རྣམ་གསུམ་ལ་དམིགས་སྐོར་བཅོ་བརྒྱད་དོ། །ཁྱུང་པོའི་བླ་མ་ནི་གུ་མས་སྔོན་འགྲོ་ལ་གཙོ་བོར་མཛད། མཻ་ཏྲི་པས་དངོས་གཞི་ལ་གཙོ་བོར་མཛད། སུ་ཁ་སིདྡྷི་ཡི་རྗེས་ལ་གཙོ་བོར་མཛད་


LT17_Page_122A
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་ངོན་འགྲོའི་སྐབས་འདིར་རྟོགས་པ་སྐྱེ་དགོས་སོ། །དངོས་གཞི་ལ་ཐོག་མར་བྱིན་རླབས་ཀྱི་སྒོ་ནས་བརྐུ་ཐབས་སུ་ངོ་སྤྲོད་པ་ནི། མཎྜལ་ཆོས་འབྱུང་མཐིང་ཁ་ཞིག་བཞེངས། དེར་མཉྫིའི་སྟེང་དུ་གཏོར་མ་ཆེ་བ་ལ་མདའ་དར་བཙུགས་ཤིང་རྒྱན་བཟང་པོས་བརྒྱན་པ་ཞིག་བཞག །མདུན་དུ་འབུལ་གཏོར་དང་མཆོད་པ་དང་ཚོགས་རྫས་རྣམས་བཤམ། མཆོད་པ་བྱིན་རླབས་སྤྱི་དང་འདྲ། སློབ་དཔོན་རང་གིས་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་བསྒོམས་ལ། མདུན་བསྐྱེད་མཎྜལ་དང་གཏོར་མ་སུ་མྦྷས་བསང༌། སྭ་བྷཱ་ཝས་སྦྱང༌། གཏོར་ཆོག་ལྟར་མགོན་པོར་བསྐྱེད་པ་ནས་བཟླས་པའི་བར་བྱ། དེ་ནས་སློབ་མ་རྣམས་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་སོགས་བྱ། མཎྜལ་ལན་གསུམ་ཕུལ་ལ། སློབ་མ་རྣམས་ལ་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་ཕོག་ལ་ཅུང་ཟད་སེམས་འཛིན་དུ་འཇུག །མདུན་བསྐྱེད་མགོན་པོར་སྐད་ཅིག་གིས་བསྒོམ་དུ་བཅུག་ཅིང༌། སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས་བསྐོར་བའི་དབུས་སུ། ཡེ་ཤེས་མཁའ་འགྲོ་ནི་གུ་མ་སྐུ་མདོག་སྨུག་ནག་ཌཱ་མ་རུ་དང་ཐོད་པ་ཁ་ཊཱཾ་ག་བསྣམས་པ་གར་སྟབས་དང་རུས་པའི་རྒྱན་ཅན། ལང་ཚོ་དར་ལ་བབས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་སྡེ་ལྔ་མཁའ་འགྲོ་མ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པ་བཞུགས་པར་བསམ། དེ་རྣམས་ལ་དངོས་སུ་བཤམས་པའི་མཎྜལ་འདི་ཉིད་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སུ་མོས། དེ་གསེར་གྱིས་བཀང་ཞིང་འབུལ་བར་བསམ། དཔོན་སློབ་རྣམས་ཀྱིས་ལྷན་ཅིག་ཏུ་ཚོགས་དང་གཏོར་མ་བྱིན་གྱིས་བརླབ། བྱིན་རླབས་ཀྱི་ཆོག་ནི་ཡི་དམ་གང་བྱེད་ཀྱི་ནང་མཆོད་ལྟར་བྱིན་


LT17_Page_122B
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ། ཨོཾ་ཧྲིཿཧ་ཧ་ཧུཾ་ཧཱུྃ་ཕཊ་ཀྱི་མཐར། ཨོཾ་ཨ་ཀཱ་རོ་བཏགས་པས་དང་པོར་བླ་མ་དང་ཡི་དམ་ལ་ཕུལ། དེ་ནས་གཏོར་ཆོག་ལྟར་མགོན་པོ་འཁོར་བཅས་ལ་ཕུལ། ཨོཾ་སརྦ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ཀྱིས་མཁའ་འགྲོ་མ་ལ་འབུལ། སྙིམས་པ་མེ་ཏོག་དང་བཅས་པས་གསོལ་འདེབས་འདིའི་རྗེས་ཟློས་མཛོད་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཕྱོགས་བཅུ་ན་བཞུགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱིས་བདག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ངོ་འཕྲོད་པར་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བདག་ཕྱག་རྒྱ་ཆེན་པོ་ཞུ་བ་དང་ཉམས་སུ་ལེན་པ་ལ་ཕྱི་ནང་གི་བར་དུ་གཅོད་པ་གང་ཡང་མི་འབྱུང་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། རྩ་བའི་བླ་མ་ལ་མོས་གུས་དུང་པ་བྱེད་དུ་བཅུག །ལུས་གནད་བཅས་རླུང་རང་བབས་སུ་རྒྱུ་རུ་གཞུག །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་སློབ་མ་རང་ཉིད་ལ་ཐིམ་པར་མོས་ལ་དར་ཅིག་ལྷོད་ཀྱིས་གློད་ནས། སེམས་ཀྱི་རང་ངོ་ལ་ལྷན་ནེར་ལྟོས་ཤིག་བྱས་ལ་ཡུག་ཅིག་མཉམ་པར་འཇོག་ཏུ་བཅུག །ད་ལྟ་སེམས་ངོས་བཟུང་ཐམས་ཅད་དང་བྲལ་བ། རྗེན་ནེ་ཡེ་རེ་བ་འདི་ཀ་རང་སེམས་སྐྱེ་མེད་ཆོས་སྐུའམ། ཐ་མལ་ཤེས་པའམ་རང་བབས་ཞེས་བྱ་བ་ཡིན་པས། ད་ཕྱིན་ཆད་འདི་ཀ་མཉམ་རྗེས་ཐམས་ཅད་དུ་བཟོ་བཅོས་མེད་པར་སྐྱོངས་ཤིག་བྱས། མཎྜལ་འབུལ་


LT17_Page_123A
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་སྨོན་ལམ་བཏབ་པ་སོགས་སྤྱི་དང་མཐུན། །གཉིས་པ་ནི། ཐུན་གྱི་སྔོན་འགྲོ་སྔར་ལྟར་ལ། གནས་འགྱུ་ཐམས་ཅད་དུ་དྲན་པས་ཟིན་པ་ཞིག་བྱའོ། །ཞེས་ཡང་ཡང་འདུན་པ་བྱས་ནས། དམིགས་པའི་དངོས་གཞི་ལ་སེམས་གནས་པའི་ཚེ། ཁ་ནང་ལོག་ཏུ་རང་ངོ་ཤེས་པ་ཙམ་བྱས་ནས། བཟོ་བཅོས་མེད་པའི་ཚུལ་དུ་བཞག །ཡུལ་སྣང་གི་འཆར་སྒོའམ། རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་ཆེད་གཏད་དགག་སྒྲུབ་བླང་དོར་མི་བྱ་བར་གང་ཤར་དེ་རང་ངོ་ཤེས་ཙམ་གྱི་ངང་ལ་མཉམ་པར་བཞག་པས་རྣམ་རྟོག་ཁོ་རང་མ་འགགས་བཞིན་དུ་གསལ་སིང་ངེ་བ་དེའི་ངང་བསྐྱང༌། ངོ་མི་ཤེས་སུ་གཅིག་ཀྱང་མ་ཤོར་བར་བྱ། ངོ་ཤེས་དང་མ་བྲལ་ཕྱིན་ཆད་འགྱུ་ནའང་འགྱུ་རུ་བཅུག །རང་ལོག་ཏུ་འགྲོ་ནའང་འགྲོ་རུ་བཅུག་དྲན་པ་ལ་ཆེད་གཏད་དུ་འབད། འདི་ལ་བསྒོམ་དུ་རྡུལ་ཙམ་མེད། ཡེངས་སུ་སྐད་ཅིག་ཀྱང་མེད་ཅེས་བྱ། དེ་ཉིད་ལ་སྐྱོན་བཞི་རང་གྲོལ་བར་ངོ་སྤྲད་དེ། ཉེ་དྲགས་པས་ངོ་མ་ཤེས། ཟབ་དྲགས་པས་ངོས་མ་ཟིན། སླ་དྲགས་པས་ཡིད་མ་ཆེས། བཟང་དྲགས་པས་བློར་མ་ཤོང་ཞེས་པའི་སྐྱོན་བཞི་ལས་གྲོལ་བ་སྟེ། དང་པོ་ནི་རང་ངོ་མ་ཤེས་པ། གཉིས་པ་ནི། སྔར་འཆི་བ་དང་ཤུགས་ཆད་ཀྱི་ཉམས་ལ་སོགས་པའི་དུས་སུ་ཐ་མལ་ཤེས་པ་རང་ངོ་གསལ་བར་སྟོན་པ་མང་དུ་བྱུང་མོད་ཀྱང༌། བླ་མའི་གདམས་ངག་གིས་ངོ་མ་སྤྲད་པ་དེ་སྲིད་ཐབས་གང་གིས་ཀྱང་མ་ཤེས་པའོ། །གསུམ་པ་ནི། མཁས་རྨོངས་ཐམས་ཅད་བྱ་ར་མེད་ལ་བློས་མ་ཁེལ་བའོ། །བཞི་པ་ནི། སེམས་ཀྱི་རང་བཞིན་སངས་རྒྱས་ཡིན་པ་བློར་མ་ཤོང་པའོ། །དེ་ལ་གནས་འགྱུ་ཐམས་ཅད་རང་ངོ་ཤེས་ཙམ་ན་རང་བཞིན་སྟོང་གསལ་དུ་འདུག །དེས་ན་གང་ཤར་ལ་བཟོ་བཅོས་བྱེད་དོན་མེད། རང་བཞིན་གསལ་


LT17_Page_123B
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་འདི་ལས་ལོགས་སུ་འཁོར་འདས་གང་ཡང་མེད་པར་ཤེས་ཚེ་སྐྱོན་དེ་བཞི་རང་གྲོལ་བ་ཡིན། །གསུམ་པ་རྗེས་སྐུ་གསུམ་རང་ཤར་ལ། སྐུ་གསུམ་རང་ཤར་ངོ་སྤྲད་པ་དངོས་དང༌། དེའི་བོགས་འདོན་ནོ། །དང་པོ་ནི། སྔར་གྱི་ཐ་མར་ཤེས་པ་མ་བཅོས་སོ་མ་དེ་ཉིད་སྔོན་གདོད་མ་ནས་གསལ་སྟོང་ཟུང་འཇུག་ཏུ་རང་ཤར་བར་རང་ངོ་ཤེས་པ་ནས་སྟོང་པ་ཆོས་ཀྱི་སྐུ། གསལ་བ་སྤྲུལ་སྐུ། ཟུང་འཇུག་ལོངས་སྐུར་ཐག་བཅད་ངེས་ཤེས་བསྐྱེད་ནས་རང་བབས་དེ་ཀའི་ངང་དུ་བསྐྱང་བར་བྱའོ། །དེ་ལྟར་ཉམས་སུ་མྱོང་བའི་ཚེ། སེམས་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་དུ་ངོ་འཕྲོད། རྣམ་རྟོག་སྐད་ཅིག་མ་གཅིག་ཀྱང་སྐུ་གསུམ་གྱི་རང་བཞིན་ནོ། །དེ་ལྟར་ཉམས་མྱོང་དུ་ཤར་བར་བྱས་ནས་རྟག་ཏུ་སྐྱོང་དགོས་པ་ཡིན་ནོ། །གཉིས་པ་ལ། བོགས་འདོན་དང་གེགས་སེལ་གཉིས་ལས། དང་པོ་ལ་མོས་གུས་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། སྙིང་རྗེ་ཚད་མེད་ལ་བརྟེན་ནས་བོགས་འདོན་པ། ཐབས་ཁྱད་པར་ཅན་ལ་བརྟེན་ནས་བོགས་འདོན་པའོ། །དང་པོ་ནི་སྤྱིར་རྟོགས་པ་སྐྱེས་ན་མོས་གུས་ཤུགས་འབྱུང་ལ་འབྱུང༌། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རང་ཤུགས་ཀྱིས་སྐྱེ་ཡང༌། དེ་ལ་སླར་ཡང་མོས་གུས་དང་སྙིང་རྗེ་བསྒོམ་པས་མེ་འབར་བ་ལ་ཤིང་གཅེར་བ་བཞིན་དུ་ཆེར་འཕེལ་ཏེ་ལམ་གྱི་བོགས་འདོན་བླ་ན་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་ཡང་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་བཞིན་དུ་མོས་གུས་དང་སྙིང་རྗེ་དྲག་ཏུ་བསྒོམས་པས་མཐར་ཐུག་རྟོགས་པའི་ཐབས་སུ་འགྱུར་རོ། །དེ་ཡང་མོས་གུས་ནི་སྤྱིར་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་དངོས་ཡིན་པ་དང༌། ཐུགས་ཆོས་ཀྱི་སྐུ་མཛད་སྤྱོད་ཕྲིན་ལས་ཐམས་ཅད་གཞན་དོན་གཟུགས་སྐུ་རྣམ་གཉིས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་


LT17_Page_124A
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འདུས་པ་འོང་བ་ཡིན་པར་ཐག་གཅོད། བདག་གནས་ལུགས་ལ་དཀྲི་བར་མཛད་པས་བཀའ་དྲིན་ཆེ། བཀའ་དྲིན་ལ་ནམ་ཡང་འཁོར་བ་མེད་སྙམ་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་རྩེ་གཅིག་ཏུ་འདེབས། བླ་མའི་མོས་གུས་ཀྱིས་ཡིད་བསྒྱུར་བས་རང་བཞིན་སྤྲོས་བྲལ་གྱི་ཡེ་ཤེས་ལྷག་གེར་ཤར་བ་ན། དེ་ཁའི་ངང་དུ་མཉམ་པར་བཞག །གཉིས་པ་ནི། སེམས་ཅན་ཐམས་ཅད་དྲིན་ཆེན་གྱི་ཕ་མ་ཡིན་པར་རང་སེམས་ངོ་མ་ཤེས་པས་ཉོན་མོངས་དང་ལས་བསགས་ཏེ་འཁོར་བར་འཁྱམས་པ་འདི་ཅིས་ཀྱང་སྙིང་རེ་རྗེ་ཞེས་ཡིད་ལ་བསམ་ཞིང་ངག་ཏུ་ཡང་བརྗོད། མཐར་སྙིང་རྗེ་བྱ་ཡུལ་སྙིང་རྗེ་བྱེད་མཁན་ཐམས་ཅད་ངོས་བཟུང་དང་བྲལ་བའི་ངང་དེར་ཆམ་མེར་བཞག །གསུམ་པ་ལ་གསུམ་ལས། དང་པོ་ནི། ཐ་མལ་ཤེས་པ་རླུང་དང་བསྲེ། །རྣམ་རྟོག་མ་རིག་འགག་པར་འགྱུར། ཞེས་པའི་དོན་ནི། སེམས་མ་བཅོས་པར་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་འཇོག་ཅིང༌། རླུང་བུམ་པ་ཅན་དྲག་ཏུ་བཟུང་བས་རླུང་སེམས་འཇུག་པ་གཅིག་པའི་ཕྱིར། རྟོགས་པ་གོང་ནས་གོང་དུ་འཕེལ་བར་འགྱུར། གཉིས་པ་ནི། །འོད་གསལ་ལྷ་སྐུ་རླུང་དང་བསྲེ། །ཉམས་མྱོང་ཡར་ངོ་བཞིན་དུ་འགྱུར། །ཞེས་གསུངས་ཏེ། རང་ཉིད་བདེ་མཆོག་ལྷན་སྐྱེས་ཆུ་ནང་གི་ཟླ་གཟུགས་ལྟར་སྣང་ལ་རང་བཞིན་མེད་པར་བསྒོམ། ལྷ་སྐུར་སྣང་བ་མ་འགག་པ་དེ་ཀ་མ་བཅོས། སོ་མ། འོད་གསལ་ཕྱག་རྒྱ་ཆེན་པོས་ཟིན་པར་བྱས་ལ་རླུང་དྲག་ཏུ་གཅུན་པས་ཕྱག་ཆེན་ལ་ལྷ་སྐུས་བོགས་ཐོན་ཏེ་ཉམས་མྱོང་གོང་འཕེལ་དུ་འགྱུར་རོ། །གསུམ་པ་ནི། །ཟུང་འཇུག་ཤེས་པ་རླུང་དང་བསྲེ། །འབྲས་བུ་སྐུ་གསུམ་མངོན་དུ་འགྱུར། །ཞེས་གསུངས་ཏེ། རང་ལྷ་སྐུ་གསལ་སྟོང་དུ་བསྒོམ། གཞན་ལུས་ཤེས་རབ་མའམ། རང་ལུས་ཐབས་ལྡན་ལྟར་ན་གཏུམ་མོ་


LT17_Page_124B
[མ་དཔེ་གཟིགས་ན་འདིར་གནོན།]

དང་འོད་གསལ་གྱི་ཉམས་མྱོང་གིས་ལྷ་སྐུ་ལ་རྒྱས་བཏབ་སྟེ། དེ་ཉིད་ཕྱག་ཆེན་གྱིས་ཟིན་པར་བྱས་ལ་གཞུར་ཏེ་བསྒོམ། ངག་རླུང་བུམ་པ་ཅན་དྲག་ཏུ་བཟུང༌། ལྷ་སྐུར་གསལ་བ་སྤྲུལ་སྐུ། ཕྱག་ཆེན་མི་རྟོག་པ་ཆོས་སྐུ། བདེ་བ་ལོངས་སྐུ། དེ་གསུམ་ཀའི་གྲོགས་རླུང་གིས་བྱས་ཏེ། ལམ་དུས་ཀྱི་སྐུ་གསུམ་ཉམས་སུ་བླངས་པས་གཞི་དུས་ཀྱི་སེམས་ཀྱི་རང་བཞིན་འབྲས་བུའི་ཚུལ་དུ་མངོན་དུ་འགྱུར་རོ། །ཇི་སྲིད་དུ་རྩ་བྲལ་མངོན་དུ་མ་གྱུར་པ་དེ་སྲིད་འབད་རྩོལ་ཆེན་པོས་འདུ་འཛི་སྤངས་ནས་དབེན་པར་བསྒོམ་པ་གལ་ཆེའོ། །གཉིས་པ་གེགས་སེལ་ནི། རྩ་ལོག་རླུང་ལོག་སོགས་གེགས་སེལ་ཏེ་ཆོས་དྲུག་སོགས་ཐབས་ལམ་གྱི་ཡན་ལག་ཡིན་པས་ཐུན་མོང་བར་སོང་སྟེ་འདིར་མི་འཆད། འདིར་ཐུན་མོང་མ་ཡིན་པའི་གེགས་བསལ་བ་ནི། ཉམས་ཀྱི་རྩིས་མ་བཅིངས་པ་དང༌། སྣང་སྟོང་ཕྱོགས་རེར་མ་ཤོར་བ་ལ་འབད་པ་སྟེ། དེ་ཡང་བདེ་གསལ་མི་རྟོག་པ་གསུམ་ལ་ཞེན་ན་གོལ་བས། ལུས་སེམས་དགའ་བདེ་ཅི་སྐྱེས་དང༌། རིག་པ་ལ་དངས་ཆ་དང་གསལ་ཆ་ཅི་བྱུང་དང༌། སྟོང་སང་སང་པོའི་མི་རྟོག་པའི་ཉམས་ཅི་ཤར་ལ་དགའ་ཞེན་མེད་བར་བསྐྱུར། ཉམས་མཐུག་དྲགས་པས་བཤིག་མི་ཐུབ་པ་འདྲ་བ་བྱུང་ན་མི་སྒོམ་པར་སྣང་བའི་སྟེང་དུ་གང་དགར་བསྐྱུར་ལ་འཇོག །བདེ་གསལ་སྟོང་པར་ཞིག་པ་ན་གནས་ལུགས་རྗེན་གྱིས་འཆར། སེམས་ཀྱི་སྣང་ཆ་དང་གསལ་ཆ་དང་འཆར་སྒོ་ལ་བདེན་ཞེན་སྐྱེ། ཆགས་སྡང་འཛིན་ཞེན་རགས་སུ་སོང་བའི་ཉམས་བྱེད་ན། སྒྱུ་མ་ལྟ་བུར་མོས་ཤིང་བཙལ་བས་མི་རྙེད་པ་ལ་འཇོག །དེས་དེ་སྟོང་པར་འཆད། རང་སེམས་ཀྱི་ངོ་བོ་ལའང་ཁྱད་མི་འདུག་པས་ལས་འབྲས་སྤང་བླང་མི་དགོས་སོ་སྙམ་པའི་ལོག་ལྟ་སྐྱེས་ན། ལས་འབྲས་བདེན་པར་མེད་ཀྱང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད། མེ་མི་བདེན་ཀྱང་ཤིང་ཚིག །ཆུ་མི་བདེན་ཀྱང་གཤེར་བ་མི་འགག་པ་ལྟར་


LT17_Page_125A
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲས་ལ་ཡིད་ཆེས་བསྐྱེད་དགོས་སོ། །དེ་ལྟར་ཉམས་སུ་བླང༌། །དེ་ལ་སེམས་གསལ་སྟོང་འཛིན་མེད་དུ་གནས་ན་ཞི་གནས་ཡིན་ཏེ། བྱིང་རྒོད་གཉིས་སེལ་བ་ཞིག་དགོས། སྣང་བ་ཐམས་ཅད་སེམས། གནས་འགྱུ་ཐམས་ཅད་ངོས་བཟུང་མེད་པར་མྱོང་ཐོག་ཏུ་ཕེབས་ན་ལྷག་མཐོང་སྐྱེས་པ་ཡིན་ནོ། །གང་ཤར་ལ་རང་ངོ་ཤེས་པས་བཟོ་བཅོས་མེད་པར་སྐྱོང་ཐུབ་ན་ཕྱག་ཆེན་དངོས་གཞིའི་རྟོགས་པ་སྐྱེས་པ་ཡིན་ནོ། །སེམས་ལ་ཅི་བསམ། སྣང་བ་ལ་ཅི་ཤར་ཐམས་ཅད་དྲན་པ་དང་རྩོལ་བ་བརྟེན་མི་དགོས་པ་ཐམས་ཅད་རང་ངོ་ཤེས་པའི་གསལ་སྟོང་རྒྱ་འབྱམས་སུ་སོང་བའི་ཚེ། རྩ་བྲལ་ཞེས་བྱ་བ་རྗེས་ཀྱི་ཉམས་མྱོང་མཐར་ཕྱིན་པ་ཡིན་ནོ། །ཞེས་པ་འདིའང་ཏཱ་ར་ནཱ་ཐས་ཤར་ཀོང་པོའི་ཡུལ་གྱི་བཤེས་གཉེན་མཁྱེན་རབ་ཅེས་བྱ་བའི་དོན་དུ་ཉེ་བར་གདམས་པའོ། །དགེའོ།། །།


previousགདམས་ངག་མཛོད་པོད་བཅུ་གཉིས་པ། ཕྱག་ཆེན་གའུ་མའམ་རང་བབས་རྣམ་གསུམ་ཞེས་བྱ་བའི་ཁྲིད་ཡིགnext