Nitartha Digital Library
Tibetan
 
no previousསྒྲིག་པ་པོའི་གཏམ།next

སྒྲིག་པ་པོའི་གཏམ།

འཛམ་གླིང་གི་ཡང་རྩེར་ཆགས་པའི་འུ་ཅག་ཁ་བའི་ལྗོངས་འདིའི་སྣོད་བཅུད་མཛེས་སྡུག་ལྡན་ཞིང་འདོད་ཡོན་ཕུན་སུམ་ཚོགས་པས་འཕགས་ཡུལ་པ་རྣམས་ཀྱིས་ལྷ་གནས་སུམ་ཅུ་རྩ་གསུམ་ཞེས་འབོད། ང་ཚོའི་ཕ་ཁྱིམ་དྲོད་མོ་འདི་རུ་རྐང་རྗེས་བཞག་པའི་བློ་ལྡན་དུ་མ་ཞིག་གིས་ཆོས་ཀྱི་གནས་སྣང་དང་མཐུན་པའི་ཤེས་བྱ་གང་མང་གསར་གཏོད་བྱས་ཤིང་ཤར་ནུབ་ཡུལ་གྲུ་གཞན་པར་དར་བའི་རིག་གཞུང་བཟང་རིགས་རྣམས་འཚོལ་སྡུད་དང་གོང་སྤེལ་བརྒྱུད་མར་བྱས་རྐྱེན་བོད་རིག་པ་ཞེས་འཛམ་གླིང་སྟེང་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་ནི་དོན་ལ་གནས་པ་ཞིག་རེད། དེར་བརྟེན་ང་ཚོ་བོད་པའི་གཞོན་སྐྱེས་རྣམས་ཀྱི་འགན་འཁྲྀ་གཙོ་བོ་ནི་སྔར་ཡོད་བོད་ཀྱི་རིག་གཞུང་རྣམས་ཀྱི་རྒྱུན་འཛིན་ཐོག ཕྱི་ནང་གང་ས་ནས་བྱུང་བའི་རིག་གསར་རྣམས་དར་སྤེལ་བྱ་རྒྱུ་དེ་ཡིན་པས་བག་མེད་སོས་དལ་དུ་སྡོད་ཁོམ་ག་ལ་ཡོད། ཕྲན་གྱིས་ཀྱང་རང་འཁྲིའི་འགན་དུ་བསམས་ཏེ་ཐེངས་འདིར་རྒྱལ་ཚབ་གྲགས་པ་དོན་གྲུབ་ཀྱི་ལམ་སྒྲོན་འགྲེལ་བ་པར་སྐྲུན་བྱ་བའི་ལས་ཀར་ཞུགས་པ་ཡིན། འདི་ནི་རྒྱ་གར་གྱི་མཁས་པ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མདོ་སྔགས་ཡོངས་སུ་རྫོགས་པའི་སྙིང་དོན་ཕྱོགས་གཅིག་ཏུ་དྲིལ་བའི་གཞུང་ལ་སྔོན་གྱི་བཀའ་གདམས་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ཇི་བཞིན་བཀོད་པའི་བསྟན་བཅོས་ལྷད་མེད་ཅིག་ཡིན་སྟབས་རིས་མེད་མཁས་པ་རྣམས་ཀྱི་སྦྱང་བྱའི་གཞུང་གལ་ཆེན་ཞིག་ཡིན་པ་ཆོས་འབྱུང་རྣམས་སུ་གསལ། ཡིན་ནའང་དུས་ཀྱི་འཕེལ་འགྲིབ་ལ་བརྟེན་ནས་དཔེ་རྒྱུན་ཙམ་ཡང་མཐོང་དཀོན་པའི་ཚད་དུ་བསླེབས་འདུག་པ་མྱུར་སྐྱོབ་དང༌། རང་གཞན་ཐམས་ཅད་བདེ་བ་ནས་བདེ་བར་བགྲོད་པར་འདོད་པའི་ལྷག་བསམ་ཁོ་ནས་བཤད་པའི་བླ་མ་དམ་པ་རྣམས་ཀྱི་གསུང་ཚིག་དུམ་བུ་རེས་ཀྱང་གཏན་བདེར་དགོད་པའི་ནུས་པ་དམིགས་བསལ་རེ་ཡོད་པ་དེས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་བློ་གྲོས་དང་ལུས་སེམས་ཞི་བདེའི་ཚོར་བ་རང་ཤུགས་འཐོབ་ཀྱི་ཡོད་ཕྱིར་བྱ་བ་དོན་ལྡན་ཞིག་ཏུ་རློམ། མ་དཔེ་དབུ་ཅན་ལག་བྲིས་ཆེས་རྙིང་པ་ཞིག་ལག་སོན་བྱུང་བར་མཚན་བྱང་མི་བདོག་ནའང་བཤད་པར་དམ་བཅའ་བའི་ཚིག་ལ་གཞི་བཅོལ་ཏེ། བྱང་ཆུབ་ལམ་གྱི་སྒྲོན་མ་རྣམ་པར་འགྲེལ་བ་མར་གྱི་ཉིང་ཁུ་ཞེས་བྱ་བ་བཞུགས་སོ། །ཞེས་པ་བཀོད་ཡོད། ཡུམ་རྒྱན་གྱི་ལུང་དྲངས་པ་ལས། བྱང་ཆུབ་སེམས་དཔའ་གང་དག་གནས། །ཞེས་པ་ཆད་པ་དང༌། དྲག་ཤུལ་ཅན་གྱིས་ཞུས་པའི་མདོའི་ལུང་དྲངས་པ་ལས། གང་ཞིག་ལས་ཕ་རོལ་ཏུ་ཕྱིན་པ་དྲུག་སྟོན་པའི་ཚིགས་སུ་བཅད་པ་གཅིག་ཐོས་ནས། ཞེས་པ་ལྷག་པ་ལྟ་བུ་ཆད་ལྷག་ཤོར་བའི་རིགས་འགའ་ཞིག་སྡེ་དགེའི་བཀའ་བསྟན་དུ་བཞུགས་པའི་གཞུང་སོ་སོར་ཁུངས་བཅོལ་ཏེ་དག་པར་བྱས་པ་ཙམ་ལས། དང་པོ་མངལ་དུ་ཞུགས་པའི་ནུབ་མོ་ནས། །སོགས་ཀྱི་ལུང་སྐྱེས་རབས་ནས་ཡིན་ནའང་སློབ་མ་ལ་སྤྲིངས་པ་ལས་གསུངས་པ་དང༌། མ་དྲཽས་པས་ཞུས་པའི་མདོ་བོད་འགྱུར་རང་དུ། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །དེ་ལ་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་གསུངས། །སྟོང་ཉིད་གང་ཤེས་དེ་ནི་བག་ཡོད་པའོ། །ཞེས་པ་ཡོད་ནའང༌། བསྟན་བཅོས་སུ་ལུང་དྲངས་པའི་བོད་འགྱུར་རྣམས་སུ། གང་ཞིག་བརྟེན་ནས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་ཡོད་པ་བཞིན་འདིར་ཡང་འདུག་པ་དང༌། དེང་སང་གི་དག་སྦྱོར་དང་མི་མཐུན་པའི་འབྲི་སྲོལ་འགའ་རེ་བདོག་པ་རྣམས་ཀྱང་སྔར་རྒྱུན་རང་སོར་བཞག་པ་ལས་རས་གཅོད་མ་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་བློ་ལྡན་དག་གིས་ཡིད་ཆེས་ཀྱི་གནས་སུ་བཟུང་བར་འོས་སོ་སྙམ་མོད། ད་དུང་བློ་རྒྱ་ཆུང་ཞིང་དུས་ཡུན་ཐུང་བས་ཞུ་སྒྲིག་གི་ཐད་ཞན་ཆ་མི་ཉུང་བ་ཡོད་ངེས་ཕྱིར་དགོངས་འཆར་ལྷུག་སྩོལ་ཡོང་བའི་འབོད་སྐུལ་ཞུ་བ་ཡིན། གཞུང་འདིའི་མ་དཔེ་འཚོལ་སྒྲུབ་ཀྱིས་རྩིས་འཕྲུལ་དུ་བཅུག་སྟེ། གཞི་རྩའི་དཔེ་བསྡུར་དང་ཞུ་དག་གི་ཕྱག་ལས་སྐུ་ཞབས་བསྟན་ཆོས་ལགས་ནས་བགྱིས་ཤིང༌། འགྲོ་སོང་གི་སྦྱིན་བདག་སྐུ་ཞབས་བརྩོན་འགྲུས་ལགས་ཀྱིས་གནང་བ་དག་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་མ་ཚད་བསམ་དོན་ལྷུན་འགྲུབ་ཡོང་བའི་སྨོན་ལམ་བྱའོ། །


ཞེས་སྐྱོ་བྲག་དཔའ་བརྟན་གྱིས།

སྤྱི་ལོ༢༠༠༩ལོའི་ཟླ༡༢པའི་ཚེས༢༣ཉིན་སྦྱར་བའོ།།


no previousསྒྲིག་པ་པོའི་གཏམ།next