མཛེ་ལ་སོགས་པ་ས་བདག་གི་ནད་གསོ་བ།
ཙནྡྲགོམིན།
མཛེ་ལ་སོགས་པ་ས་བདག་གི་ནད་གསོ་བ་ནི། དང་པོ་ལྷའི་རྣལ་འབྱོར་རྫོགས་པར་བྱས་ལ། བསྒྲུབ་བྱས་འཕགས་པ་གདུགས་དཀར་མོའི་སྤྱན་སྔར་སེམས་བསྐྱེད་པ་དང༌། སྐྱབས་སུ་འགྲོ་བ་བྱ་སྟེ། གཟུངས་བྲིས་ནས་གདུགས་སམ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། མཆོད་བསྟོད་བྱ་ཞིང་མདུན་དུ་གདུགས་དཀར་མོ་ཅན་ཕྱག་རྒྱའི་ཚོགས་ཀྱིས་བསྐོར་བར་བསམས་ཏེ། རྟག་ཏུ་ཁྲུས་བྱ་ཞིང་བཟླས་བརྗོད་བྱ་བ་དང༌། ཐུན་མཚམས་སུ་ཚངས་པ་ལ་སོགས་པ་ལ་གཏོར་མ་བྱིན་ལ་གསོལ་བ་གདབ་པ་དང༌། གནོད་པར་བྱེད་པ་ལ་ཡང་གཏོར་མ་བྱིན་ཏེ་གསོལ་བ་གདབ་པར་བྱ་བ་དང༌། གདུགས་དཀར་མོའི་སྲུང་བ་གདགས་ཤིང་ཐ་མར་ཐམས་ཅད་འཇོམས་པས་བསྐྲད་ཅིང་གཟིར་བ་དང༌། ཀུན་སྔར་བཤད་པ་བཞིན་བྱའོ། །དེ་ལྟ་བུའི་གང་ཟག་ལ་ནི་དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང༌། རོ་ལངས་དང༌། མཁའ་འགྲོ་མ་དང༌། རིམས་དང༌། ཤུ་བ་དང༌། གཡན་པ་དང༌། འབྲུམ་བུ་ཕྲ་མོ་དང༌། མཛེ་དང༌། ཕོལ་མིག་དང༌། གཡན་པ་ལ་སོགས་པ་གཞུང་གི་ཕན་ཡོན་དེ་ཡང་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་སོ། །རྐྱེན་ལས་གྱུར་པ་ཐམས་ཅད་ལ། ཕན་ཡོན་ཇི་ལྟར་བཤད་པ་བཞིན་འབྱུང་བར་འགྱུར་རོ། །ནད་གདུག་པ་ཅན་གསོ་བའི་ཐབས་རྫོགས་སོ།།