འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག།
ཤཱཀྱཤྲཱིབྷདྲ།
རྒྱ་གར་སྐད་དུ། ཨཱཪྻ་ཨ་མོ་བྷ་པཱ་ཤ་པོ་ཥ་ཏ་བི་དྷི་ཨཾ་ནཱ་ཡ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག །འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །ན་མཿ་ཨཱ་ཪྻ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་ཤཱི་ལ་མ་ཧཱ་ཤུདྡྷ་སཏྭ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། གཟུགས་འདི་འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་དུས་སུ་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ། །དེའི་ཆོ་ག་ནི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་བརྟུལ་ཞུགས་ཀྱིས་བསྡམས་པར་གྱུར་པས་ཁྱད་པར་དུ་བཀླག་པར་བྱ་སྟེ། བཅོམ་ལྡན་འདས་དོན་ཡོད་ཞགས་པ་ལ་ཡང་དག་པར་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །ཆུ་ཚོད་ལ་སོགས་ཀྱི་ཁོངས་སུ་འོ་མ་དང༌། ཀ་ར་དང་དཀར་གསུམ་གྱི་ཟས་བཟའ་བར་བྱའོ། ཉལ་བའི་དུས་སུ་ཀུ་ཤ་བཏིང་བ་ལ་སེང་གེའི་ཉལ་ཐབས་ཀྱིས་མགོ་ལ་བཅོམ་ལྡན་འདས་ལྷག་པར་མོས་པར་བྱ་སྟེ། ཕྱག་བྱས། མཆོད་པར་བྱའོ། །ཚེས་བརྒྱད་ཀྱི་ཐོ་རངས་ཁ་ཤིན་ཏུ་གཙང་མར་བཀྲུས་ཤིང་སྔགས་ཀྱིས་དག་པར་གྱུར་པ་དང༌། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿ་ཡིག་དཀར་པོའི་འོད་ཟེར་གྱི་དྲ་བས་རང་གི་ལུས་ལ་སོགས་པ་སྣ་ཚོགས་གསལ་བར་བྱས་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲང་པར་བྱའོ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱན་ཨ་
མོ་གྷ་བཱ་ཤ་ལོ་ཀི་ཤྭ་ར་ཨཱཿ་སྔགས་འདིས་ཕྱི་རོལ་དུ་བ་ལྕི་ལ་སོགས་པས་བྱུགས་པའི་དཀྱིལ་འཁོར་བདུན་པོ་རྣམས་སུ་ལྷག་པར་མོས་པས་བཞུགས་པར་བྱ་སྟེ། རེ་རེ་ལ་གཟུངས་ལན་རེ་བཀླག་ཅིང་མཆོད་པར་བྱའོ། །མདུན་དུ་ཆུའི་བུམ་པ་བདུན་དང༌། འབྲས་ཟན་གྱི་ཁམ་ཕོར་བདུན་གཞག་པར་བྱའོ། །དེའི་རྗེས་ལ་ངག་ཀུན་བསྡམས་པར་གྱུར་ཅིང༌། དད་པ་བརྟན་པའི་སེམས་ཀྱིས་རན་པོར་བཀླག་པར་བྱའོ། །དེའི་རྗེས་ལ་གཟུངས་ཙམ་པོ་ལན་ལྔའོ། །བདུན་པ་ལ་སྔར་རང་བཞིན་དུ་ཡོངས་སུ་རྫོགས་པ་ཉིད་དོ། །ཆུ་ཚོད་བདུན་གྱི་ཁོངས་སུ་དཀར་གསུམ་གྱི་ཟས་བཟའ་བར་བྱའོ། །དེ་ལྟར་གཉིས་པ་གུང་གི་ཐུན་ལ་ཡང་ངོ༌། །དེ་ནས་དེ་བཞིན་དུ་ཐུན་གསུམ་པ་ལའོ། །དེའི་རྗེས་ལ་མཆོད་པར་བདུན་པོ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བསྐོར་བར་བྱ་ཞིང་ཡན་ལག་སྨད་ལྔས་ཕྱག་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །ཚེས་དགུ་ལ་ཡང་ཚེས་བདུན་པ་བཞིན་དུ་ཐམས་ཅད་བྱས་ལ། གསོ་སྦྱོང་གི་བརྟུལ་ཞུགས་ལ་རྗེས་སུ་ཡི་རང་བ་དང་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །ཚིག་འདི་ཡིན་ཏེ། འདི་བདག་གིས་དོན་ཡོད་ཞགས་པའི་གསོ་སྤྱོང་གི་བརྟུལ་ཞུགས་ཚུལ་ཁྲིམས་ཀྱི་སྡོམ་པའི་ཡི་དམ་གྱིས་སེམས་ཀྱི་རྒྱན་དང༌། སེམས་ཀྱི་ཡོ་བྱད་དང༌། རྣལ་འབྱོར་གྱི་ཚོགས་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱ་བས་མཆོད་པ་གཤེགས་སུ་གསོལ་ཏེ། ཆུ་ཚོད་བདུན་གྱི་ནང་ཁོངས་སུ་དཀར་གསུམ་གྱི་ཟས་བཟའ་བར་བྱེའོ། །ཁྱད་པར་ནི་ཚེས་བདུན་པ་བཞིན་ནོ། །འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་རབ་མཆོག་དཔལ་བཟང་པོས་བསྒྱུར་བའོ།།