དེ་ཁོ་ན་ཉིད་སྒྲོན་མ། སུ་ཝཱ་གཱི་ཤྭ་ར་ཀཱི་རྟི།
― DTG073_Page_0437 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཏཏ་ཏྭ་པྲ་དཱི་པ་ནཱ་མ། བོད་སྐད་དུ། དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཐུ་སྟོབས་ཀུན་གྱི་བདག་པོ་ནི། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ནས། །བསྙེན་སྒྲུབ་ལས་སྦྱོར་ལ་སོགས་པའི། །རྟགས་ཀྱི་རིམ་པ་བྲི་བར་བྱ། །དེ་ལ་རྟགས་ནི་བཞི་ཡིན་ཏེ། །ལྷ་གྲུབ་གདོན་རྣམས་ཐུབ་པ་དང༌། །ནད་ཕྱིར་བྱུང་དང་མི་ལྡོག་པའོ། །ལྷ་ནི་ཉེ་བར་འགྲུབ་གྱུར་ན། །ཡང་དག་རྟགས་དང་བདུད་ཀྱི་རྟགས། །རྣམ་པ་གཉིས་སུ་ཤེས་པར་བྱ། །དང་པོ་རྣམ་པ་གསུམ་ཡིན་ཏེ། །མངོན་སུམ་རྨི་ལམ་ཉམས་མྱོང་ངོ༌། །དབང་པོའི་མངོན་སུམ་དག་ཏུ་ཡང༌། །ལྷ་ཡི་སྐུ་མདོག་ཕྱག་མཚན་གཟུགས། །རྟེན་དང་ལུས་ལས་འོད་བྱུང་བ། །མིག་གིས་མཐོང་ངམ་ཉམས་སུ་འབྱུང༌། །རྣ་བས་དག་པའི་གསང་སྔགས་ཐོས། །དེས་ནི་དངོས་གྲུབ་གཉིས་ཀ་འབྱུང༌། །འཕྲིད་ནི་རྨི་ལམ་གསལ་པོ་ལ། །དངོས་དང་ཕྱག་མཚན་
― DTG073_Page_0438 ―
[མ་དཔེ་གཟིགས་ན་འདིར་གནོན།]
མཆོད་རྟེན་དང༌། །མེ་ཏོག་སྔོ་དང་ཁྱེ་ཆུང་སྔོ། །བླ་མ་སངས་རྒྱས་མཐོང་བ་དང༌། །རི་བོར་འཛེག་དང་ལྷ་ཡུལ་མཐོང༌། །དངོས་གྲུབ་འགྲུབ་ཏུ་ཉེ་བ་སྟེ། །བསྙེན་པའི་རྟགས་སུ་ཤེས་པར་བྱ། །རང་གི་ཉམས་སུ་འབྱུང་བ་ནི། །ལུས་ལ་སྲོག་ཆགས་སྔར་པས་ནི། །ཕྱི་དང་ནང་དུ་ཉུང་བ་དང༌། །རིག་པ་ཤིན་ཏུ་བདེ་བ་དང༌། །ཉོན་མོངས་རྣམ་རྟོག་ཤས་ཆུང་བའོ། །གོང་དུ་བསྟན་པ་དེ་རྣམས་ཀྱང༌། །ཡང་འཇིགས་དང་བཅས་པ་དང༌། །ཁ་དོག་སྐྱ་ལ་མདངས་མེད་དང༌། །འོད་ཀྱང་སྔོ་ཞིང་མི་རྟག་དང༌། །ནམ་གུང་མན་ཆད་རྨི་ལམ་ན། །སད་ནས་འཇིགས་ཤིང་སྐྱི་གཡའ་བ། །བདུད་ཀྱི་རྟགས་སུ་ཤེས་པར་བྱ། །འབྱུང་པོ་བསད་དང་ཡན་ལག་བཅད། །བརྡུང་བཏགས་སྐད་ངན་འདོན་པ་དང༌། ཕྱུགས་རྫི་བྱས་དང་མེར་བསྲེག་སོགས། །གདོན་རྣམས་ཐུབ་པའི་རྟགས་ཡིན་ནོ། །བཤང་གཅི་དོར་དང་བཤལ་བཏང་དང༌། །སྲོག་ཆགས་ལུས་ལ་ཕྱིར་འཐོན་དང༌། །སྔར་གྱི་རྟོག་པ་སྤངས་པ་ནི། །ནད་རྣམས་ཕྱིར་ལ་ཐོན་པའི་རྟགས། །གཟུགས་བརྙན་བསྲེགས་པར་ཐལ་བར་འགྱུར། །དགྲ་པོ་ཡུལ་ནས་ཐོན་གྱི་རྨི། །འོག་ཏུ་བཅུག་པས་དངོས་པོ་བརླག །ཕྱིར་མི་ལྡོག་པའི་རྟགས་ཡིན་ཏེ། །དེ་རྣམས་ལས་བཟློག་ངན་པ་ཡི། །རྟགས་སུ་ངེས་པར་ཤེས་པར་བྱ། །འདི་ལ་བརྟེན་ནས་འདིར་ཞུགས་རྣམས། །འདི་ཡི་དངོས་གྲུབ་ཐོབ་པར་ཤོག །།དེ་ཁོ་ན་ཉིད་སྒྲོན་མ་ཞེས་བྱ་བ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།།
|