སྙིང་གི་དུག་སྦྱོང་བ།
― DTG073_Page_0311 ―
[མ་དཔེ་གཟིགས་ན་འདིར་གནོན།]
དཔལ་འཇིག་རྟེན་མགོན་པོ་དུག་ཐམས་ཅད་འཇོམས་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་ཅན་གྱིས་སློབ་མའི་སྙིང་གི་དུག་སྦྱང་བ། །འཇིག་རྟེན་གསུམ་མགོན་རྟག་པ་མཆོག །རྟག་ཏུ་མཉམ་པར་གཞག་པར་བྱ། །ལྔ་ཕུད་རྒྱལ་པ་རྣམ་ལྔ་བདག །སྤྱན་རས་གཟིགས་དཔལ་སྔར་བྱས་ན། །རྡོ་རྗེ་སློབ་དཔོན་རྡོ་རྗེ་ཆེ། །རྣམ་དག་རྡོ་རྗེ་འབར་བའི་དབུས། །ལེགས་གཞག་ཤིན་ཏུ་དངས་པ་ཡིས། །མཆོད་པ་ཀུན་གྱིས་རབ་ཏུ་མཆོད། །དེའི་མཐར་ཡི་གེ་བཞིས་བརྒྱན་པ། །ཐབས་དང་ཤེས་རབ་འོད་ཟེར་འཕྲོས། །སྙིང་གི་མུན་པ་སེལ་མཛད་ནི། །དྲན་པའི་རྒྱས་གདབ་མཁས་པས་བསྒོམ། །སྐྱེ་བོ་ཐིབས་པོ་ཐམས་ཅད་ལ། །བརྩེ་ཆེན་རླུང་བསྐྱོད་ཡེ་ཤེས་མེ། །ཨ་ཕྲེང་སོགས་བཅས་ཕྱོགས་ཀུན་དུ། །སྤྲོ་ཞིང་བསྡུ་བས་དོན་གཉིས་བསྒྲུབ། །དེ་འོག་རྡོ་རྗེ་འཛིན་པ་ཡི། །ཐུགས་ཀར་འོད་ཟེར་གསུམ་རིམ་གྱིས། །ཡེ་ཤེས་མཁའ་འགྲོ་བཀུག་ནས་ནི། །གསང་སྔགས་འགོག་པས་བཟླས་པར་བྱ། །སྔགས་ལས་སྐྱེས་དང་སྐུ་ལས་སྐྱེས། །འོད་ཟེར་ལས་སྐྱེས་ཨ་ཕྲེང་གིས། །ཇི་སྲིད་སློབ་དཔོན་སྐུ་གང་པ། །དེ་སྲིད་མ་ཡེངས་བརྩོན་པར་བྱ། །ནམ་ཞིག་སྙིད་ལ་དགའ་བས་ཁྱབ། །བ་སྤུ་གྱེན་འགྲོ་མཆི་མ་གཡོ། །སེམས་ལ་ཏིང་འཛིན་རང་བྱུང་བ། །དེ་ནས་བདག་ལུས་ཀུན་ཁྱབ་བྱ། །སྙིང་གི་དུག་སྤྱོད་བ་རྫོགས་སོ།།
|