རབ་གནས་ཀྱི་ཆོ་ག།
ངག་གི་དབང་ཕྱུག་གྲགས་པ།
རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། རབ་གནས་ཀྱི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །རབ་གནས་ཆོ་ག་བརྗོད་པར་བྱ། །སྙན་གྲགས་མི་སྙན་རྙེད་མ་རྙེད། །བདེ་སྡུག་བསྟོད་དང་དེ་བཞིན་སྨོད། །འཇིག་རྟེན་ཆོས་ཀྱིས་མ་གོས་པའི། །རྡོ་རྗེ་སློབ་དཔོན་དག་གིས་བྱ། །དཀྱིལ་འཁོར་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། བྱེད་པ་དང༌། གདན་དང༌། བཟླས་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། མཆོད་པའི་ལས་དང་ཕབ་ཅིང་བསྡུ་བ་སྟེ། དེ་ཁོ་ན་ཉིད་བཅུ་རིག་པ་རྟག་ཏུ་སྡིག་པ་ལ་འཇིགས་ཤིང་དྲན་པ་དང༌། ལུས་དང་སྲོག་ལ་མི་ལྟ་བ་བློ་བརྟན་པ། འཇིག་རྟེན་ཕ་རོལ་ལ་ལྟོས་པ་དང་བཅས་པའོ། །ཉལ་བ་དང༌། གཉིད་དང༌། རེག་པའི་བདེ་བ་དང༌། བཟའ་བ་དང་བགོ་བ་ལ་སོགས་པའི་ཉེ་བར་ལོངས་སྤྱོད་པ་རྣམས་ལ་ཆགས་པ་མེད་པ། ཕྱིན་ཅི་མ་ལོག་པ་སྒྲུབ་པ་ལ་སྙིང་པོར་བྱེད་པ། ཕྱི་རོལ་ལ་མ་ཆགས་པ། སངས་རྒྱས་ཉིད་སྒྲུབ་པར་བྱེད་པ། འཁོར་བས་འཇིགས་པ། སེམས་ཅན་ལ་ལྟོས་པ་དང་བཅས་པ། ཁ་ན་མ་ཐོ་བ་མེད་པ། སྡིག་པ་ཐམས་ཅད་སྤངས་པ། འདོད་པའི་ཆགས་པ་ལ་སོགས་པ་ལ་ཡང་དག་པར་མི་རྟོག་པ། མི་གཙང་བ་དང་བྱམས་པ་ལ་སོགས་པའི་
ཉོན་མོངས་པའི་གཉེན་པོའི་ཕྱོགས་སུ་གྱུར་པའོ། །དགེ་བ་དང་ལྡན་པ་མཚན་ཉིད་འདི་རྣམས་དང་ལྡན་པ་ལ། སློབ་མས་གསོལ་བ་བཏབ་སྟེ། ལུགས་མའམ་འབུར་དུ་བྱས་པའམ། འདུས་བྱས་ལ་སོགས་པ་རབ་ཏུ་གནས་པར་བྱ་བའི་དོན་དུ་རབ་ཏུ་གནས་པའི་ས་གཞི་མངོན་པར་འདུས་བྱས་པ། བླ་རེ་དང༌། རྒྱལ་མཚན་དང༌། བ་དན་ལ་སོགས་པ་བསླང་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། རྒྱན་མེད་ན་གསེར་གྱི་སོར་གདུབ་གཅིག་ཐོགས་ཏེ། དེ་ལ་རབ་ཏུ་གནས་པའི་ས་གཞི་ལ་སྐུ་གཟུགས་དང༌། པུ་སྟི་དང༌། ཐང་གའམ་མཆོད་རྟེན་ལ་སོགས་པ་མདུན་དུ་ཡང་དག་པར་བཞག་སྟེ། དེ་ལ་སྐུ་གཟུགས་སམ། ཐང་གའམ། པུ་སྟི་དང༌། མཆོད་རྟེན་ལ་བསང་བ་དང༌། ཁ་བཤལ་བ་དང༌། མེ་ཏོག་ལ་སོགས་པ་རྣམས་པར་སྦྱིན་པར་བྱའོ། །ཕྱིས་ནི་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ལ་རྣམ་པ་ལྔས་ཡང་དག་པར་མཆོད་དེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་སློབ་དཔོན་གྱིས་བདུག་སྤོས་ཀྱི་སྣོད་གཟུང་ཞིང༌། ནམ་མཁའི་ཁམས་པའི་དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་བརྗོད་པར་བྱའོ། །ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པ་ལན་གསུམ་བརྗོད་དོ།། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་རབ་གནས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ཡི་རྣམ་པར་འདིར་ཞུགས་ཤིག །རྟག་ཏུ་མགོན་པོ་འདིར་བཞུགས་ནས། །ཆེ་གེ་མོ་ཡི་དོན་ཕྱིར་དང༌། །བྱང་ཆུབ་སེམས་ནི་འཕེལ་བྱའི་ཕྱིར། །མེ་ཏོག་ལ་སོགས་འདི་བཞེས་ཤིག །ཅེས་བྱ་བ་འདིས་དེ་བཞིན་གཤེགས་པ་རྣམས་ལྷག་པར་གནས་པར་བྱའོ། །ཕྱིས་ནི་བསྟོད་ཅིང་སྦྱིན་སྲེག་གི་དུས་སུ་ཡང་ཇི་ལྟ་བའི་བསྟོད་པ་བྱའོ། །སྐུ་གཟུགས་ལ་སོགས་པའི་མདུན་དུ་ཡང༌། ཡུངས་ཀར་ལག་པ་གཡོན་བ་དང་གཡས་པ་གཉིས་སུ་གཟུང་སྟེ། གཡས་པའི་ཁུ་ཚུར་གྱིས་གཡས་སྐོར་དུ་ལན་གསུམ་དུ་བསྐོར་ཞིང་ཡུངས་ཀར་དེ་རྣམས་མེ་ལ་བླུགས་པར་བྱའོ། །གཡོན་པའི་ཁུ་ཚུར་གྱིས་གཡོན་དུ་ལན་གསུམ་དུ་བསྐོར་ཞིང་ཡུངས་ཀར་མེར་བླུགས་པར་བྱ་སྟེ། འདི་ནི་རྟོག་པ་མེད་པ་ཁམས་གསུམ་དུ་སྐྱོན་བསལ་
བའི་ཆེད་དུ་བསྐོར་བར་བྱ་བ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ཁྱོར་བ་དང་བཅས་པས་ཆུ་བླངས་ཏེ་མེ་དེ་ཉིད་དུ་བླུགས་པར་བྱའོ། །དེ་སྔོན་དུ་སོང་བས་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་བྱའོ་ཞེས་བྱ་བ་ནི་ལྷག་པར་གནས་པའི་རིམ་པའོ། །དེ་ནས་ཕྱི་དྲོའི་དུས་སུ་བུམ་པ་ནི་ལྔའམ་བརྒྱད་དམ་གཅིག་ཀྱང་རུང་སྟེ། དྲི་ཞིམ་པོ་དང་བཅས་པའི་ཆུས་ཡོངས་སུ་བཀང་ལ། རྐེ་ལ་གོས་གཉིས་ཀྱིས་དཀྲིས་ཏེ། ཨཾ་པའམ་པ་ལ་ཤ་ལ་སོགས་པའི་ཡལ་གས་ཁ་ལེགས་པར་བརྒྱན་ལ། ཡུངས་ཀར་དང་ཀུ་སུ་མའི་མེ་ཏོག་དང་བཅས་པའི་གསེར་དང༌། དངུལ་དང༌། མུ་ཏིག་དང༌། མུ་མེན་དང༌། བྱི་རུ་དང་ཞེས་བྱ་བ་ནི་པོ་ཆེ་སྣ་ལྔ་དང༌། གྲོ་དང༌། ནས་དང༌། མོན་སྲན་གྲེའུ་དང༌། ཏིལ་དང༌། འབྲས་སོ་བ་དང༌། འབྲུ་སྣ་ལྔ་དང༌། རྣམ་བར་རྒྱལ་བ་དཀར་པོ་དང༌། བྲྀ་ཧ་ཏི་དག་ཀཎྜ་ཀ་རི་དང༌། ཧ་ས་དེ་བ་དང༌། དཎྜོཏྤ་ལ་དང་སྨན་ལྔའོ། །དེ་རྣམས་དང་ཡང་དག་བར་ལྡན་པར་བྱས་ལ། ཟླུམ་པོར་བྱས་ལ་གཞག་པར་བྱའོ། །བུམ་པ་སོ་སོར་བླངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་སིདྡྷ་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མངོན་བར་བསྔགས་པར་བྱས་བའམ། ཡང་ན་བྱིན་པའི་སྔགས་ཡི་གེ་གསུམ་དང་སྤེལ་བ་འདིས་ཕྱི་དྲོའི་དུས་སུ་བུམ་པ་མངོན་པར་བྱའོ། །ནང་པར་སྔ་བར་སྐུ་གཟུགས་གོས་སེར་པོས་དཀྲིས་ཏེ། ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ་ཁྲུས་བྱའོ། །དེའི་ཁྲུས་ཀྱི་རིམ་པ་ནི་འདི་ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ་ཨཿ། ཞེས་བྱ་བའི་ས་བོན་གྱིས་མངོན་པར་བསྔགས་ཤིང་དཱུར་བའི་ཆང་བུས་གཞུག་པར་བྱའོ། །དེ་ནས་དྲི་ཞིམ་པའི་མར་ནག་གིས་བྱུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་ཤིང་དཱུར་བའི་ཆང་བུས་གཞུག་པར་བྱའོ། །དེའི་རྗེས་སུ་ཨུ་དུམྺཱ་ར་དང༌། ནྱ་གྲོ་དྷྱ་ལས་སྐྱེས་པའི་ཤིང་ཤུན་ལེགས་པར་བཏགས་པ་འཁར་བའི་སྣོད་ཀྱི་དབུས་སུ་བཞག་སྟེ་གཡས་ཕྱོགས་ཀྱི་གློར་བཞག་ལ། མར་ནག་དབྱུང་བའི་དོན་དུ་སྐུ་གཟུགས་ལ་བྱུག་པར་བྱའོ། །དེ་ནས་བུམ་པ་རེ་རེའི་ཆུས་སྐུ་གཟུགས་
ལ་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཞེས་བྱ་བའི་ཚིག་བརྗོད་ཅིང༌། ཨོཾ་སརྦ་ཏཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱང་བརྗོད་པར་བྱའོ། །ནམ་མཁའ་ལ་གནས་པའི་རིག་པ་ཕབ་སྟེ། བུམ་པའི་བདུད་རྩིའི་ཆུས་སྐུ་གཟུགས་ལ་ཁྲུས་བྱེད་པར་བསྒོམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དེ་ལ་གོས་ཀྱི་ཆུ་བླངས་ཤིང་བླ་ན་མེད་པར་བྱས་ལ་གདན་རང་རང་གི་གཞག་པར་བྱའོ། །འདི་ནི་སྐུ་གཟུགས་ཀྱི་ཁྲུས་ཀྱི་རིམ་པའོ། །གལ་ཏེ་ཐང་སྐུའམ། པུ་སྟིའམ། བྲིས་པའི་མཆོད་རྟེན་ནམ་སྐུ་གཟུགས་ལ་སོགས་པ་ཁྲུས་བྱེད་པར་འདོད་ན། དེའི་ཚེ་པུ་སྟི་ལ་སོགས་པ་ཁྲུས་ཀྱི་རིམ་པ་བྱ་སྟེ། མདུན་དུ་མེ་ལོང་དེ་ལ་བའི་རྣམ་པར་ལྔ་དང༌། མར་ནག་དང༌། ཤུན་པ་ལ་སོགས་པའི་རིམ་པས་སྔོན་བཞིན་དུ་བུམ་པའི་ཆུས་ཀྱང་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ཁྲུས་ཀྱི་རིམ་པའོ། །དེ་ནས་ནམ་མཁའ་ལ་གནས་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་གཟུགས་ལ་ཁྱད་པར་དུ་གཞུག་པར་བྱའོ། །གལ་ཏེ་སྐུ་གཟུགས་སམ་པུ་སྟིར་བྱེད་པར་འདོད་ན། ནམ་མཁའ་ལ་གནས་པའི་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་པུ་སྟི་ཡི་གེའི་རྣམ་པར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནས་གོས་ཟུང་བརྩེགས་སྐུ་ལ་བསྐོན་པར་བྱ་སྟེ། ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་སོ། །ཀུ་ཤའི་ཆང་བུས་ནི་སྐུ་གཟུགས་ལ་སོགས་པ་ལ་བསང་གཏོར་ཡང་བྱ་ཞིང་ཞལ་བསིལ་ཡང་བྱའོ། །མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔ་སྔགས་འདིས་དབུལ་བར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཧཱུཾ་དེ་ལྟར་ཐམས་ཅད་བྱའོ། །ཡང་དེ་བཞིན་དུ། ཆུ་དང་ཐང་ལས་སྐྱེས་པ་ཡི། །མེ་ཏོག་འདི་ནི་མཆོག་ཡིན་ཏེ། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་དེ་བཞིན་སྦྱར། །བདུག་པ་འདི་ནི་མཆོག་ཡིན་ཏེ། །བདག་གིས་དད་པས་འབུལ་ལགས་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་
ཅིག་སྐྱེས་དང་དེ་བཞིན་སྦྱར། །དྲི་ཞིམ་བདེ་བའི་མཆོག་ཡིན་ཏེ། །བདག་གིས་གུས་པས་འབུལ་ལགས་ཀྱིས། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །མར་དང་མར་ནག་མར་མེ་འོད། །ལྷ་རྫས་འོད་འབར་མུན་འཇོམས་པའི། །མི་ཤེས་ཐམས་ཅད་ཞི་བའི་ཕྱིར། །བདག་གིས་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཟའ་དང་བཅའ་དང་ལྡན་པ་ཡི། །ལྷ་བཤོས་ཐམས་ཅད་ཡང་དག་ལྡན། །ཁ་དོག་དྲི་དང་རོ་རོ་ལྡན་པ། །ཁྱེད་ལ་དབུལ་གྱིས་བཞེས་སུ་གསོལ། །ཞེས་བྱ་བའི་སྔགས་འདིས་འདི་རྣམས་ཀྱི་གོ་རིམས་བཞིན་དུ་དབུལ་བར་བྱའོ། །ཇི་ལྟར་སྦྱིན་སྲེག་གི་དུས་སུ་ཡང་ཨརྒྷཾ་ལ་སོགས་པའི་སྔགས་ཀྱིས་དེ་བཞིན་དུ་ཡང་བྱའོ། །དེ་ནས་སྐུ་གཟུགས་ཀྱི་སྤྱན་ཐུར་མས་དབྱེ་བར་བྱ་སྟེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་རྡོ་རྗེ་གཟུང་ཞིང་དྲིལ་བུ་དཀྲོལ་ནས་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ལ་སོགས་པས་བསྟོད་པར་བྱའོ། །དེ་ནས་ནང་པར་སྔ་བར་སྔོན་བཞིན་དུ་སྦྱིན་སྲེག་བྱས་ལ། ཙཱ་རུའི་བཟའ་བ་སྔགས་ཀྱིས་དག་བྱེད་དུ་སྒྲུབ་པར་བྱེད། ཨོཾ་དི་བྱ་ནི་ས་མཱ་དྷི་དྷྱཱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཙཱ་རུའི་བཟའ་བ་དབུལ་བའི་སྔགས་སོ། །དེ་ནས་ལྷག་མ་གཞན་རྣམས་སློབ་དཔོན་དང་སློབ་མ་དང༌། ཡོན་བདག་གིས་བཟའ་བར་བྱའོ། །གཞན་དག་དོན་དུ་གཉེར་བ་ལ་ཡང་ཅུང་ཟད་སྦྱིན་ནོ། །གང་ཡང་ཉེ་བར་དགོས་པ་ཐམས་ཅད་སྦྱིན་སྲེག་གི་དུས་དང༌། རབ་ཏུ་གནས་པའི་དུས་ཀྱི་རྫས་ནི་རྡོ་རྗེ་སློབ་དཔོན་གྱིས་དབང་ཞིང་ཡོངས་སུ་བརྟག་པར་བྱའོ། །སློབ་མ་དང་ལྷ་བཟོ་ལ་ནི་གང་ཡང་ཕུལ་བའི་ནོར་དེ་རྣམས་མི་གནང་ངོ༌། །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིས་བསྒྱུར་བའོ།།