གདམས་ངག་མཛོད་པོད་དྲུག་པ།
ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ།
ཆོས་དྲུག་བདུད་རྩི་ཉིང་ཁུའི་སྔོན་འགྲོ་དངོས་གྲུབ་མྱུར་སྩོལ་བཞུགས་སོ། །
ༀ་སྭ་སྟི་སིདྡྷི་ཧཱུྃ། རབ་འབྱམས་དཀྱིལ་འཁོར་ཀུན་བདག་འཁོར་ལོའི་མགོན། །རྡོ་རྗེ་འཆང་དབང་དཔལ་ལྡན་ཀརྨ་པ། །རྣམ་ཀུན་འབྲལ་མེད་རིགས་ཀྱི་བདག་པོར་བརྟེན། །དགོངས་པ་འགྲོལ་ཞིང་རྗེས་སུ་གནང་བར་གསོལ། །དེ་ལ་འདིར་རྒྱལ་བ་ཀུན་གྱི་ཐུགས་བཅུད་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་བ་ཟབ་མོ་ནཱ་རོ་ཆོས་དྲུག་ཅེས་གྲུབ་པའི་དབང་ཕྱུག་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་གང་ཟག་ལས་དང་སྐལ་བར་ལྡན་པ་དག་གིས་ཉམས་སུ་ལེན་པའི་རིམ་པ་ལ། དང་པོ་ཐུན་མོང་གི་སྔོན་འགྲོ་དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་དྲན་པ། ལས་འབྲས་རྣམ་པར་སྨིན་ཚུལ། འཁོར་བའི་ཉེས་དམིགས་ལ་བློས་གཞིགས་པ་བཅས་ངེས་འབྱུང་གི་བསམ་པ་བརྟན་པོ་སྔོན་དུ་བཏང་། དེ་ནས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། ཐོག་མར་སྐྱབས་སེམས་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་པས་གཟུང་འཛིན་སྣང་ཞེན་གྱི་ཆོས་རྣམས་སྟོང་པར་སྦྱང་། སྟོང་པའི་ངང་ལས་ཁམས་གསུམ་གྱི་ས་བོན་ནཱ་ད་སུམ་བརྩེགས་སྟེང་མ་དཀར་པོ་མར་མེ་མི་གཡོ་
བ་ལྟ་བུ། བར་པ་དམར་པོ་རྩེ་མོ་ཕྱོགས་བཅུར་གཡོ་བ་སྲིན་བུ་སད་པ་ལྟ་བུ། འོག་མ་སྔོན་པོ་ནས་འབྲུ་ལྟ་བུའི་དབྱིབས་ཤིན་ཏུ་གཡོ་ཞིང་སྒྲ་དང་བཅས་པར་གསལ་བའི། སྟེང་མ་བར་པ་ལ་ཐིམ་པས་རང་གི་སྤྱི་བོ་ནས་སྐྲ་མཚམས་ཡན་གྲུབ། འོག་མ་བར་པ་ལ་ཐིམ་པས་སྙིང་ག་ནས་རྐང་མཐིལ་གྱི་བར་གྲུབ། བར་པ་ལན་གསུམ་གཡོས་པས་སྐྲ་མཚམས་ནས་སྙིང་གའི་བར་གྲུབ་པར་བསྒོམ་ལ། སྟོང་ལས་ཁམས་གསུམ་ངོ་བོ་ནཱ་དའི་གཟུགས། །དཀར་དམར་སྔོ་བརྩེགས་ཡས་མན་འདུས་པ་ལས། །སྐྲ་མཚམས་ཡན་དང་སྙིང་ག་ཕྱིན་ཆད་གྲུབ། །བར་པ་གཡོས་པས་དེ་བར་གྲུབ་པའི་མདུན། །ཞེས་གསལ་གདབ། མདུན་དུ་རིན་པོ་ཆེའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ། སེང་གེའི་ཁྲི་པདྨ་ཉི་ཟླའི་གདན་ལ་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། མདུན་དུ་པད་ཉི་ལ་ཡི་དམ་འཁོར་ལོ་སྡོམ་པར་རྒྱུད་སྡེའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་པད་ཟླ་ལ་སངས་རྒྱས་ཤཱཀྱ་ཐུབ་པར་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ། རྒྱབ་ཏུ་པད་ཟླ་ལ་ཤེར་ཕྱིན་མར་ཆོས་དཀོན་མཆོག་གིས་བསྐོར་བ།
གཡོན་དུ་པད་ཟླ་ལ་རྒྱལ་སྲས་དཔའ་བོ་རྣལ་འབྱོར་མ་སྲུང་མའི་ཚོགས་བཅས་བཞུགས་པར་བསྒོམས་ལ། གཞལ་མེད་ཁང་དབུས་དཀོན་མཆོག་ལྔ་ཚོམ་གསལ། །དེ་ལ་རྩེ་གཅིག་གུས་པས་སྐྱབས་འགྲོ་བྱ། །བདག་སོགས་མཁའ་མཉམ་སེམས་ཅན་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་བར། །དུས་གསུམ་གཤེགས་པའི་རྒྱན་འཁོར་ལྔ། །གཅིག་བསྡུས་ཆོས་ཕུང་བརྒྱད་ཁྲི་དང་། །བཞི་སྟོང་འབྱུང་གནས་འཕགས་པ་ཡི། །དགེ་འདུན་བདག་ཉིད་རྩ་བརྒྱུད་ཀྱི། །བླ་མ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །དཔའ་བོ་དང་ནི་དཔའ་མོའི་ཚོགས། །ཀུན་ལ་རྟག་ཏུ་སྐྱབས་སུ་མཆི། །ཞེས་ལན་མང་དུ་བརྗོད། དེ་ནས་སེམས་བསྐྱེད་པ་ནི། ༀ་བཛྲ་ས་ཏྭ་ༀ། ཞེས་བརྗོད་པས། རང་ཉིད་རྡོ་རྗེ་སེམས་དཔའི་སྐུར་གྱུར། ༀ་བཛྲ་ས་ཏྭ་ཨཱཿ ཐུགས་ཀར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གསལ་བར་གྱུར། །དེ་ནས་ཐུན་མོང་མིན་པའི་ཚངས་གནས་བཞི་འདོན་སྒོམ་སྦྲག་པ་ནི། ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་ཆགས་པས་རྗེས་སུ་ཆགས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བསྡམ་པས་རྗེས་སུ་བསྡམ་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོས་ཡང་དག་པར་མྱོས་པར་གྱུར་ཅིག །ༀ་སེམས་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་སྦྱོར་བས་རྗེས་སུ་གྲོལ་བར་གྱུར་ཅིག །ཅེས་མང་དུ་བརྗོད། ༀ་བཛྲ་ས་ཏྭ་ཧཱུྃ། ཟླ་གདན་གྱི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་འཕྲོ་བའི་རྣམ་པར་གྱུར། དེ་ནས། སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་དམ་ཚིག་ཆེ། །ཨེ་ཝཾ་རང་བཞིན་འབའ་ཞིག་པ། །རྡོ་རྗེ་སྙིང་པོར་བདག་བསྐྱེད་དོ། །ཞེས་མང་དུ་བརྗོད་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཕྱག་རྒྱ་ཆེན་པོ་འགྲུབ༴
སོགས་དགེ་བསྔོ་བྱའོ། །རྡོར་སེམས་ནི། རང་གི་སྤྱི་བོར་ཟླ་གདན་གྱི་སྟེང་འོད་ཀྱི་གུར་ཁང་གི་དབུས་སུ་བླ་མ་རྡོ་རྗེ་སེམས་དཔའ་འོད་ཀྱི་སྐུ་ཅན་ཁ་དོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཀྱིས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ་འགྱིང་བ་དང་བཅས་པས་བཞུགས་པ་ལ་མོས་གུས་དུར་བྱས་པས། དེའི་སྐུ་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་བྱུང་རང་གི་ཚངས་བུག་ནས་ཞུགས། ལུས་ཐམས་ཅད་གང་བས་རྣམ་སྨིན་གྱི་ཕུང་པོ་གདོས་བཅས་ཀྱི་ཆ་སྦྲུལ་གྱི་ཤུན་པ་བརྗེས་པ་ལྟར་སོང་། ལུས་ཕྱི་ནང་སྒྲིབ་མེད་ཤེལ་གོང་ཕྱིས་པ་ལྟར་གྱུར། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ལ་ངག་ཏུ། སྤྱི་བོར་ཟླ་གདན་འོད་ཀྱི་གུར་ཁང་དབུས། །བླ་མ་རྡོ་རྗེ་སེམས་དཔའ་རབ་དཀར་བ། །དེ་ལ་མོས་གུས་བྱས་པས་བདུད་རྩི་བབས། །རྣམ་སྨིན་ལུས་སྦྱངས་སྡིག་སྒྲིབ་དག་པར་གྱུར། །ཅེས་བརྗོད་པས་གསལ་བཏབ་ནས་ཡི་གེ་བརྒྱ་པ་མང་དུ་འདོན། མཐར་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་མོས་ཏེ་ཐུན་བསྡུའོ། །དེ་ནས་ཚོགས་གཉིས་རྫོགས་བྱེད་མཎྜལ་ནི། གནས་ཁང་མཛེས་པར་བརྒྱན། སྟེགས་ཀྱི་ཁར་རིན་པོ་ཆེ་སོགས་ཀྱི་མཎྜལ་སྐྱོན་མེད་ལ་དྲི་བཟང་དང་བཅས་པའི་མེ་ཏོག་ཚོམ་བུ་སོ་བདུན་མ་ལག་ལེན་ལྟར་བཀོད་པ་དང་། མཆོད་པ་ཅི་འབྱོར་ཡང་བཤམ། རང་ཉིད་ཧེ་རུ་ཀ་དཔའ་བོ་གཅིག་པའི་སྐུར་བསྒོམས་པའི་མདུན་དུ། སྐྱབས་ཡུལ་གྱི་སྐབས་ལྟར་དཀོན་མཆོག་ལྦ་ཚོམ་སྤྱན་དྲངས་ཏེ་བཞུགས་པར་མོས་པའི་དྲུང་དུ། སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་ངོ་བོ་ལྷ་མོ་བཅུ་དྲུག་ཏུ་གྱུར་པས། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོས་མཆོད་པར་བསམ་ལ། དེ་ཉིད་གསལ་གདབ་པ་ནི། རང་ཉིད་ཧེ་རུ་ཀར་གསལ་
མདུན་གྱི་མཁར། །དཀོན་མཆོག་རྒྱ་མཚོ་སྤྱན་དྲངས་བཞུགས་པའི་དྲུང་། །ཕྱི་ནང་གསང་བའི་མཆོད་པ་དང་རབ་འབྱམས་ཀྱིས། །འགྲོ་ཀུན་མཆོད་ལྷར་གྱུར་པས་མཆོད་པར་གྱུར། །སངས་རྒྱས་ཀུན་འདུས་བླ་མའི་དྲུང་། །གླིང་བཞི་རི་རབ་བཅས་པ་དང་། །གླིང་བཞི་བྱེ་བ་ཕྲག་བརྒྱད་པ། །བྱེ་བ་འབུམ་དང་དུང་ཕྱུར་བཅས། །མཎྜལ་གཅིག་ཏུ་བསྡུས་ནས་ན། །མོས་བློས་གོང་མ་རྣམས་ལ་འབུལ། །འགྲོ་ཚོགས་སྒོ་གསུམ་ལོངས་སྤྱོད་དང་། །དགེ་ཚོགས་འབུལ་གྱིས་བཞེས་སུ་གསོལ། །ཁང་བཟང་རྟ་བབས་བསིལ་ཁང་རང་། །ཁྲུས་ཁང་བསྲོ་ཁང་ལྡུམ་པ་དང་། །སྐྱེད་ཚལ་གདན་ཁྲི་བླ་བྲེ་གདུགས། །རྒྱལ་མཚན་བ་དན་རྔ་བསིལ་ཡབ། །ཆུ་བཞི་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་མཆོག །རོལ་མོ་སྐུ་ཁྲུས་ན་བཟའ་བརྒྱན། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །གཟིམས་མལ་བང་མཛོད་གཏེར་ལོ་ཏོག །རྫིང་བུ་བ་མཆོག་དཔག་བསམ་ཤིང་། །བཞོན་པ་རྩེད་འཇོ་བཀྲ་ཤིས་བརྒྱད། །རིན་ཆེན་སྣ་བདུན་བཅས་པ་འབུལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །སྟོང་ཆེན་རྟོགས་པར་བྱེད་པའི་རོ། །དྲི་ཆུ་དྲི་ཆེན་་དང་། །ཁུ་ཀླད་བདེ་ཆེན་འབར་བའི་རོ། །མི་རྟ་ཁྱི་བ་གླང་པོའི་ཤ་།ཡེ་ཤེས་བདུད་རྩིར་དག་པ་ཅན། །དཔལ་ལྡན་བླ་མ་མཆོག་ལ་འབུལ། །ཞེས་གྲངས་ཅི་རིགས་བརྗོད་ཅིང་། ཚོམ་བུ་ཁ་གསོ། །དེ་ནས་བདུན་རྣམ་དག་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་
གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་བརྗོད། ཚོགས་ཞིང་འོད་ཞུ་བདག་དང་དབྱེར་མེད་ཅིང་། །དགེ་བས་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །ཅེས་བྱའོ། །དེ་ནས་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་རིམ་པ་སོགས་གཞུང་དུ་གསལ་བ་ལྟར་ཉམས་སུ་ལེན་པར་བྱའོ། །དེ་ལྟར་སྔོན་འགྲོའི་རིམ་པ་རྣམ་འདྲེན་དཔའ་བོ་རིན་པོ་ཆེའི་བཀས་བསྐུལ་ལྟར། རྗེ་ཆོས་ཀྱི་འབྱུང་གནས་ཀྱིས་བསྒྲིགས་པ་སོར་བཞག་ལ། སླར་ཡང་དང་པོའི་ལས་ཅན་རྣམས་འཇུག་བདེའི་ཕྱིར་ཅུང་ཟད་གསལ་བར་བཀོད་པ་པོ་ནི་སི་ཏུ་པདྨ་ཉིན་བྱེད་དབང་པོའོ།། །།མངྒ་ལཾ། །