རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས་ཞེས་བྱ་བ།
དཔའ་བོ་རྡོ་རྗེ།


DTG079_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཀུ་བེ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས་ཞེས་བྱ་བ། ངལ་སོ་རྒྱལ་པོ་ལ་ཕྱག་འཚལ་ལོ། །དང་པོར་སྣོད་ལྡན་གང་ཟག་གིས། །གནས་རྣམས་ཤིན་ཏུ་དབེན་པ་རུ། །རྡོ་རྗེ་འཆང་བ་བསྒྲུབ་པར་བྱ། །དེ་ནས་ལས་རྣམ་མྱུར་འདོད་ན། །བཀའ་ཡི་ཕོ་ཉ་བསྒྲུབ་པར་བྱ། །དེ་ཡང་རང་རྒྱུད་དག་དང་ནི། །གཙོ་བོ་འཁོར་དུ་གནས་པའོ། །ཐབས་ནི་ཚོགས་བསགས་ཚད་མེད་བསྒོམ། །སྲུང་བ་སྟོང་ཉིད་དང་དུ་བྱ། །པདྨའི་གདན་སྟེང་ཧཱུཾ་ལས་ནི། །མཆོད་རྟེན་ལ་ནི་སྐུ་བསྐྱེད་དོ། །ལྗང་གུ་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་མཆོད་རྟེན་གདུག་པ་སེལ། །གཡོན་ན་ནོར་ལྡན་ནེའུ་ལེ་འཛིན། །རང་བཞིན་གནས་པ་སྤྱན་དྲང་ལ། །དབང་བསྐུར་བྱིན་བརླབ་ཚུལ་བཞིན་བྱ། །མཆོད་པ་རྣམས་ནི་ཕུལ་ནས་ནི། །བསྟོད་པ་འདི་དག་བརྗོད་པར་བྱ། །བསྟན་བསྲུངས་རྒྱལ་པོ་ཆེན་པོ་ནི། །མཆོད་རྟེན་གྱིས་ནི་དོན་རྣམས་བསྒྲུབ། །རིན་ཆེན་ནེའུ་ལེ་བསྣམས་ནས་ནི། །དགོས་འདོད་སྟེར་བའི་ལྗང་གུ་བསྟོད། །བསྐྱེད་རིམ་རྫོགས་ནས་བཟླས་པ་བྱ། །སེམས་དཔའ་སུམ་བརྩེགས་ལྡན་པ་ལ། །འོད་ཟེར་སྤྲོ་བསྡུ་འཁོར་ལོའི་ཚུལ། །སྒྲུབ་པའི་དུས་སུ་སྤྲོ་བསྡུ་སྤང༌། །དགུག་སོགས་མན་ངག་བཞིན་དུ་བྱ། །རྟགས་མ་བྱུང་བར་འཕྲོ་མི་གཅོད། །སྔགས་ནི། ཨོཾ་ནཱི་ལཱ་མྦ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཡཀྵ་དྷི་པ་ཏེ་ཡེ་སྭཱ་ཏེ། ཨ་མུ་ཀཾ་མཱ་ར་ཡ་ཕཊ། དམ་ཚིག་བརྟན་ཞིང་གཏོར་མ་སྦྱིན། །དེ་ནས་རང་རྒྱུད་སྒྲུབ་འདོད་ན། །གཙོ་བོ་འཁོར་དུ་བཅས་པ་ཡང༌། །ཚོགས་བསགས་ལ་སོགས་གོང་མ་


DTG079_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །འཁོར་ལོ་ཆེན་པོའི་ལྟ་བར་གཙོ། །མདུན་དུ་རྒྱལ་པོ་བསྐྱེད་པར་བྱ། །བཀའ་བསྒོ་ལ་སོགས་ལས་དང་སྦྱོར། །དགུག་དང་བསད་ལ་སོགས་པ་ཡི། བསྒྲུབ་པ་ཅི་རིགས་ཤེས་བྱ་སྟེ། །འཁྲུལ་འཁོར་སྦྱོར་བ་དག་ཏུ་ཤེས། །རྣལ་འབྱོར་སྒྲུབ་པར་བྱེད་འདོད་ན།། གནོད་སྦྱིན་གཡས་སུ་བསྐྱེད་བྱས་ལ། །བཀའ་བསྒོ་རྒྱལ་པོར་བྱ་བར་རིགས། །ཀླུ་རྒྱལ་གཡོན་དུ་བཀོལ་བའི་ཕྱིར། །བདེ་གཤེགས་སྤྲུལ་པ་སྒྲུབ་འདོད་ན། །མདུན་མ་མ་གཡོན་དུ་པདྨ་ལ། །ཆོ་ག་གསུམ་མམ་སྐད་ཅིག་ལས། །སྐུ་མདོག་དཀར་པོ་སྦྲུལ་ཞགས་ཅན། །དེ་འདྲའི་ཀླུ་རྒྱལ་སྤྱན་དྲངས་བསྟིམ། །མཆོད་བསྟོད་གང་འདོད་བཟླས་བ་བྱ། །དམ་ལམ་ཐོགས་ཀླུ་རྣམས་ནི། །སྒྲུབ་པ་པོ་ལ་བར་ཆད་བྱེད། །དང་པོ་ཞི་བས་གདུལ་བར་བྱ། །མ་ཉན་དྲག་པོའི་ལས་རྣམས་བརྩམས། །གསོད་ན་དོང་དུ་གཟུགས་བརྙན་གཞུག །དགུག་ལ་བསད་སྔགས་ཤེས་པར་བྱ། །ཁྲོ་བོ་འམ་ཡང་ན་མཚོན་ཆ་ཡིས། །ལུས་རྣམས་གཏུབ་ཅིང་གསད་པར་བྱ། །ཡང་ན་སྦྱིན་སྲེག་རྣམས་ཀྱང་བྱ། །ཡང་ན་འཁྲུལ་འཁོར་སྦྱོར་བ་བྱ། །ཡང་ན་མ་མོ་རྣམས་ཀྱང་བསྐུལ། །གནོད་ན་གྲོ་ག་རྣམས་ལ་ནི། །གཟུགས་བྲི་འོད་ཟེར་རྣམས་ཀྱིས་དགུག །དེ་ནས་ཞིང་ཆེན་ནང་དུ་གཞུག །ཁ་དག་བ་མཚོན་བཅིང་ཐལ་བས་དགང༌། །ཡང་ན་ཕ་བོང་དུག་ལ་སོགས། །གོང་མ་བཞིན་དུ་ཤེས་པར་བྱ། །བསྐྲད་སོགས་གཞན་ཡང་མན་ངག་སྦྱར། །རྒྱལ་པོ་ཆེན་པོ་ལུས་ངན་པོའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སློབ་དཔོན་ཆེན་པོ་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སོ།། །།སྒྲ་པ་ཆེན་པོ་རྒྱལ་པའི་སྙན་ལ་ལེགས་པར་ཞུས་ཞིང་བསྟན་བཅོས་ཀྱི་སྐད་ཅུང་ཟས་ཤེས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་དཔལ་ཐར་པའི་གླིང་གི་གཙུག་ལག་ཁང་དུ་ལེགས་པར་བསྒྱུར་བའོ།།