མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
འཕགས་པ་ཀླུ་སྒྲུབ།
རྒྱ་གར་སྐད་དུ། ཨ་བུ་དྷ་བོ་དྷ་ཀ་ནཱ་མ་པྲ་ཀ་ར་ཎ། བོད་སྐད་དུ། མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱོན་མེད་ཡོན་ཏན་རྒྱ་མཚོ་ཡི། །འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ། །དེ་ཉིད་མ་རྟོགས་རྟོགས་བྱེད་པ། །བདག་གིས་བརྩེ་བས་བྲི་བར་བྱ། །དེ་ནས་གཞན་གྱིས་བརྒལ་བ་དང༌། དགག་པ་དང༌། དེའི་རྟོགས་པ་དང༌། ཆོས་ཀྱི་དེ་ཁོ་ན་ཉིད་དོ། །གཞན་གྱིས་བརྒལ་བ་ནི་གང་ཞེ་ན། སྨྲས་པ། བདག་ཡོད་དོ། །དེ་ཡང་རྟག་པ་དང༌། ཁྱབ་པ་དང༌། གཅིག་པུ་དང༌། བྱེད་པ་པོ་དང༌། ཟ་བ་པོ་ཡིན་ནོ། །འདིར་ཡང་དགག་པ་ནི་བདག་འདི་གང་ཡིན། རེ་ཞིག་ཕུང་པོ་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ཕུང་པོ་བདག་ལས་གཞན་ཡང་མ་ཡིན་ཏེ། འདི་ལྟར་བུམ་པ་ལས་སྣམ་བུ་བཞིན་དུ་ཐ་དད་པ་མི་དམིགས་པའི་ཕྱིར་རོ། །བུམ་པ་ལ་ཆུ་འམ་ཆུ་ལ་སྣམ་བུ་བཞིན་དུ་རྟེན་དང་བརྟེན་པ་ཡང་མ་ཡིན་ནོ། །འབྲས་བུ་དང་ཤུན་པ་བཞིན་དུ་ཕུང་པོའི་གནས་ལུགས་ཀྱང་མ་ཡིན་ནོ། །ཕུང་པོ་ལ་འདུ་བ་ཡང་མ་ཡིན་ཏེ། ཕུང་པོ་རྣམས་ནི་མེད་བ་ཉིད་ཀྱི་ཕྱིར་རོ། །ལྷ་སྦྱིན་བ་ལང་དང་ལྡན་པ་བཞིན་དུ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ། །དེ་ནས་ཕ་རོལ་རྒོལ་བས། འདི་སྐད་སྨྲས་ཏེ། བདག་མེད་ན་དེའི་ཚེ་སྦྱིན་པ་ལ་སོགས་པའི་ལས་དང་འབྲས་བུ་འབྲེལ་པ་དོན་མེད་པར་འགྱུར་ཏེ། ཇི་ལྟར་བ་ལང་ཤིན་རྭ་དང་མཇུག་མ་དང༌། རྨིག་པ་ལ་སོགས་པ་འགྲུབ་བར་འགྱུར་བ་བཞིན་ནོ་ཞེ་
ན། བརྗོད་པ་དཔེའི་ཁྱད་པར་ཉོན་ཅིག །དཔེར་ན་ཟླ་བའི་འོད་ལ་ཐག་པ་ལ་སྤྲུལ་དུ་ཤེས་ནས་སྐྲག་པ་དེ་ལྟ་བུ་ལ་གང་གི་ཆེ་མར་མ་ཐགས་ནས་བལྟ་བ་དེའི་ཚེ་འདི་ནི་ཐག་པ་ཡིན་ལ། འདི་ནི་སྤྲུལ་མ་ཡིན་གྱི་འོན་ཀྱང་སྒྲོ་བཏགས་པ་ཉིད་བསལ་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། གང་ཟག་ལ་བདག་མེད་པ་བསྡུས་པའོ། །ཡང་སྨྲས་པ། རེ་ཞིག་ཐག་པ་ནི་ཡོད་དོ་ཞེ་ན། སྨྲས་པ། འདི་ནི་ཐག་པ་མ་ཡིན་གྱི་རྐྱང་པ་གཉིས་ཡིན་ནོ། །རྐྱང་པ་ཡང་མེད་དེ་རྡུལ་ཕྲ་རབ་འདུས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ཏེ། ཕྱོགས་ཆའི་བྱེ་བྲག་གིས་ཏེ། ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ན། རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང༌། གང་ལ་ཆ་ཤས་ཀྱིས་བརྟགས་ནས། དེ་ཡི་རྡུལ་ཕྲན་ཇི་ལྟར་ཡོད། འོ་ན་མེད་པ་ཡིན་ལ་རག་མོད་ཅེ་ན། དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་མེད་གང་གི་ཡིན་པར་འགྱུར། གང་གིས་དངོས་དང་དངོས་མེད་ཤེས། ཞེས་བྱ་བ་ནི་ཆོས་ལ་བདག་མེད་པའོ། །འདིར་སྨྲས་པ། སྐྱེ་བ་དང༌། གནས་པ་དང༌། འཇིག་པ་ཇི་ལྟར་བལྟ་བར་བྱ་ཞེ་ན། བརྗོད་པ། ཅི་ཞིག་ཡོད་པར་སྲིད་པར་སྨྲས་པ། སྐྱེ་བའོ། །གནས་པ་དང་འཇིག་པ་མེད་པར་སྐྱེ་བ་འདོད་ན་དེའི་ཚེ་རི་བོང་གི་རྭ་ལ་སོགས་པ་དག་གི་སྐྱེ་བ་གང་གིས་ཟློག་པར་བྱེད། སྨྲས་པ། ཡོད་དུ་ཆུག་མོད་ཅེ་ན། སྐྱེ་བ་དང༌། འཇིག་པ་མེད་ན་འོ་ན་གང་གིས་གནས་པ་ཡིན་ཞེ་ན། སྨྲས་པ། འཇིག་པ་ཡང་ཡིན་མོད་ཅེ་ན། དེ་ནི་མི་རིགས་ཏེ། ཇི་ལྟར་གང་ལ་སྐྱེ་བ་དང་འཇིག་པ་མེད་པ་དེ་ལ་འཇིག་པར་འགྱུར་རོ་ཞེ་ན། འོན་ཏེ་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །ཡང་རྣམ་པར་ཤེས་པ་སྨྲ་བས་འདི་སྐད་དུ་སྨྲས་པ། རྣམ་པར་ཤེས་པ་ཡོད་དོ། །བརྗོད་པ། གལ་ཏེ་རྣམ་པར་ཤེས་པ་ཡོད་ན་དེའི་ཚེ་དེའི་རང་གི་ངོ་བོ་སྟོན་ཅིག །ཅི་ངོ་བོ་གཅིག་པ་ཞིག་གམ་ཡང་ན་ངོ་བོ་དུ་མ་ཞིག་ཡིན། རེ་ཞིག་ངོ་བོ་དུ་མ་ཞིག་ཡིན་ཏེ་ཡུལ་དུ་མའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་རོ། །གཅིག་གི་ངོ་བོ་མེད་པ་ན་དུ་མའི་ངོ་བོ་མེད་དོ། །དེ་གཅིག་གི་ངོ་
བོར་ཡང་མ་དམིགས་ལ། དོན་འགའ་ཞིག་ཀྱང་མི་རུང་སྟེ། རང་ངམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ལས་སྐྱེ་བ་མི་འཐད་པའི་ཕྱིར་རོ། །ཡང་སྨྲས་པ། གལ་ཏེ་འདི་དག་ཐམས་ཅད་མེད་ན་ཅི་ཞིག་ཡོད་ཅེ་ན། མགལ་མེའི་འཁོར་ལོ་སྤྲུལ་པ་དང༌། །རྨི་ལམ་སྒྱུ་མ་ཆུ་ཟླ་དང༌། །རླངས་པ་ཕུག་གི་བྲག་ཅ་དང༌། །སྨིག་རྒྱུ་སྤྲིན་དང་མཚུངས་པ་ཡིན། །འདི་ལ་གསལ་ཆ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ལ་ཐམས་ཅད་དམིགས་མེད་དེ། །དམིགས་པ་མེད་པར་རབ་ཏུ་གསལ། །བློ་ནི་དམིགས་པ་མེད་བྱས་ནས། །དམིགས་པ་མེད་པ་འབྱུང་བར་འགྱུར། །མ་རྟོགས་པ་རྟོགས་པར་བྱེད་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་གཉི་ག་བདག་མེད་པར་རབ་ཏུ་གསལ་བར་བྱེད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཨ་ན་ནྟ་དང༌། ལོ་ཙྪ་བ་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར་བའོ།།