བསྲུང་བ་ལྔའི་ཆོ་ག།
རིན་ཆེན་འབྱུང་གནས་ཞི་བ།


DTG074_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

༈། །བསྲུང་བ་ལྔའི་ཚོ་ག་བཞུགས།། བཅོམ་ལྡན་འདས་འཕགས་མ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཚེ་རིང་དབྱིག་དང་ནི། །སྐལ་ལྡན་འོད་ཅན་སྟོབས་དང་ཞི། །ངེས་པར་འདོད་ཀུན་ཕུན་ཚོགས་ཕྱིར། །བཀླགས་བས་མི་རྣམས་འཇོམས་པ་ཡི། །བསྲུང་བའི་ཆོ་གའི་རིམ་པ་ནི། །


DTG074_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ཅུང་ཟད་བརྗོད་པར་བྱ། །དང་པོར་ཡིད་འོང་ས་ཕྱོགས་ཡངས་པ་རུ། །སེར་སྐྱའི་ལྕི་བ་ཙནད་ན་སོགས་ཀྱིས་བྱུགས། །སྟེང་དུ་བླ་རེ་བྲེ་ཞིང་དར་དཔྱངས་ལྡན། །མཚམས་སུ་རྔ་ཡབ་དང་བཅས་བརྒྱན་པའི་སར། །སོར་མོ་ཉི་ཤུ་རྩ་བརྒྱད་ཡོངས་བཅལ་སྟེང་དུ་ནི། །གལ་ཏེ་ཡོད་ན་རྡུལ་ཚོན་སྣ་ལྔས་དཀྱིལ་འཁོར་བྲི། །མེད་ན་ལེགས་བསྐམས་དཀར་འཇམ་ས་ལེ་ཞིབ་མོའི་ཕྱེས། །པདྨ་འདབ་བརྒྱད་ཁ་བྱེ་ཡང་དག་བྲི་བར་བྱ། །པདྨ་དེ་ལ་བརྟེན་པའི་གཟའི་རྒྱལ་པོ་དགུ་བྲི་བ་ནི། ཉི་མ་དང་ཟླ་བ་འདབ་མ་གཅིག་ལ་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་སོར་གསུམ་ལའང་རྒྱུ་སྐར་མ་ལུས་པས་ནང་གི་པདྨ་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་མཐོ་གང་གི་ཞེང་གི་ཚད་ལ་འཁོར་ལོ་རྩིབས་བརྒྱད་པ་ཤིན་ཏུ་ཟླུམ་པོ། ཕྱི་རོལ་དུ་འོད་ཟེར་འབར་བ་དང་བཅས་པའོ། །འཁོར་ལོ་རྩིབས་བརྒྱད་དུ་བྱས་པ་ལ་ཕྱོགས་སྐྱོང་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ། །དེ་ཉིད་ཀྱི་ནང་གི་དབུས་སུ་པདྨ་ཁ་བྱེ་བའི་ལྟེ་བ་ལ་ཙནད་ན་གྱིས་བྱུགས་ལ་ལྷ་མོ་ལྔ་སྟེང་དུ་བྲི་བར་བྱའོ། །དེ་ལ་རང་རང་གི་ཁ་དོག་གི་མེ་ཏོག་འབར་བ་དགྲམ་པར་བྱ་ཞིང་དཀྱིལ་འཁོར་གྱི་སྟེང་དུ་མན་འཇི་ཆེན་པོ་གཅིག་བཞག་ལ། དེའི་སྟེང་དུ་འབབ་ཆུ་བཟང་པོས་བཀང་བའི་བུམ་པར་དྲི་དཀར་པོ་དང་འོ་མ་དང༌། རིན་པོ་ཆེ་སྣ་ལྔ་བཅུག་ལ་ཤིན་ཏུ་གཞོན་པའི་ལོ་མས་ཁ་ལེགས་པར་བརྒྱན་ལ། དབང་པོ་དང༌། མེ་དང༌། ཡི་དགས་ཀྱི་བདག་པོ་དང༌། སྲིན་པོའི་རྒྱལ་པོ་དང༌། ཆུ་ལྷའི་བདག་པོ་དང༌། རླུང་ལྷ་དང༌། གནོད་སྦྱིན་དང༌། དབང་ཕྱུག་ཆེན་པོ་རྣམས་ལ་དྲིའི་ཆུ་དང༌། བུ་རམ་དང༌། ཞོ་བསྲེས་པ་དང༌། ཆང་དང༌། ཁྲག་དང༌། འོ་མ་དང༌། སྐྱུར་པོ་དང༌། བུར་ཆང་དང༌། ཏིལ་གྱི་ཐུག་པས་བཀང་བའི་སྣོད་གཞག་པར་བྱའོ། །མེ་ཏོག་ཕྲེང་བ་དཀར་པོ་དང༌། ནག་པོ་དང༌། ལྗང་གུའི་ཕྲེང་བ་དང། མེ་ཏོག་དཀར་པོའི་བུ་གར་དཱུར་བ་མ་ཉམས་པ་བཅུག་པ་དང༌། ལྗང་གུ་འབར་བ་དང༌། སེར་པོ་དང༌། དམར་པོའི་ཕྲེང་བ་ལྷ་རྣམས་ཀྱི་རྟེན་ཐམས་ཅད་ལ་འཆང་དུ་གཞུག་པར་བྱའོ། །དཀྱིལ་དུ་མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་འཕྱང་དུ་གཞུག་པར་བྱའོ། །ཞོ་དང༌། ཁུར་བ་དང༌། ཟན་


DTG074_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དང། བུ་རམ་བསྲེས་པ་ཤར་ཕྱོགས་ཀྱི་ཆ་ལའོ། །ཤ་དང་ཉ་དང་སྒོག་པ་གཤིན་རྗེའི་ཕྱོགས་སུའོ། །འོ་མ་དང༌། ཟན་དང༌། ཞོ་སྦྱར་བ་དང༌། ཁུར་པ་ནི་ཆུའི་བདག་པོའི་ཕྱོགས་སུའོ། །མོན་སྲན་སྡེའུ་དང༌། སྲན་ཆུང་དང༌། ནས་ལ་སོགས་པ་བརྫིས་ལ་གནོད་སྦྱིན་གྱི་ཕྱོགས་སུའོ།། བའི་ལྕི་བ་ས་ལ་མ་ལྷུང་བ་དང༌། རྨ་བྱའི་སྒྲོ་གསུམ་དང༌། དཱུར་བའི་མེ་ཏོག་དཀར་པོ་དང་བཅས་པ་ཡུངས་ཀར་དང་ལྡན་པས་བཀྲ་ཤིས་པ་དང༌། མངོན་པར་མཐོ་བ་དང་ནད་འཇོམས་པར་བྱེད་པའི་ཕྱིར་བསྲུང་བ་འདི་པདྨའི་སྣོད་དུ་གཞག་པར་བྱའོ། །སྔགས་པས་དྲི་ཞིམ་པོས་ཁྲུས་བྱས་པའི་ལུས་རྣམ་པར་དག་པ་ལ་གོས་དཀར་པོ་དྲི་མ་མེད་ཅིང་གཙང་བ་བགོས་པ། སྟན་འཇམ་ཞིང་མཐོ་བ་ལ་འདུག་སྟེ། ལྷ་མོ་ལྔ་རྣམས་ཀྱི་ཏིང་ངེ་འཛིན་གསུམ་བསྒོམ་པར་བྱའོ། །དེའི་རྗེས་ལ་བྲིས་སྐུ་དང༌། གླེགས་བམ་དང༌། སྐུ་གཟུགས་ཀྱི་མདུན་དུ་མཆོད་རྟེན་ལེགས་པར་བཞག་ལ། ཆོས་སྨྲ་བ་དང༌། ལས་ཀྱི་རྡོ་རྗེ་བྱེད་པ་དེ་བཞིན་གོས་ཀྱིས་བརྒྱན་པར་བྱས་ཏེ། ཁ་ཤར་ཕྱོགས་སུ་བལྟས་སེམས་ཞི་བ་དང༌། མཉམ་པར་བཞག་པའི་བསམ་གཏན་བྱའོ། །དེ་ནས་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པྲཾ་གྱི་ས་བོན་གྱི་རྣམ་པར་བྱའོ།། དེའི་འོད་ཟེར་གྱི་སྣང་བས་སོ་སོར་འབྲང་མའི་དཀྱིལ་འཁོར་མདུན་དུ་བཀུག་པར་བསྒོམས་ལ། འོད་ཟེར་དེ་ཉིད་ཀྱིས་མཆོད་པའི་ལྷ་མོ་ཡང་དག་པར་སྤྲོས་ཏེ་ལེགས་པར་མཆོད་ལ་རང་གི་ས་ལ་བཞུགས་པར་བྱའོ། །ཕྱི་རོལ་གྱི་མཆོད་པ་རྣམ་པ་ལྔས་ལེགས་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གང་ཡང༌། བདག་གིས་མི་འཚལ་སྡིག་བགྱིས་པའམ། །བགྱིད་དུ་སྩལ་བ་ཉིད་དང་ནི། །མི་དགེ་བ་ནི་རྗེས་རང་བགྱིད། །དེ་ཀུན་རྫོགས་སངས་སྤྱན་སྔ་རུ། །ད་ལྟར་སོ་སོར་བཤགས་པར་བགྱིད། །ཚོགས་གཉིས་རྒྱུན་མི་འཆད་པ་དང༌། །བདེ་གཤེགས་སྲས་ཟབ་གཏིང་དཔག་དཀའ། །འགྲོ་ཀུན་དོན་སྒྲུབ་མཛད་པ་དང༌། །དེ་བས་གཞན་ཡང་རྗེས་རང་བགྱིད། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱ་སྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏྨ་ཀོ྅ཧཾ་ཞེས་སྟོང་པ་ཉིད་དུ་རྣམ་པར་བསམས་ལ། དེའི་རྗེས་ལ་རང་གི་


DTG074_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ངོ་བོ་པྲཾ་གྱི་ས་བོན་དུ་མངོན་པར་བལྟས་ལ། པྲཾ་ལས་བྱུང་བའི་འཁོར་ལོ་དེའི་དབུས་སུ་ཟླ་བ་ལ་པྲཾ་འོད་ཟེར་དང་བཅས་པ་ཤིན་ཏུ་འབར་བ་སྟེ། ས་བོན་དེ་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་སོ་སོར་འབྲང་མ་ཆེན་མོ་ལོ་བཅུ་དྲུག་ལོན་པའི་སྐུ་ཅན་བསམ་པར་བྱའོ། །སྐུ་མདོག་སེར་མོ་སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། པདྨ་འདབ་མ་བརྒྱད་པ་ཟླ་བའི་གདན་ལ་གནས་པ། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་བཞི་རྩ་བའི་ཞལ་སེར་པོ། གཡས་ནག་པོ། གཡོན་དམར་པོ། རྒྱབ་དཀར་པོའོ། །ཕྱག་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ་འཁོར་ལོ་དང༌། རྡོ་རྗེ་དང༌། མདའ་དང་རལ་གྲི་བསམ་པར་བྱའོ། །གཡོན་པའི་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ། རྡོ་རྗེ་ཞགས་པ་དང༌། མདུད་རྩི་གསུམ་པ་དང༌། གཞུ་དང༌། དགྲ་སྟ་བསམ་པར་བྱའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་མ་བསམ་པར་བྱའོ། །དེའི་སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་མདུན་དུ་ས་བོན་ཡོངས་སུ་གྱུར་པ་ལས། སྟོང་ཆེན་མོ་རབ་ཏུ་འཇོམས་མ་བསྒོམ་པར་བྱ་སྟེ། མདོག་གནག་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པའི་རྒྱན་བྱས་པ། ཁྲོ་གཉེར་ཅན་མཆེ་བ་རྣམ་པར་གཙིགས་པ་དང་ལྡན་པ། འོད་ཟེར་དང་བཅས་པ། ཉི་མའི་གདན་ཅན། སྒེག་པའི་ཉམས་དང་ལྡན་པ། ཞལ་བཞི་པའི་རྩ་བའི་ཞལ་ནག་པོ། གཡས་དང་གཡོན་པ་དཀར་པོ་དང་དམར་པོ་རྒྱབ་ཀྱི་ཞལ་སེར་པོ། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱག་གཡས་ཀྱི་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ་མཆོག་སྦྱིན་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། མདའ་དང༌། རལ་གྲི་བསྣམས་པའོ། །གཡོན་པའི་དང་པོ་དང༌། གཉིས་པ་དང། གསུམ་པ་དང༌། བཞི་པ་རྣམས་ལ་སྡིགས་མཛུབ་དང༌། དགྲ་སྟ་དང༌། གཞུ་དང༌། རིན་པོ་ཆེ་དང་ཆ་དྲུག་པའོ། །དེ་ལྟར་གྱུར་པའི་བཅོམ་ལྡན་འདས་དྲག་མོའི་ཆ་བྱད་ཅན་བསྒོམ་པར་བྱའོ། །དེའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་ཝ་ར་ཝ་ར་ཝ་ར། པྲ་ཝ་ར་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ།


DTG074_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལྷོ་ཕྱོགས་ཀྱི་ཟླ་བའི་སྟེང་དུ་མཾ་ལས་བྱུང་བ་རྨ་བྱ་ཆེན་མོ་ཁ་དོག་སེར་མོ་སེམས་དཔའི་སྐྱིལ་མོ་ཀྲུང་ཅན། ཞལ་གསུམ་རྩ་བའི་ཞལ་སེར་པོ། གཡས་དང་གཡོན་པ་ནག་པོ་དང་དམར་པོའོ། །སྤྱན་གསུམ་པ་ཕྱག་བརྒྱད་པ་རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ཕྱག་གཡས་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ་མཆོག་སྦྱིན་དང༌། བུམ་པ་རིན་པོ་ཆེས་བརྒྱན་པ་དང༌། འཁོར་ལོ་དང་རལ་གྲིའོ། །གཡོན་པའི་ཕྱག་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ་ལྷུང་བཟེད་ཀྱི་སྟེང་དུ་དགེ་སློང་དང༌། རྨ་བྱ་དང་བུམ་པའི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ་དང༌། རིན་པོ་ཆེའི་རྒྱལ་མཚན་བསྣམས་པའོ། །དེའི་སྔགས་ནི། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཎི་ཨཱ་ཀ་ཪྵ་ཎི་ཨཱ་ཀཪྵ་ཎི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ནུབ་ཕྱོགས་ཀྱི་སྟེང་གི་པདྨའི་ཟླ་བ་ལ། སཾ་ལས་བྱུང་བའི་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་སྐུ་མདོག་དམར་མོ་ཞལ་གསུམ་པ། རྩ་བའི་ཞལ་དམར་པོ། གཡས་དང་གཡོན་པ་ནག་པོ་དང་དཀར་པོ། སྤྱན་གསུམ་པ་རིན་པོ་ཆེའི་དབུ་རྒྱན་གྱིས་བརྒྱན་པ། ཕྱག་བཅུ་གཉིས་པ་སྟེ། གཡས་ཀྱི་དང་པོ་དང་གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་རྣམས་ལ་ཆོས་ཀྱི་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང༌། མཆོག་སྦྱིན་པ་དང༌། མི་འཇིགས་པ་སྦྱིན་པ་དང༌། རྡོ་རྗེ་དང༌། མདའ་བསྣམས་པའོ། །གཡོན་གྱི་ཕྱག་དང་པོ་དང༌། གཉིས་པ་དང༌། གསུམ་པ་དང༌། བཞི་པ་དང༌། ལྔ་པ་དང༌། དྲུག་པ་རྣམས་ལ་ཆོས་ཀྱི་ཕྱག་རྒྱ་དང༌། ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང། སྡིགས་མཛུབ་ཞགས་པ་དང༌། བུམ་པ་པདྨས་མཚན་པ་དང༌། རིན་པོ་ཆེའི་ཚོགས་དང༌། གཞུ་བསྣམས་པའོ། །དེའི་སྔགས་ནི། ཨོཾ་བི་མ་ལེ་པུ་ལེ་ཛ་ཡ་ཝ་རེ་ཛ་ཡ་ཝ་ཧྲི་ནི་ཨ་མྲྀ་ཏ་བི་ཛ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་བྱང་ཕྱོགས་སུ་པདྨའི་སྟེང་དུ་ཟླ་བ་ལ་གྷཾ་ལས་བྱུང་བའི་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་ལྗང་གུ་ཞལ་གསུམ་པ། རྩ་བའི་ཞལ་ལྗང་གུ་།གཡས་དང་གཡོན་པ་ནག་པོ་དང་དམར་པོ། སྤྱན་གསུམ་པ་ཕྱག་དྲུག་པ་དེ་བཞིན་གཤེགས་པའི་དབུ་རྒྱན་དང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། གཡས་ཀྱི་ཕྱག་དང་པོ་དང༌། གཉིས་པ་དང༌། གསུམ་


DTG074_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ལ་མི་འཇིགས་པ་སྦྱིན་པ་དང༌། རྡོ་རྗེ་དང་མདའོ། །གཡོན་པའི་ཕྱག་དང་པོ་དང་གཉིས་པ་དང༌། གསུམ་པ་རྣམས་ལ་སྡིགས་མཛུབ། རྡོ་རྗེ་ཞགས་པ་དང༌། རིན་པོ་ཆེའི་རྒྱལ་མཚན་དང་གཞུ་རྣམས་སོ། །དེའི་སྔགས་ནི། ཨོཾ་བྷཱ་ར་བྷཱ་ར། སཾ་བྷཱ་ར་ཨིནྡྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་རུ་རུ་ཙ་ལེ་སྭཱ་ཧཱ། དེ་ལྟར་གྱུར་པའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་སྤྱིའི་ཁྱབ་པ་དང༌། རང་རང་གི་འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་རྣམ་པར་ཁྱབ་ཅིང་འོད་ཟེར་གྱི་ལྕགས་ཀྱུས་ཡེ་ཤེས་ཀྱི་འཁོར་ལོ་མདུན་དུ་སྤྱན་དྲངས་ཤིང་བཀུག་པར་བསམ་མོ། །མཆོད་ཡོན་དང༌། ཞབས་བསིལ་དང༌། འཐོར་འཐུང་ལ་སོགས་པ་བྱ་ཞིང་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ནས་དྲིལ་བུ་དཀྲོལ་ཞིང་བསྟོད་པ་བྱའོ། །རང་བཞིན་དག་པ་ཉིད་ལས་བྱུང༌། །རྡོ་རྗེ་སེམས་དཔའི་བདག་ཉིད་མཆོག །དུང་དང་ཀུན་དའི་འོད་དང་མཚུངས། །སོ་སོར་འབྲང་མ་ཕྱག་འཚལ་ལོ། །ཁ་དོག་ནག་མོ་མི་བཟད་ཆེ། །འཇིགས་ཤིང་ཞལ་འགྱུར་ཁྲོ་བདག་ཅན། །གདུལ་དཀའ་འབྱུང་པོ་ཡང་དག་སྡུད། །རྡོ་རྗེ་ཁྲོ་ལ་བདག་འདུད་དོ། །ལྷ་མོ་ཡེ་ཤེས་ལས་བྱུང་ཆེ། །གསེར་གྱི་མདོག་ལྟར་འོད་འབར་ཞིང༌། །རྨ་བྱ་ཆེ་ལ་བདག་བསྟོད་ཅིང༌། །རིག་པའི་རྒྱལ་མོ་ཕྱག་འཚལ་ལོ། །པདྨ་ཁ་ཆེ་ཞལ་མངའ་ཞིང༌། །ཞལ་མཛེས་མ་ལ་སྤྱན་ཡངས་མ། །པདྨ་རཱ་ག་ལྟར་འབར་ཞིང༌། །འགྲོ་བའི་མར་གྱུར་ཁྱོད་ལ་འདུད། །བཻ་ཌཱུཪྻ་འདྲིའི་འོད་དང་མཚུངས། །འདོད་པའི་འདོད་ཆགས་ཀྱིས་བགེགས་པ། །དུག་རྣམས་གཅོད་པར་མཛད་པ་མོ། །གཟུགས་མཛེས་མ་ལ་བདག་འདུད་དོ། །བསྟོད་པའི་མཐར་ཐུག་པའི་དམ་ཚིག་གི་དཀྱིལ་འཁོར་ལ་གཞུག་པར་བྱའོ། །གཅིག་ཏུ་གྱུར་པ་ལ་དབང་བསྐུར་བར་བྱ་སྟེ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། དབུ་རྒྱན་ལ་རྡོ་རྗེ་སེམས་དཔའ་བསམས་ལ། དེའི་རྗེས་ལ་ནུས་པ་ཇི་ལྟ་བ་བཞིན་དུ་ལན་ཅིག་ཀློག་པས། ཤ་དང་ཆང་ལ་སོགས་པ་སྤང་བར་བྱའོ། །ཉིན་མཚན་གཅིག་ཀློག་པ་སྟོན་མོ་དཀར་གསུམ་དང་བཅས་པ་བཟའ་བར་བྱའོ། །སློབ་དཔོན་གྱི་གཡས་ཕྱོགས་སུ་རྫས་བརྒྱད་ཀྱིས་མཛེས་པར་བྱས་པའི་གཏོར་མའི་སྣོད་


DTG074_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱ་ཞིང་ནུས་པ་ཇི་ལྟ་བ་བཞིན་དུ་ཡོན་དབུལ་བར་བྱའོ། །དེ་ལྟར་བྱས་ན་བསྲུང་བ་སྤྱིའི་སྔགས་སྭཱ་ཧཱའི་མཐར་ཉའི་སྣོད་དུ་འབྲས་ཐུག་པོ་ཆེ་མ་ཉམས་པ་དང༌། ཉ་གསོན་མ་དང༌། གསེར་གྱིས་ཤོག་བུ་ལ་བསྒྲུབ་བྱའི་མིང་བྲིས་ལ་སྣོད་ཀྱི་ནང་དུ་དོར་བར་བྱའོ། །དེ་ལྟར་འགྲུབ་པར་འགྱུར་གྱི་གཞན་དུ་ཡང་མ་ཡིན་ནོ། །རིམས་དང་དུག་དང་དེ་བཞིན་ནད། །འཇིགས་དང་ཆོམ་རྐུན་འཚེ་བ་དང༌། །འབྱུང་པོ་མཁའ་འགྲོ་མ་འཆོལ་དང༌། །སྡུག་བསྔལ་དགྲ་ཡིས་ཉེན་པའམ། །ཡུལ་འཁོར་རྒྱལ་རིགས་གྲོང་དང་ནི། །ཚངས་དུས་འབྲོག་དང་ནགས་རྣམས་སུ། །སྐད་ཅིག་བཀླགས་པས་ལྷ་རྣམས་ཀྱི། །ཞི་དང་དགེ་བ་བྱེད་པར་འགྱུར། །བུ་མ་རྙེད་ལ་བུ་དང་ནི། །ནོར་མ་རྙེད་ལ་ནོར་རྣམས་འབྱུང༌། །གང་དུ་བྱིན་གྱིས་བརླབས་པའི་སར། །གསང་སྔགས་འདི་ནི་བསྒྲུབ་པར་བྱ། །ཇི་སྙེད་ཀློག་པ་དེ་སྙེད་དུ། །སློབ་དཔོན་གྱིས་ཡང་དག་པར་གནས་ཏེ་སེམས་སྙོམས་པར་བཞག་པས་བཟླས་པར་བྱའོ། །ཀློག་པའི་རྗེས་ཐོགས་སུ་སྔར་བཞིན་དུ་མཆོད་ཡོན་དང༌། ཞབས་བསིལ་དང༌། འཐོར་འཐུང་ལ་སོགས་པ་དང༌། མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ལ་གཤེགས་སུ་གསོལ་ཞིང་ཉེ་བར་བསྡུས་ལ་གཏོར་མ་འབབ་ཆུ་དྲག་པོར་བོ་བར་བྱའོ། །ཡང་ན་བྲག་ཕུག་སྐམ་པོར་དབོ་བར་བྱའོ། །ཚེའི་མཐའ་གཏུགས་ཏེ། འཆི་བ་ཡང་ཚེ་རིང་བར་འགྱུར་ཞེས་བྱ་བར་ཐེ་ཚོམ་མེད་དོ། །སྲུང་བ་ལྔའི་ཆོ་ག་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མུ་ད་ཏི་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་བནྡེ་བཀྲ་ཤིས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།ཆག་ལོ་ཙཱ་བས་བསྒྱུར་ཞིང་བཅོས་པའོ།།