Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་རེ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པའི་ཚོགས་བསགས་པའི་ཐབས།  འཇམ་དཔལ་བཤེས་གཉེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པའི་ཚོགས་བསགས་པའི་ཐབས། འཇམ་དཔལ་བཤེས་གཉེན།next

འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པའི་ཚོགས་བསགས་པའི་ཐབས།
འཇམ་དཔལ་བཤེས་གཉེན།


DTG065_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་པ་བསགས་པའི་ཐབས་ལ། འཇམ་དཔལ་རྡོ་རྗེ་ལ་སོགས་པ། །རྒྱལ་བ་སྲས་དང་བཅས་པ་ལ། །ལུས་ངག་ཡིད་གསུམ་གུས་ལྡན་པས། །ཀུན་ནས་བཏུད་དེ་ཕྱག་འཚལ་ལོ། །སངས་རྒྱས་ཞིང་དུ་གང་བསྔགས་དང༌། །འཇིག་རྟེན་དག་ན་མཆོག་གྱུར་པ། །རིན་ཆེན་མེ་ཏོག་བདུག་སྤོས་སོགས། །ཀུན་ནས་སྤྲུལ་ཏེ་མཆོད་པར་བགྱི། །བདག་གིས་སྔོན་ཆད་བྱས་པའི་སྡིག །ཀུན་ནས་བསགས་པར་གང་གྱུར་པ། །རང་བཞིན་མེད་དང་ཡོད་ཚུལ་གྱིས། །རྒྱལ་བ་ཀུན་གྱི་སྤྱན་སྔར་བཤགས། །མགོན་པོ་རྣམས་ཀྱི་བསོད་ནམས་དང༌། དམན་པའི་དགེ་བ་ཐམས་ཅད་ལ། །དེ་བཞིན་མཐུན་པར་ལྷག་སེམས་ཀྱིས། །དད་པས་རྗེས་སུ་ཡི་རང་ངོ༌། །བདེ་གཤེགས་བྱང་ཆུབ་སེམས་བསྐྱེད་ནས། །འགྲོ་བ་ཐུགས་རྗེས་འདུལ་སླད་དུ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། །ཚངས་པ་བཞིན་དུ་གསོལ་བ་འདེབས། །ཡོངས་སུ་མྱ་ངན་འདའ་བཞེད་ལ། །འགྲོ་བ་ཡུན་དུ་བདེ་བའི་ཕྱིར། །ཇི་སྲིད་འཁོར་བ་དེ་སྲིད་དུ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །ཇི་སྲིད་འཁོར་བར་གནས་པར་དུ། །བདག་གི་དགེ་པའང་དེ་བཞིན་དུ། །ཀུན་ནས་ཟད་པར་མི་འགྱུར་བར། །སེམས་ཅན་ཡོངས་སུ་སྨིན་པར་ཤོག །དུས་འདི་ནས་ནི་བཟུང་ནས་སུ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །མགོན་པོའི་འབངས་སུ་འབུལ་ལགས་ཀྱིས། །ཐུགས་རྗེས་ཡོངས་སུ་གཟུང་བར་མཛོད། །དུས་འདི་ནས་ནི་བཟུང་ནས་སུ། །བདེ་གཤེགས་ཁྱེད་ཀྱི་བཀའ་བཞིན་དུ། །སེམས་ཅན་ཀུན་དོན་སྒྲུབ་ལགས་ཀྱིས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །རྒྱལ་བ་མཉེས་ཕྱིར་བཟླས་བརྗོད་རིན་པོ་ཆེ། །དང་པས་སྤྱན་སྔར་རྟག་ཏུ་མཆོད་བགྱིད་པས། །ལུས་ངག་དུབ་དང་བསམ་པ་ཡེངས་པ་ཡིས། །ཅུང་ཟད་བདེ་བར་གནས་འཚལ་བཟོད་པར་བཞེས། །དད་པས་བསྐྱེད་པའི་བསོད་ནམས་ཕྲ་མོ་


DTG065_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ཡང༌། །འགའ་ཡང་ཆུད་ཟོས་མི་འགྱུར་དོན་གྱི་ཕྱིར། །གསང་སྔགས་རིན་ཆེན་རྣམ་གྲངས་ཇི་ཙམ་ཞིག །མགོན་པོ་བདག་ཉིད་ལ་ནི་གདམས་པར་བགྱི། །ནད་དང་སྡུག་བསྔལ་ལ་སོགས་དགྲ་བགེགས་དང༌། །འཁོར་བའི་རྒྱ་མཚོར་གནས་པ་སྣ་ཚོགས་དག །འདི་དང་ཕ་རོལ་གཉི་གར་རྟག་ཏུ་འབྱུང༌། །གསང་སྔགས་རིན་ཆེན་འབྲས་བུ་མཆིས་པར་མཛོད། །འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པས་ཚོགས་བསགས་པའི་ཐབས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།།


previousའཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་ཡན་ལག་བདུན་པའི་ཚོགས་བསགས་པའི་ཐབས། འཇམ་དཔལ་བཤེས་གཉེན།next