བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། ཙནྡྲགོམིན།
― DTG073_Page_0153 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། །བྷག་བཱན་ཨཱཪྻ་མཉྫུ་ཤྲཱི་སཱ་དྷིཥྛཱ་ན་སྟུ་ཏི། །བོད་སྐད་དུ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྱིན་རླབས་དང་བཅས་པ། བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལ་ཕྱག་ཚལ་ལོ། །འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ན་འང༌། །བསམ་པ་བླུན་པོའང་བླ་མ་ལ་གུས་དབང་གིས་ཀྱང་ནི་ཁྱོད་ཀྱི་ཡོན་ཏན་བརྗོད་བགྱི་སྟེ། །རབ་ཏུ་དྲེགས་བཅས་ངང་པའི་རྒྱལ་པོའི་སྡེ་དག་གིས་བསྟེན་ཆུ་དང་ལྡན་པའི་ཡིད་བཞིན་མཚོར། །བཞད་རྣམས་ཀྱང་ནི་ཡིད་ལ་རབ་ཏུ་དགའ་བ་བསྐྱེད་དེ་རྒྱུ་ཞིང་རྣམ་པར་གནས་པར་བགྱིད། །ཟུར་ཕུད་གསལ་ལྡན་གསེར་མཆོག་སྙན་ཆས་ལེགས་པར་རྣམ་བརྒྱན་མགུལ་ནི་རབ་ཏུ་སྒེག་བཅས་ཤིང༌། །སྙན་གྱི་གོང་རྒྱན་ཨུཏྤལ་མཛེས་འདྲ་མངའ་སླད་ཁྱོད་ནི་གཞོན་ནུར་རབ་གྲགས་དེ་ལྟ་ནའང༌། །ཀུན་ཏུ་བཟང་པོ་འཇིག་རྟེན་
― DTG073_Page_0154 ―
[མ་དཔེ་གཟིགས་ན་འདིར་གནོན།]
དབང་ཕྱུག་རྡོ་རྗེ་འཛིན་སོགས་རྔ་ཡབ་མཆོག་ཏུ་མཛེས་འཛིན་པའི། །མཁས་པ་རྣམས་ཀྱིས་བླ་མ་ལྟ་བུར་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཁྱོད་ནི་བསྟེན་པར་གྱུར། །དོ་ཤལ་ཕྲེང་བའི་སིལ་སིལ་སྒྲོགས་བྱེད་མཆོག་ཏུ་དགའ་སྐྱེད་སྙན་གདུབ་མངའ་བ་སྤྱི་གཙུག་གི །རིན་ཆེན་འོད་མཛེས་འཕྲོ་བ་དང་ལྡན་གཞོན་ནུའི་ན་ཚོད་དགེ་ལེགས་མངའ་བ་གང་ན་ཡང༌། །བཅོམ་ལྡན་ས་གསུམ་དག་ན་གུས་པས་ཕྱག་བྱར་འོས་པ་ཁྱོད་ནི་རྩེ་གཅིག་ཉེར་ཞི་ཡི། །སྣོད་གྱུར་མཆོད་པར་འོས་འདི་གང་ན་འང་དེ་སླད་སུ་ཞིག་ངོ་མཚར་ཅི་ཕྱིར་སྐྱེ་མི་འགྱུར། །ཤིན་ཏུ་རྣམ་འགྱུར་བཞིན་ལྡན་སྤྲུལ་སྟོང་དག་གི་ཆུན་པོ་གདུ་བུར་བྱས་པ་འཛིན་མཛད་ཅིང༌། །རྣོ་བའི་མཚོན་བསྣམས་གཡུལ་ངོར་རབ་དཔའ་གཤིན་རྗེ་རྣམས་ནི་རབ་ཏུ་སྐྲག་པར་མཛད་པ་ཡི། །མི་བཟད་འཕགས་པ་གཤིན་རྗེའི་གཤེད་དང་བཅས་པར་གྱུར་ཀྱང་ཁྱོད་ནི་ཞི་བའི་དཀྱིལ་འཁོར་ཏེ། །ཆ་ཡི་ཚོགས་ཀུན་ཡོངས་རྫོགས་ལུས་ལྡན་སྟོན་ཀའི་ཟླ་བ་ཉ་བ་ལྟ་བུར་གྱུར་པ་ལགས། །ཁྱོད་ནི་ཆོས་ལམ་ཉེ་བར་སྟོན་ལ་མཁས་ཀྱང་ཆོས་འདིར་འགའ་ཡང་གཟིགས་པ་ཡོད་མ་ཡིན། །ཁྱོད་ནི་སེམས་ཅན་ཕན་ལ་དགྱེས་ཀྱང་སེམས་ཅན་ཉིད་ནི་འགའ་ཡང་དམིགས་པར་གྱུར་མ་ལགས། །བདེ་གཤེགས་དགྱེས་པ་ཕན་ཚུན་དུ་ནི་འགྲིགས་འགྱུར་བའི་མཛད་སྤྱོད་མང་པོ་འདི་འགལ་བས། །ཁྱོད་ནི་ས་གསུམ་ངོ་མཚར་རྒྱུ་གཅིག་གྱུར་པ་དེ་སླད་ཁྱོད་འདིར་བསྙེན་པར་བགྱིད་པ་ལ་ལགས། །གཞན་དོན་འབྲས་བུ་སྨིན་པས་ཤིང་བཞིན་རྣམ་པར་གནས་པས་གངས་ཆེན་ལྟ་བུར་གྱུར་བ་སྟེ། །བརྟན་པ་ཡི་ནི་རི་རབ་དང་འདྲ་གྲུབ་པས་བསྟེན་པས་རི་རྒྱལ་མ་ལ་ཡ་དང་མཚུངས། །གཏི་མུག་རབ་རིབ་ཞི་བར་མཛད་པས་ཉི་མ་བཞིན་ཏེ་ཕུན་སུམ་ཚོགས་གཟུགས་ཟླ་འདྲ་ཡི། །མགོན་ཁྱོད་གཞན་དོན་མཛད་སླད་འགྲོ་ན་བྱིས་པ་རོལ་འདྲའི་མཛད་པ་ཡིས་ནི་རྣམ་པར་རྒྱུ། །དྲི་ཞིམ་གྱིས་བསྒོས་མཆོག་ཏུ་མཛེས་པའི་ཨུཏྤལ་སྔོན་པོ་བསྣམས་པས་རྫིང་བུ་ལྟ་བུ་སྟེ། །ཤིན་ཏུ་རྣམ་སྒེག་ཚུལ་དང་ལྡན་པས་ཡུལ་གྱི་བྱིས་པ་ལོ་བརྒྱད་ལོན་པ་དང་འདྲ་ཞིང༌། །ཆོས་ཆར་དྲི་མ་མེད་པ་འབེབས་པས་ཆར་སྤྲིན་འབྲུག་སྒྲ་རབ་ཏུ་སྒྲོགས་པ་ལྟ་བུ་དང༌། །ངང་པའི་རྒྱལ་པོ་ཡིད་འོང་སྒྲ་སྐད་ཟིལ་གནོན་གསུང་མངའ་ཁྱོད་ལ་སུ་ཞིག་བསྙེན་མི་བགྱིད། །སྐད་ཅིག་ཉིད་ལ་ཡོངས་སུ་འབར་གྱུར་
― DTG073_Page_0155 ―
[མ་དཔེ་གཟིགས་ན་འདིར་གནོན།]
གཏི་མུག་རབ་རིབ་སྐད་ཅིག་ཉིད་ལ་ཟད་གྱུར་ཅིང༌། །ཐམས་ཅད་དུ་ནི་ལེགས་པའི་ལམ་སྟོན་བདེ་གཤེགས་སྡིག་མེད་མྱ་ངན་འདས་པར་གྱུར་པ་ན། །གཞོན་ནུའི་ཚུལ་འཛིན་འོད་ཟེར་སྟོང་ཕྲག་འབར་བའི་རྒྱན་གྱིས་ལེགས་པར་སྤྲས་པར་གྱུར་པ་ཡི། །ཁྱོད་ཉིད་གཅིག་པུ་ཕྱོགས་བཅུ་རྣམས་ན་ད་ལྟ་མཆོག་ཏུ་སྣང་བར་མཛད་པ་མ་ལགས་སམ། །མགོན་པོ་ཀྱེ་མ་ཁྱོད་གཟུགས་རི་མོར་བྱས་པས་ཀྱང་ནི་ཇི་ལྟར་ཚིམ་པ་སྐྱེད་བྱེད་ལྟར། །སྟོན་ཀའི་མཚན་མོ་དཀར་ཞིང་རབ་ཏུ་མཛེས་པར་གྱུར་པ་ཟླ་བའི་དཀྱིལ་འཁོར་མ་ལགས་ཏེ། །ཨུཏྤལ་སྔོན་པོ་མཛེས་པའི་དྲི་ངད་ཞིམ་པོས་བསྒོས་པའི་སེར་བུའི་དད་ཀྱང་མ་ལགས་ཤིང༌། །ལྷ་ཡི་བུ་མོས་བསྟབས་པར་གྱུར་པའི་ཧ་རི་ཙནྡན་དྲི་བཟངས་ལྡན་པའང་དེ་ལྟ་མིན། །གཞོན་ནུ་ཁྱོད་ཞབས་སེན་མོའི་འོད་ཟེར་ཕྲེང་བ་རྒྱ་ཆེན་ཐུན་མཚམས་སུ་ཤར་ཟླ་འོད་བཞིན། །ཤིན་ཏུ་ཡིད་འོང་དཀར་དམར་མདོག་ཅན་རབ་བཏུད་ལྷ་དང་ལྷ་མིན་གཙུག་ནོར་འོད་ཟེར་དང༌། །འདྲེས་པས་གང་རེག་རལ་པ་ཅན་གྱི་མི་དེ་དག་ཀྱང་སྐྱེ་བོ་ཀུན་གྱིས་ཕྱག་བྱར་འོས། །མགོན་པོ་ཁྱོད་ཀྱི་སྔགས་འཛིན་གྲུབ་པ་ཐོབ་ནས་རབ་ཆགས་སྒེག་པ་ལས་བྱུང་བའི། །གོམ་ཚུགས་ཀྱིས་འགྲོ་རྒྱན་ཕྲེང་རྐང་གདུབ་ཡིད་འཕྲོག་དང་ལྡན་མཛེས་མ་བརྒྱ་དང་ལྷན་ཅིག་ཏུ། །ས་སྟེངས་ན་རོལ་གཞན་ནི་ལྷ་ཡི་དབང་པོས་ཙནྡན་གཏུལ་བའི་དྲི་ཞིམ་དང་ལྡན་པའི། །ལི་ཤི་མེ་ཏོག་དྲི་ལྡན་སྦྲང་མས་དཀྲིགས་པའི་ཙནྡན་གྱི་ནི་ནགས་ན་གནས་པར་བྱེད། །ན་ཚོད་གཞོན་ཞིང་དྲེགས་དང་བཅས་པས་སྒེག་ཅིང་རྣམ་པར་འཕྱེ་ན་བྱེད་གསལ་བར་བྱས་གྱུར་པའི། །དྲི་ཞིམ་ལ་ནི་ཆགས་པ་སྐྱེད་བྱེད་སྦྲང་མའི་ཚོགས་རྣམས་ཀྱིས་ནི་རབ་ཏུ་དཀྲིགས་གྱུར་ཅིང༌། །པི་ཝང་གླིང་བུ་ངང་པའི་རྒྱལ་པོ་དང་འདྲ་ཤིན་ཏུ་སྙན་པའི་དབྱངས་དང་ལྡན་གྱུར་བའི། །གནོད་སྦྱིན་བུ་མོ་མཆོག་ཀྱང་ཁྱོད་ཀྱི་སྔགས་བཟླས་པ་ཡི་མི་ཡིས་རབ་ཏུ་འགུགས་པར་བྱེད། །འགྲོ་བ་གསུམ་གྱི་མགོན་པོ་འབྲས་བུ་མེད་པའི་མང་དུ་བརྗོད་པ་ཡིས་ནི་ཅི་བགྱིར་མཆིས། །ཁྱོད་ཀྱི་ཡོན་ཏན་རྒྱ་མཚོ་ཡང་ཡང་བརྗོད་པར་ཐུབ་པའི་མཁྱེན་པས་སྤྱོད་པ་མ་ལགས་པ། །དེ་ཕྱིར་འཇམ་པའི་དབྱངས་ཀྱི་ཡོན་ཏན་འདི་ཙམ་ཞེས་བྱ་བདག་གིས་རྟོགས་པར་ནུས་མ་ལགས། །ཀུན་ནས་དཔག་མེད་ཆུ་དང་ལྡན་པའི་རྒྱ་མཚོ་ལས་ནི་ཕན་ཚུན་འགྲོ་བ་བསྒྲལ་
― DTG073_Page_0156 ―
[མ་དཔེ་གཟིགས་ན་འདིར་གནོན།]
བའི་ཕྱིར། །མགོན་པོ་སེམས་དང་བཅས་པའི་མི་རྣམས་དག་ལས་སུ་ཞིག་འདིར་ནི་འཇུག་པར་འཚལ་བར་བགྱིད། །དེ་ལྟར་བཅོམ་ལྡན་འདས་ནི་མགོན་པོ་འཇམ་པའི་དབྱངས་ལ་མངོན་པར་བསྟོད་པ་བགྱིད་པ་ལས། །བདག་གིས་དགེ་བ་གང་ཞིག་བསགས་པ་དེས་ནི་འགྲོ་བ་ཀུན་གྱི་རྙོག་པ་ཞི་གྱུར་ཅིག །དེ་ཡིས་བདག་ཀྱང་སྐྱེ་བ་དང་ནི་སྐྱེ་བར་བརྟན་ཞིང་མཚུངས་པ་མེད་པའི་སྙན་དངགས་དང༌། །རིགས་དང་ལྡན་ཞིང་ཚེ་རབས་དྲན་དང་སྙིང་རྗེ་རྒྱ་ཆེན་ཡིད་འཕྲོག་པ་དང་ལྡན་པར་ཤོག །བཅོམ་ལྡན་འདས་འཕགས་པ་འཇམ་པའི་དབྱངས་ཀྱི་བསྟོད་པ་བྱིན་རླབས་དང་བཅས་པ་སྙན་དངགས་མཁན་རྣམས་ཀྱི་གཙུག་གི་ནོར་བུ་བྱང་ཆུབ་སེམས་དཔའི་རིགས་ཅན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་སུམ་ཏི་ཀཱི་རྟིའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་དང༌། མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་བའོ། །
|