འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས།
དམ་པ་རྒྱ་གར།


DTG073_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་སྨྲ་བའི་སེང་གེའི་སྒྲུབ་ཐབས་བཞུགས། །བླ་དམ་པ་རྣམས་ལ་ཕྱག་ཚལ་ལོ། །ཤེས་རབ་འཕེལ་བར་འདོད་པ་ཡིས། །སྤང་རྒྱན་གླ་བ་མཚལ་དཀར་གསུམ། །ཡུང་བ་ཙནྡན་ཨ་ཀ་རུ། །སྤང་སྤོས་དབང་ལག་ཤུ་དག་གསུམ། །གསེར་མདོག་རྒྱ་སྐྱེགས་ཤིང་མངར་གསུམ། །དཔའ་བོ་བཅུ་གཉིས་བསྡུས་ནས་ནི། །ཞིབ་པར་བཏགས་ཏེ་སྦྲང་རྩི་དང༌། །བ་དམར་འོ་མས་རི་ལུ་བྱ། །བརྒྱ་དང་རྩ་བརྒྱད་བྱས་ནས་ནི། །རི་ལུ་རྣམས་ལ་ཧྲཱིཿ་དང་དྷཱིཿ། །བྲི་བའི་སྣག་ཚ་གུར་ཀུམ་དང༌། །རྒྱ་སྐྱེགས་གི་ཝང་བསྲེས་པས་བྲི། །རིན་ཆེན་སྣོད་དུ་བླུགས་བྱས་ནས། །པདྨ་སེར་པོ་འདབ་བརྒྱད་དབུས། །གོང་གི་རི་ལུ་བཞག་བྱས་ནས། །དམར་སེར་དར་གྱི་གུར་ཡང་དབུབ། །ཤར་དུ་ཁ་བལྟས་སྟོང་ཉིད་བསྒོམ། །སྟོང་ཨཱི་ངང་ལས་སེང་གེའི་གདན། དེ་སྟེང་པདྨ་ཟླ་བའི་དབུས། །ཡི་གེ་དྷཱིཿ་དམར་ཚེག་དྲག་ཅན།།འོད་ཟེར་དམར་པོ་འཕྲོ་བ་ཡི། །དེ་ལས་བདག་ཉིད་འཇམ་དཔལ་ནི། །སྐུ་མདོག་དམར་པོ་རྒྱན་དང་ལྡན། །འོད་ཟེར་དམར་པོ་འཕྲོ་བ་ཅན། །གཡས་པ་རལ་གྲི་གཡོན་པ་ན། །པུ་སྟི་བསྣམས་ཤིང་རྒྱན་དང་ལྡན། །རལ་པའི་ཐོར་ཚུགས་གྱེན་དུ་འགྲེང༌། །དེ་ལྟར་བདག་ཉིད་བསམས་ནས་ནི། །ཐུགས་ཀར་བྷཱུཾ་ལས་འཁོར་ལོ་བསམ། །ལྟེ་བར་རལ་གྲི་སོར་བཞི་པ། །རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། །འོད་ཟེར་དམར་པོ་འཕྲོས་ནས་ནི། །ཡེ་ཤེས་སེམས་དཔའ་སྤྱན་དྲང་གཞུག །མདུན་གྱི་ལྷུང་བཟེད་དབུས་སུ་ནི། །ཡི་གེ་ཧྲཱིཿ་ལས་དབྱངས་ཅན་མ། །སྐུ་མདོག་སྔོན་མོ་གཟི་བརྗིད་ཅན། །གཡས་ན་རལ་གྲི་གཡོན་པུ་སྟེ། །བསྣམས་ཤིང་རྒྱན་དང་ཡང་དག་ལྡན། །ཐུགས་ཀར་རལ་གྲི་སྔགས་ཀྱིས་བསྐོར། །འོད་ཀྱིས་ཡེ་ཤེས་སྤྱན་དྲང་གཞུག །མདུན་དུ་སངས་རྒྱས་ཐམས་ཅད་དང༌། །བྱང་ཆུབ་སེམས་དཔའ་རྣམས་


DTG073_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བསམ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བློ་ཡི་མུན་པ་བསལ་བར་བསམ། །དེ་ལྟར་བསམས་ནས་དང་པོ་ནི། །བདག་གི་ཐུགས་ཀར་རལ་གྲི་དང༌། །ས་བོན་དྷཱིཿ་དང་བཅས་པ་ལས། །འོད་ཟེར་དམར་པོ་འཕྲོས་པ་ཡིས། །བདག་གི་སྣ་བུག་གཡས་ནས་བྱུང༌། །དབྱངས་ཅན་མ་ཡི་གཡོན་དུ་ཞུགས། །ཐུགས་ཀའི་སྔགས་དང་ཧྲཱིཿ་ལ་ཐིམ། །ཐུགས་ཀའི་གནས་ནས་ཚུར་ལ་བྱུང༌། །བདག་གི་ཐུགས་ཀར་ཞུགས་པ་ལས། །ཨཱ་ལི་ཀཱ་ལིའི་སྔགས་སུ་གྱུར། །ཁོང་པའི་ནང་དང་བ་སྤུའི་གསེབ། །བག་ཏུ་མེད་པས་ཁེངས་པར་བསམ། །བར་གྱི་སྔགས་ཀྱི་ཕྲེང་བ་ལས། །འོད་ཟེར་དཔག་ཏུ་མེད་པ་འཕྲོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །དུས་གསུམ་བླ་མ་ཡི་དམ་དང༌། །དཔའ་བོ་དཔའ་མོ་ལ་སོགས་པའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་བསྟིམ། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །བློ་ཡི་མུན་པ་བསལ་བར་བསམ། །ཡང་གཅིག་འཕྲོས་པའི་བྱིན་རླབས་ཀྱིས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །དགེ་བཤེས་རྣམས་ཀྱི་ནུས་མཐུ་དང༌། །མཐའ་ཡི་ནོར་བུའི་འོད་ཟེར་དང༌། །རྩི་ཤིང་ནགས་ཚལ་བཅུད་རྣམས་བསྡུས། །བདག་དང་ལྷ་མོའི་སྤྱི་བོར་བསྟིམ། །ལུས་ལ་ཡེ་ཤེས་བདུད་རྩིས་གང༌། །དེས་ནི་ཤེས་རབ་འཕེལ་བར་བསམ། །བཟླས་པ་བྱེད་པའི་དུས་དག་ཏུ། །མདུན་དུ་རི་ལུ་ལ་དམིགས་ཤིང༌། །སྔགས་ནི་སྟོང་ཕྲག་བཞི་རུ་བཟླས། །ཨོཾ་ཧྲཱིཿ་དྷཱི་མ་མེ་དཱི་པ་མཉྫུ་ཤྲཱི་མུཾ། པྲཛྙཱ་དྷཱ་ཏུཿ་ཧྲཱིཿ་སྭཱ་ཧཱ། བརྒྱ་རྩས་མི་བརྗེད་གཟུངས་ཐོབ་འགྱུར། །སྟོང་གིས་སྒྲ་སྐད་ཀུན་ལ་མཁས། །ཁྲི་ཕྲག་གཅིག་ནི་བཟླས་གྱུར་ན། །ཉི་མ་རེ་རེ་དག་ལ་ཡང༌། །ཤཱོ་ཀ་ནི་ལྔ་སྟོང་རེ། །འཛིན་འགྱུར་འདི་ལ་ཐེ་ཚོམ་མེད། །མངོན་པར་ཤེས་པ་འཆར་བ་དང༌། །གཞན་གྱི་སེམས་ནི་ཤེས་པ་དང༌། །ཡི་གེའི་རིགས་ནི་ཐམས་ཅད་ཀྱང༌། །ཐོགས་པ་མེད་པར་ཤེས་པར་འགྱུར། །སྒྲ་དང་བསྟན་བཅོས་ཐམས་ཅད་ཀྱང༌། །བཀའ་བཞིན་རྩོམ་པར་ནུས་པ་ཡིན། །ཕྱིས་ནི་ས་ཡི་དབང་ཕྱུག་འཐོབ། །རི་ལུ་རྒྱལ་ཆེན་བཞིར་མཐོང་ན། །ཤེས་རབ་འཇམ་པའི་རྡོ་རྗེ་དང༌། །སངས་རྒྱས་ཀུན་དང་མཉམ་པར་འགྱུར། །རི་ལུ་དབྱངས་ཅན་མར་མཐོང་ན། །སངས་རྒྱས་ཞིང་དུ་འགྲོ་བར་འགྱུར། །རི་ལུ་ཉི་ཟླར་མཐོང་གྱུར་ན། །སྔོན་གྱི་


DTG073_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་དྲན་པར་འགྱུར། །རི་ལུ་འོད་དུ་མཐོང་གྱུར་ན། །སྨྲ་བཞི་དག་ལ་མཁས་པ་དང༌། །འོད་དང་དུང་དང་རྔ་སྒྲ་དང༌། །རླུང་དང་ཉི་མ་མེ་ཏོག་དང༌། །ཡི་གེ་འདྲི་ཀློག་མཐོང་བ་དང༌། །སྣག་ཚ་འཐུངས་དང་ཉམས་དགའ་དང༌། །མེ་ཏོག་འཛུགས་དང་ཞིང་རྨོ་བ། །ཤེས་རབ་འཕེལ་བའི་རྟགས་སུ་འདོད། །དེ་ནས་མདུན་གྱི་སངས་རྒྱས་དང༌། །དབྱངས་ཅན་མ་དང་བཅས་པ་རྣམས། །འོད་དུ་ཞུ་ནས་རིལ་བུར་ཐིམ། །ནང་མ་ཉི་ཤུ་རྩ་གཅིག་ལ། །རིལ་བུ་རེ་རེ་ཟོས་གྱུར་ན། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །དང་པོར་རྗེས་གནང་ཐོབ་ནས་ནི། །སྐར་མ་རྒྱལ་ལ་བསྒྲུབ་པར་བྱ།། གཅིག་དང་བརྒྱད་དང་བཅོ་ལྔ་ལ། །བསྒྲུབས་ན་ཤེས་རབ་འཕེལ་བར་འགྱུར། །བརྫུན་དང་ཤ་ཆང་སོགས་པ་དང༌། །སྔོ་ངད་ལ་སོགས་གཡེང་བ་དང༌། །འཁོན་དང་ཞེ་སྡང་དྲག་པོ་དང༌། །གྲོགས་ངན་མྱ་ངན་སྨྲེ་སྔགས་དང༌། །སེམས་ལ་གནོད་པའི་ལས་རྣམས་སྤང༌། །བཟའ་བ་བདོག་པ་ཐམས་ཅད་ཀྱིས། །འཇམ་པའི་རྡོ་རྗེ་མཆོད་ནས་ནི། །རྟག་ཏུ་ལྷ་ལ་གསོལ་བ་གདབ། །སེམས་ཅན་རྣམས་ལ་སྙིང་རྗེ་བསྒོམ། །གལ་ཏེ་ལས་འཕྲོ་ཡོད་གྱུར་ན། །སྲིད་པའི་འཆིང་བ་ཐམས་ཅད་ཀུན། །ཉི་མ་གཅིག་གིས་གྲོལ་བར་འགྱུར། །འབྲིང་གིས་གཉིས་ཀྱིས་རྟོགས་པ་སྟེ། །ཉི་མ་གསུམ་དུ་བསྒྲུབས་གྱུར་ན། །ལས་འཕྲོ་མེད་ཀྱང་འགྲུབ་པར་འགྱུར། །གཞན་གྱི་རྩོད་པ་བཟློག་པ་ནི། །དཔྲལ་བར་དྷཱིཿ་ཡིག་དམར་པོ་བསམ། །དྷཱིཿ་ལས་འོད་ཟེར་འཕྲོས་ནས་ནི། །ཁོ་ཡི་ཤེས་པ་བཀུག་ནས་ཀྱང༌། །སྲིན་ལག་བཞི་ལ་བསྟིམ་ནས་ནི། །ཨོཾ་ཧྲཱིཿ་དྷཱིཿ་ཆེ་གེ་མོ་ན་ན་ཧཱུཾ་ཕཊ། །རྩོད་པ་ཀུན་ལས་རྒྱལ་བར་འགྱུར། །གཅན་གཟན་རྒྱལ་པོ་སེང་གེའི་སྒྲ་བསྒྲགས་པས། །དུར་ཁྲོད་ཝ་ཚོགས་ཐམས་ཅད་བརྒྱལ་བར་འགྱུར། །ཉོན་མོངས་དུག་རྣམས་འཇོམས་བའི་ཤེས་རབ་མཆོག །བདག་གིས་འཇམ་པའི་དཔལ་ལ་རབ་ཞུས་པས། །འགྲོ་རྣམས་ཤེས་རབ་གྲུ་ཡིས་འདོན་པར་ཤོག །རྗེ་བཙུན་དམ་པ་རྒྱ་གར་གྱི་གདམས་པ་རྫོགས་སོ།།