Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས།  སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེ།next

ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས།
སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེ།


DTG073_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཕྱག་ན་


DTG073_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་ཕྱག་འཚལ་ལོ། །ལྷག་པའི་ཁྲོ་རྒྱལ་སྐྱོན་ཀུན་ལས་རྒྱལ་བ། །རྣམ་དག་བྱང་ཆུབ་སེམས་ཅན་དོན་མཛད་པ། །གོས་སྔོན་ཕྱག་ན་རྡོ་རྗེ་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་སེམས་ཅན་ཕན་ཕྱིར་བཤད། །འདི་ལ་ལྷག་པར་དབང་བའི་སྔགས་པ་ནི། །སྙིང་རྗེ་ཡིས་ནི་ཡིད་ནི་གཅུགས་གྱུར་ཅིང༌། །ལྷག་པར་མོས་པ་བརྟན་པོའི་ཡིད་ཅན་ནི། །བྱང་ཆུབ་སེམས་ཀྱི་རྣམ་པས་རབ་ཏུ་བརྒྱན། །དཀོན་མཆོག་གསུམ་ལ་གཅིག་ཏུ་སྐྱབས་སུ་སོང༌། །བླ་མའི་རྗེས་གནང་ཐོབ་ཅིང་ཡོན་ཏན་ལྡན། །རང་འདོད་ལྷ་དང་བླ་མ་དབྱེར་མེད་ལྷ། །ཤིན་ཏུ་བརྩོན་ལྡན་དབང་དུ་གྱུར་པ་ཡིས། །སྔ་བར་ལངས་ཏེ་སྙིང་གར་ཉི་མ་ལ། །ཧཱུཾ་ཡིག་སྔོན་པོ་ཕུང་བ་ལྟ་བུའི་འོད། །འོད་གསལ་བ་ནི་བློ་ལྡན་གྱིས་བལྟས་ནས། །ཁ་ལ་སོགས་པ་རབ་ཏུ་དག་པར་བྱ། །ཙནྡན་ཨ་ཀ་ར་ཛཱ་ཏི་ཨེ་ལ་དང༌། །རམས་དང་སོ་བ་ཤིང་གི་ལོ་མ་ཡིས། །བསྲེས་པའི་དྲི་ཞིམ་ཆུ་ཡིས་བྱུགས་པ་ལ། །མེ་ཏོག་སྔོན་པོས་ཉེ་བར་བརྒྱན་བྱས་ཏེ། །ཤ་ཁར་དྲི་སོགས་བདུག་པ་བདག་གིས་ནི། །བདུག་ཅིང་ཡིད་དུ་འོང་བར་གྱུར་པ་ཡིས། །ཉེ་བར་འཚེ་བའི་འཇིགས་པ་རྣམ་སྤོངས་ཏེ། །ཡངས་ཤིང་འཇམ་པའི་སྟན་ལ་རབ་འདུག་ནས། །དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བ་ཡི། །བདག་ཉིད་ཁྲོ་རྒྱལ་གཙོ་བོ་དག་ཏུ་ནི། །རྣམ་པར་བསྒོམས་ནས་གཡས་ཀྱི་སྡིགས་མཛུབ་ལ། །རཾ་ཡིག་དམར་པོ་རྣམ་པར་བསྒོམ་པར་བྱ། །དེ་ནས་དེ་ལས་བྱུང་བའི་ཉི་མ་ལ། །ཧཱུཾ་ཡིག་སྔོན་པོ་ལས་ནི་བྱུང་བ་ཡི། །མི་བཟད་པ་ཡི་རྡོ་རྗེ་རྩེ་དགུ་པ། །འོད་ཟེར་རབ་ཏུ་འཕྲོས་པ་བསམ་པར་བྱ། །དེ་ནས་ཕྱོགས་བཅུ་དག་ཏུ་ནི། །ཁྲོས་པས་སྔགས་ནི་བརྗོད་བྱ་ཞིང༌། །གོ་རིམས་ཇི་བཞིན་སེ་གོལ་གྱིས། །གནས་བདག་རྣལ་འབྱོར་བསྲུང་བར་བྱ། །དེ་ལ་གནས་ལ་སོགས་པ་བསྲུང་བའི་སྔགས་ནི། །ཨོཾ་བཛྲ་ཀྲོ་དྷ་སརྦ་བིགྷྣཱཾ་ཧ་ན་ཧ་ན་ཧཱུཾ་ཕཊ་རཀྵ་རཀྵ་སྭཱཧཱ་ཞེས་བྱའོ། །དེ་ནས་སྔོན་གསུངས་ཉིད་ཀྱིས་ནི། །དྲི་ཞིམ་ཆུ་ཡིས་དཀྱིལ་འཁོར་ཡང༌། །བྱས་ནས་མེ་ཏོག་དགྲམ་པར་བྱ། །ཨརྒྷཾ་ལ་སོགས་ཧཱུཾ་བཟླས་བྱ། །དེ་ནས་རང་གི་སྙིང་གར་འོད་ཟེར་གྱི་ཕྲེང་བའི་ལྕགས་ཀྱུས་བཀུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་ནམ་མཁའི་ཕྱོགས་སུ་ཉེ་བར་གནས་པར་


DTG073_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པར་མོས་ཏེ། དེ་རྣམས་ལ་ཡང་དག་པའི་དད་པ་ཉེ་བར་བསྐྱེད་དེ། དེ་ཀུན་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་བྱའོ། །དུས་གསུམ་བཞུགས་པའི་སངས་རྒྱས་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །རབ་གུས་རྒྱ་ཆེའི་མཆོད་པ་ཡིས། །བདེ་གཤེགས་རྣམས་ལ་ཉེ་བར་མཆོད། །འཇིགས་པས་དེ་མདུན་མ་ལུས་པའི། །སྡིག་པ་བྱས་པ་བཤགས་པར་བགྱི། །སངས་རྒྱས་སོགས་བགྱིས་བསོད་ནམས་ལ། །དེང་འདིར་རྗེས་སུ་ཡི་རང་ངོ༌། །ཆོས་ཀྱི་འཁོར་ལོ་བསྐོར་སླད་དུ། །བདེ་གཤེགས་རྣམས་ལ་བསྐུལ་བར་བགྱི། །བདེ་གཤེགས་མྱ་ངན་འདའ་བཞེད་ལ། །དེ་རྣམས་ཡུན་རིང་གནས་གསོལ་འདེབས། །གསུང་མཆོག་རང་བཞིན་བསོད་ནམས་དང༌། །དགེ་བ་གཞན་ཡང་བདག་གིས་ནི། །གང་དེ་ཐམས་ཅད་བྱང་ཆུབ་དག །གཅིག་ཏུ་བསྡུས་ནས་བསྔོ་བར་བགྱི། །དེ་ནས་སྐྱབས་སུ་འགྲོ་བྱ་སྟེ། དུས་གསུམ་འབྱུང་བའི་སངས་རྒྱས་དང༌། །ཐེག་ཆེན་དམ་ཆོས་འདི་དང་ནི། །དགེ་འདུན་སངས་རྒྱས་སྲས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །དེ་ནས་བདག་ཉིད་དབུལ་བྱ་སྟེ། །བདག་ཉིད་ཐལ་མོ་སྦྱར་ནས་ནི། །སངས་རྒྱས་རྣམས་ལ་འབུལ་བར་བགྱི། །བདག་ཀྱང་རབ་ཏུ་བཞེས་མཛོད་ལ། །ཇི་ལྟར་དགྱེས་པ་བཞིན་དུ་སྦྱོར། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། ངོ་མཚར་ཆེ་མཆོག་བྱང་ཆུབ་ནི། །བླ་མེད་དག་ནི་ཐོབ་ནས་སུ། །ཤིན་ཏུ་མཐར་ཐུག་མྱ་ངན་འདས། །འགྲོ་བ་མྱུར་དུ་དགོད་པར་བགྱི། །དེ་ནས་ལམ་ནི་བསྟན་བྱ་སྟེ། །གོང་འདིར་རྒྱལ་དང་རྒྱལ་བའི་སྲས། །སྙིང་རྗེ་མཆོག་གི་བསྟན་བྱ་བ། །རྡོ་རྗེ་ཐེག་བ་བླ་ན་མེད། །མཆོག་གྱུར་སྙིང་པོ་བསྟེན་པར་བགྱི། །དེ་ནས་སྙིང་རྗེ་བསྒོམ་བྱས་ཏེ། །འཁོར་བའི་རྒྱ་མཚོ་མ་བརྒལ་བའི། །འགྲོ་བ་མ་ལུས་རྣམས་བལྟས་ནས། །སྡུག་བསྔལ་སེལ་བར་བྱེད་པ་ཡི། །སྙིང་རྗེ་མཐར་ཐུག་བསྒོམ་པར་བྱ། །དེ་ནས་སྟོང་ཉིད་བསྒོམ་བྱ་སྟེ། །གཟུང་དང་འཛིན་པ་མི་ལྡན་པའི། །མ་དཔྱད་དངོས་པོ་ཡོང་མ་ཡིན། །དེ་ཕྱིར་འགྲོ་ཀུན་སྟོང་པ་ཉིད། །གཉིས་སུ་མེད་པ་བསྒོམ་པར་བྱ། །དེ་ནས་ཨོཾ་ཤཱུནྱ་དཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉ྄ཧཾ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྒྱུ་མཐུན་པ་ལས་ཡོངས་སུ་རྫོགས་པའི་འབྱུང་བ་བཞི་སྟེ།


DTG073_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཞིའི་རྣམ་པའི་འབྱུང་བ་ཆེན་པོ་བཞི་བསྒོམ་པར་བྱའོ། །དེ་ལ་ལཾ་སྐྱེས་སེར་པོ་སྟེ། །མཐར་ནི་མ་ལུས་རྡོ་རྗེས་མཚན། །གྲུ་བཞི་པ་ལ་རབ་རྒྱས་པའི། །དབང་ཆེན་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ནས་བཾ་སྐྱེས་དཀར་པོ་ནི། །ཟླུམ་པོ་བུམ་པས་མཚན་པ་སྟེ། །ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་དེ། །སྟེང་དུ་གནས་པ་ཡང་དག་བསམ། །དེ་ནས་རཾ་སྐྱེས་དམར་པོ་ནི། །གྲུ་གསུམ་རཾ་གྱིས་རྩེ་མཚན་པ། །འབར་ཞིང་འཕྲོ་བ་སྟེང་དུ་ནི། །མེ་ཡི་དཀྱིལ་འཁོར་བསམ་པར་བྱ། །དེ་ནས་ཡཾ་སྐྱེས་སྔོན་པོ་ནི། །སྦྱར་གཞུ་ལྟ་བུའོ་འོད་འབར་བ། །བ་དན་དང་བཅས་མཉམ་གཞག་པས། །རླུང་གི་དཀྱིལ་འཁོར་བལྟ་བར་བྱ། །འབྱུང་བ་བཞི་ནི་ཡང་དག་གྱུར། །རྒྱས་འཕྲོ་གཞལ་ཡས་ཁང་པ་སྟེ། །རྣམ་སྣང་མཛད་ཀྱི་རང་བཞིན་ནི། །ཐར་པའི་གྲོང་མཆོག་བསྒོམ་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །མཆོད་སྣམ་བཞི་ཡིས་ཡོངས་སུ་བསྐོར། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །རྡོ་རྗེ་ཐིག་གིས་རབ་ཏུ་བསྐོར། །དྲ་བ་དྲ་བ་ཕྱེད་པས་བརྒྱན། །བླ་རེ་རྔ་ཡབ་མེ་ལོང་དང༌། །གོས་དང་མེ་ཏོག་ཕྲེང་གིས་བརྒྱན། །མཆོད་པ་ལྔ་ཡིས་ཡང་དག་བརྒྱན། །འདོད་ཡོན་ལྔ་དང་ཡང་དག་ལྡན། །གླུ་དང་གར་སོགས་མཆོད་པ་ནི། །ལྷ་རྫས་བསྣམས་པའི་ལྷ་མོའི་ཚོགས། །བ་དན་རྩེ་མོ་རླུང་བསྐྱོད་པའི། །དྲིལ་བུ་དག་ནི་ཕྱོགས་སྒོར་འཁྲོལ། །ཁ་དོག་ལྔ་ཡི་འོད་ཚོགས་ཀྱིས། །མ་ལུས་པ་ཡི་ཁམས་ནི་གསལ། །དེ་ཡི་ལྟེ་བར་པདྨ་ནི། །སྣ་ཚོགས་འདབ་མ་གེ་སར་བཅས། །དགའ་བོ་ལ་སོགས་ཀླུ་བརྒྱད་ནི། །གདན་དུ་རྣམ་པར་བསམ་པར་བྱ། །ཤར་ལ་སོགས་པའི་ཕྱོགས་བཞི་རུ། །དེ་བཞིན་གདན་ནི་བསྒོམ་བྱ་སྟེ། །པདྨ་འཇིགས་བྱེད་སྟག་དང་ནི། །ཆུ་སྲིན་མ་ནི་རིམ་བཞིན་ནོ། །དེ་ནས་ཕྱི་འཕར་བཞི་པོ་ལ། །རོ་ལངས་སྔོན་པོ་བྲིས་པ་ཡིས། །དཀར་དང་ནག་དང་སྡོ་སྐྱ་དང༌། །དེ་བཞིན་སེར་སྐྱ་བསྒོམ་པར་བྱ། །དེ་ནས་དབུས་གདན་ཤེས་རབ་ནི། །དབྱངས་ཡིག་བཅུ་དྲུག་ངོ་བོ་ཉིད། །རབ་རྒྱས་ཟླ་བ་བསྒོམ་བྱ་བ། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །དེ་སྟེང་སུམ་ཅུ་རྩ་བཞི་ཡི། །གསལ་བྱེད་སྙིང་རྗེའི་བདག་ཉིད་ནི། །ཉི་མའི་འོད་གསལ་རྣམ་བསམས་པ། །མཉམ་ཉིད་ཡེ་ཤེས་ངོ་བོ་ཉིད། །དེ་སྟེང་བཾ་གྱིས་ཧཱུཾ་


DTG073_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། །ཡང་དག་སྐྱེས་ལས་རྩེ་ལྔ་པའི། །རྡོ་རྗེ་ལྟེ་བར་ཧཱུཾ་གིས་མཚན། །སོ་སོར་ཀུན་རྟོག་ཡེ་ཤེས་བསྒོམ། །ཧཱུཾ་ལས་སངས་རྒྱས་སྤྲོ་བྱ་སྟེ། །བསྡུས་ཏེ་དེ་ལ་དེ་རྣམས་བཞུགས། །ཡང་དག་འདུས་ནས་དབྱེར་མེད་པ། །དེ་ནི་བྱ་བ་གྲུབ་པར་བསྒོམ། །ཟླ་བ་ཉིས་མཚན་ཧཱུཾ་ཡིག་ལས། །སྐྱེས་པའི་རང་ཉིད་གོས་སྔོན་ཅན། །རྣམ་དག་ཡེ་ཤེས་ངོ་བོ་ཉིད། །ཡུན་རིང་ཕྱག་ན་རྡོ་རྗེ་བསམ། །དབུ་སྐྲ་ཁམ་སེར་གྱེན་དུ་འགྲེང༌། །ཁྲོ་གཉེར་སྤྱན་ནི་དམར་བ་སྟེ། །མཆེ་བ་གཙིགས་པ་ཡི་ནི་ཞལ། །གློག་གི་ལྗགས་ཀྱིས་འཇིགས་བྱེད་པ། །འཇིག་དུས་རླུང་གི་དབུགས་དང་ནི། །ཧཱུཾ་ཡིག་འདོན་པ་ཡི་ནི་ཞལ། །ཧ་ཧར་དགོད་པ་རྩུབ་ཅིང་དྲག །རྒྱ་མཚོ་ཆེན་པོ་ལྟོ་ཆེ་བ། །པདྨ་དབུ་ལ་རྒྱས་པར་རོ། །དགའ་བོ་ཉེར་དགའ་རྣ་ཆ་སྟེ། །པདྨ་ཆེན་པོ་ཚངས་སྐུད་དོ། །དུང་སྐྱོང་ཏཀྵ་ལག་གདུབ་བོ། །རིགས་ལྡན་ཀ་རྐོ་རྦུ་རྒྱན་ཏེ། །ལྷག་ཅན་ནོར་རྒྱས་རྐང་གདུབ་བོ། །ཕྲག་བ་ཟླ་བ་ཉི་མས་བརྒྱན། །སེང་གེ་རྐང་བརྒྱད་པགས་པའི་གོས། །རྡོ་རྗེ་ལྕགས་སྒྲོག་རྐེད་པར་དཀྲིས། །བྲང་འགྲོ་ཆེན་པོ་གསོལ་བས་སོ། །རང་མདོག་རྡོ་རྗེ་རྩེ་གསུམ་ནི། །གཡས་ཀྱི་ཕྱག་ན་བསྣམས་པ་སྟེ། །རྡོ་རྗེ་དབྱུག་ཆེན་མི་བཟད་པ། །གཡོན་གྱི་ཕྱག་ན་བསྣམས་པའོ། །ཉི་མའི་གདན་དང་རྒྱ་བརྟེན་བྲག །གཡོན་བརྐྱང་པ་ཡི་ཞབས་ཀྱིས་གནས། །དེ་ནས་དབྱུག་པའི་སྟེང་བསམ་པ། །མཁའ་ལ་འགྲོ་བདག་བྱ་ཁྱུང་སྟེ། །ཁྲོས་ཞིང་ལུས་ནི་ཆེ་ལ་དཔའ། །ཁ་གདངས་སྣ་ཚོགས་མདོག་ཅན་ནོ། །རྐང་པ་གཉིས་ཀྱིས་སྤྲུལ་རྒྱལ་པོ། །ཟ་བཞིན་པ་ནི་ཉིད་དུ་བྱེད། །ཟླུམ་ཞིང་དམར་ལ་འབར་བའི་སྤྱན། །འཇིགས་ཤིང་ཀུན་ཏུ་སེང་སེང་ལྟ། །དེ་ནས་སྙིང་གར་ཉིས་མཚན་ཧཱུཾ། །དེ་ཉིད་འོད་ཟེར་འཕྲོ་བའོ། །དེ་བཞིན་སྤྱི་བོ་མགྲིན་པ་སྙིང༌། །ཨོཾ་ཨཱཿཧཱུཾ་ཡོངས་བསྒོམ་པར་བྱ། །ཞེས་བྱ་བ་ནི་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །དེ་ནས་སྙིང་གར་ཉིས་གནས་པའི། །ས་བོན་ལས་བྱུང་ཟླ་བ་ནི། །འཇིགས་བྱེད་ལ་སོགས་བརྒྱད་ལ་དགོད། །དེ་རྣམས་ཉི་གནས་དེ་བཞིན་ནོ། །དེ་ལ་ཟླ་ཉི་སྦྱོར་བ་ལས། །དེ་བཞིན་ས་བོན་བརྒྱད་དུ་གྱུར། །ཧཱུཾ་ཧཱུཾ་ཕུཾ་ཀུཉྫ་ཤཾ་རཾ་མཾ། །ཐིག་ལེ་ནཱ་ད་ལྡན་རིམ་བཞིན། །དེ་རྣམས་ཡོངས་སུ་གྱུར་པ་ལས། །མཚན་མ་བརྒྱད་ནི་གོ་རིམས་བཞིན། །འོག་ནས་འབྱུང་ཞིང་སྒྲུབ་པ་པོས། །རང་


DTG073_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རང་ས་བོན་ཡང་དག་ལྡན། །དེ་ནས་ཟླ་བ་ཉི་མ་དང༌། །མཚན་མ་ས་བོན་ལས་བྱུང་བའི། །དཀྱིལ་འཁོར་བ་ནི་གོ་རིམས་བཞིན། །རང་རང་གདན་གནས་བསམ་པར་བྱ། །དེ་ལ་ཁམས་གསུམ་རྣམ་རྒྱལ་ནི། །ཀུན་དུ་སྔོ་བ་འབར་བའི་སྐུ། །རྩ་ཞལ་གནག་ཅིང་དཀར་བ་ནི། །གཡས་པའི་ཞལ་ཏེ་སྤྱན་མིག་དམར། །གཡོན་ཞལ་དམར་ཞིང་ཤ་རྒྱས་ལ། །ཅུང་ཞིག་མཆེ་བ་གཙིགས་པའི་ཞལ། །སྟག་ཝགྶ་གོས་གྱོན་ཁྲོས་པ་སྟེ། །ཉི་གནས་རྣམ་པར་འཕྲོ་བའི་འོད། །རྡོ་རྗེ་རལ་གྲི་ལྕགས་ཀྱུ་རྣོ། །གཡས་ཀྱི་ཕྱག་ན་བསྣམས་པའོ། །དྲིལ་བུ་ཞགས་པ་མི་མགོ་ནི། །གཡས་ལས་ཅིག་ཤོས་ཕྱག་ན་བསྣམས། །གཡོན་བརྐྱང་བ་ཡི་ཞབས་གནས་པ། །ཤར་གྱི་གདན་ལ་བསམ་པར་བྱ། །སྒེག་ཅིང་ལང་ཚོ་དང་ལྡན་ཞིང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བསམ། །ལྷོ་ཕྱོགས་གདན་གྱི་ཉི་མ་ལ། །ནག་པོ་ཆེན་པོ་དེ་ནས་བལྟ། །སྤྱན་གསུམ་པོ་ནི་དམར་བ་སྟེ། །གནག་ཅིང་ཁྲོས་པ་མཆེ་བ་གཙིགས། །སྐྲ་ནི་ཁམ་པ་གྱེན་དུ་འགྲེང༌། །གང་ཡང་རུང་བའི་རྒྱན་གྱིས་མཛེས། །སྤྲུལ་མཆོག་མཆོད་ཕྱིར་ཐོགས་པ་སྟེ། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་གནས། །རྩེ་མོ་རྣོ་ཞིང་འཇིགས་པ་ཡི། །ཙནྡན་ཕུར་ཤིང་གཡས་ན་བསྣམས། །གཡོན་པའི་ཕྱག་ན་ཞགས་པ་ནི། །བསྣམས་ཤིང་མི་བཟད་པ་ཡི་གཟུགས། །ནུབ་ཀྱི་གདན་གྱི་ཟླ་བ་ལ། །ཀླུ་ཡི་རྒྱལ་པོ་བ་རུ་ཎ། །དཀར་པོ་གདེངས་ཀ་བདུན་གྱིས་སྒེག །མཉམ་པའི་ཞབས་ཀྱིས་ཡང་དག་གནས། །སྡོང་པོ་དང་བཅས་པདྨ་ཕྱེ། །གཡས་པའི་ཕྱག་ན་བསྣམས་པའོ། །དེ་ནས་གཡོན་པའི་ཕྱག་གིས་ནི། །ཕྱག་བྱེད་ཚུལ་དུ་བསྒོམ་པར་བྱ། །བྱང་གི་གདན་གྱི་ཉི་མ་ལ། །གསང་བའི་དབང་ཕྱུག་རྣམ་ཐོས་སྲས། །སེར་ཞིང་བཟང་ལ་མཆོག་ཏུ་དགའ། །ལྷ་རྫས་རྒྱན་གྱིས་རྣམ་པར་བརྒྱན། །ཡིད་བཞིན་ནོར་བུ་འོད་འཕྲོ་བ། །གཡས་པ་ཡི་ནི་ཕྱག་ན་བསྣམས། །གསེར་གྱི་ནེའུ་ལེ་ཁ་འོག་བལྟས། །གཡོན་པ་ཡི་ནི་ཕྱག་ན་བསྣམས། །རྟག་ཏུ་བསམ་པ་ཡོངས་རྫོགས་བྱེད། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་གནས། །སྤྱན་ནི་ཀུན་དུ་དམར་ཞིང་ཚེ། །ལྟོ་བ་ཆེ་ཞིང་སྦོམ་པ་བསམ། །དེ་ནས་ཕྱི་འཕར་བསམ་བྱ་སྟེ། །ཤར་གྱི་གདན་གྱི་ཉི་མ་ལ། །སྲོག་ཟ་དག་ནི་ཚེ་ཞིང་གནག །གྲི་དང་སྡིག་མཛུབ་ཀྱི་ནི་ཕྱག །ལྷོ་ཕྱོགས་


DTG073_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གདན་གྱི་ཉི་མ་ལ། །དེ་ནས་དབུགས་འཕྲོག་པ་ནི་བལྟ། །དཱུར་བལྟ་བུ་ལྗང་ཞིང་རིང༌། །པགས་པ་དང་ནི་སྡིགས་མཛུབ་ཕྱག །ནུབ་ཀྱི་གདན་གྱི་ཉི་མ་ལ། །དམར་པོ་ཁྲག་ཟ་བསྒོམ་པར་བྱ། །སྦལ་བའི་ཁྲག་གིས་གང་བ་ཡི། །ཐོད་པ་དག་ནི་ཕྱག་ན་བསྣམས། །བྱང་གི་གདན་གྱི་ཉི་མ་ལ། །ཤ་ཟ་བ་ནི་རྣམ་པར་བསམ། །ཐལ་བའི་མདོག་ཅན་དྲི་དང་ཞག །ཕྱག་བསྣམས་འཇིགས་པར་བྱེད་པའོ། །བཞི་པོ་འདི་ནི་སྟོབས་དང་ལྡན། །བང་མཐོ་གྲིམས་པ་ཡི་ནི་ལུས། །མཆེ་བ་གཙིགས་ཤིང་མི་སྡུག་པ། །སྨར་སྨིན་མ་མགོ་སྐྱེས་ལྡན། །ཧ་ཧར་བཞད་བཅས་ལྗགས་འདྲིལ་བ། །ཟླུམ་ཞིང་དམར་བ་ཡི་ནི་སྤྱན། །སྨིན་མ་འཁྱོག་ཅིང་གསུས་པོ་ཆེ། །འཇིག་དུས་ཀྱི་ནི་མེ་ཡི་འོད། །དྲག་པོ་སྟག་ལྤགས་ཀྱི་ནི་གོས། །ཐོད་པའི་རུས་པས་རྣམ་པར་བརྒྱན། །ཞལ་གཅིག་ཕྱག་གཉིས་ཁྲོས་པ་སྟེ། །གཡོན་བརྐྱང་པ་ཡི་ཞབས་ཀྱིས་གནས། །ཁམས་གསུམ་རྣམ་རྒྱལ་ཞེས་སོགས་ནས། །མདངས་འཕྲོག་མ་ཡི་མཐར་ཐུག་པར། །སྙིང་གར་ས་བོན་གདན་མཚན་མ། །དེ་ཉིད་གསུམ་དང་ལྡན་པ་བསམ། །གཞན་ཡང་ཡོངས་རྫོགས་དཀྱིལ་འཁོར་ནི། །སྔགས་རིག་པ་ཡིས་བལྟས་ནས་སུ། །རང་སྙིང་ས་བོན་འོད་ཟེར་གྱིས། །ཡེ་ཤེས་འཁོར་ལོ་ཡོངས་སུ་དགུག་དེ་ནས་མདུན་གྱི་ནམ་མཁའ་ལ། དེ་བཞིན་གཤེགས་པ་ཡང་དག་བཞུགས། ཧཱུཾ་གིས་བགེགས་ནི་བསྐྲད་བྱ་སྟེ། །བསང་གཏོར་ལ་སོགས་སྦྱར་བར་བྱ། །ཛཿ་ཧཱུཾ་བཾ་ཧོཿ་ས་དགུག་པ་དང༌། གཞུག་དང་བཅིང་དང་དགྱེས་པར་ནི། །ཆོགས་དམ་ཚིག་ཡེ་ཤེས་ནི། །གཅིག་ཏུ་གྱུར་པར་རྣམ་པར་བསམ། །དེ་ནས་སྙིང་སྔགས་འོད་ཟེར་གྱིས། །ནམ་མཁའི་རྒྱལ་བ་བཀུག་ནས་སུ། །བཞུགས་གསོལ་མེ་ཏོག་ལ་སོགས་མཆོད། །བརྟུལ་ཞུགས་དབང་བསྐུར་གསོལ་བ་གདབ། །དེ་ནས་ཡེ་ཤེས་ཆུས་གང་བའི། །རྒྱལ་བདག་རིན་ཆེན་བུམ་པ་ཡིས། །བདག་དང་དཀྱིལ་འཁོར་བཅས་པ་ལ། །སངས་རྒྱས་རྣམས་ཀྱིས་དབང་བསྐུར་བསྒོམ། །དེ་ནས་དབང་བསྐུར་ཆུར་གྱུར་པས། །ཀུན་གྱི་དབུ་ལ་མི་བསྐྱོད་དེ། །རལ་བའི་དབུ་རྒྱན་གྱིས་བརྒྱན་པའི། །མིག་སྨན་ལྟ་བུར་བསྒོམ་པར་བྱ། །དེ་ནས་སྙིང་གའི་ས་བོན་འོད། །བྱུང་བའི་ལྷ་མོའི་ཚོགས་རྣམས་ཀྱིས། །ཡང་དག་མཆོད་


DTG073_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་བདག་ཉིད་ཀྱིས། །དཀྱིལ་འཁོར་ཡང་དག་ལྡན་པར་བསམ། །དེའི་རྗེས་སུ་དཀྱིལ་འཁོར་པ་ཀུན་གྱི་གླུ་གསུམ་གྱིས་དཀྱིལ་འཁོར་གྱི་དབང་ཕྱུག་གི་བདག་ཉིད་ལ་བསྟོད་བཞིན་པར་བལྟའོ། །གསང་བའི་བདག་པོ་གཙོ་ཆེན་པོ། །སངས་རྒྱས་སྐུ་དང་འདྲ་བའི་འོད། །གཏི་མུག་རྡོ་རྗེའི་རང་བཞིན་བདག །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་གཙོ་ཆེན་པོ། །སངས་རྒྱས་གཟུངས་དང་འདྲ་བའི་དག །འདོད་ཆགས་རྡོ་རྗེའི་རང་བཞིན་བདག །རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད། །གསང་བའི་བདག་པོ་གཙོ་ཆེན་པོ། །སངས་རྒྱས་ཐུགས་དང་མཚུངས་པའི་ཡིད། །ཞེ་སྡང་རྡོ་རྗེའི་རང་བཞིན་བདག །རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་པ་ནི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་རྗེས་སུ་མཐུན་པའི་གཟུགས་ཀྱིས་འགྲོ་བའི་དོན་བྱེད་པ་ལ་རྗེས་སུ་གནས་པར་བྱ་སྟེ། སྙིང་གའི་འོད་ཀྱིས་བསྐུལ་ཏེ་དཀྱིལ་འཁོར་པ་ཀུན་གྱིས་འོད་སྤྲོ་ཞིང་རང་གི་ལུས་ལ་སྡུད་པར་བསམ་པར་བྱའོ། །རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་རང་གི་འོད་ཡོངས་སུ་སྤྲོས་ཏེ། སེམས་ཅན་གྱི་དོན་བྱས་ཤིང་རང་ཉིད་ལ་རང་ཉིད་ཀྱི་འོད་མ་ལུས་པར་བསྡུ་པར་བྱའོ། །ཞེས་པ་ནི་ལས་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ། །གཞན་ཡང་བསྒོམས་པས་སྐྱོན་ངལ་བསོ་ཞིང་ཡོངས་སུ་བཟླས་པར་བྱ་སྟེ། སྔགས་ཀྱི་ཡི་གེ་ཕྲེང་བ་ཉིད་ཀའི་ཉི་མ་ལ་དཀྱིལ་འཁོར་གྱི་རྣམ་པར་གོ་རིམས་བཞིན་དུ་རྣམ་པར་བལྟས་ནས། སྒྲ་ཁྲོ་བོའི་ངག་གིས་རབ་ཏུ་བཟླས་སོ། །རྡོ་རྗེའི་བཟླས་པ་མགལ་མེའི་འཁོར་ལོའི་རིམ་པས་གཞན་ཉིད་ཀྱང་ངོ༌། །ཇི་སྲིད་མི་སྐྱོ་བའི་བར་དུ་བླ་མའི་མན་ངག་གིས་བཟླས་སོ། །སྔགས་ནི་ཏདྱ་ཐཱ། བྷོ་བྷོ་པན་ནཱ་ག་ཨ་དྷི་པ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎཱི་ཧྲྀ་ད་ཡཾ། ཡཿས་མ་ཏི་ཀྲ་མ་ཐ། ཨུཏྶཱ་ད་ནཱཾ། བྷ་བི་ཥྱ་ཏི། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ཐཱ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར། ནཱ་ག་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མ་རྨ་ཎི། བི་ས་མ་ད་ནཱ་ག་ཤ་རཱི་རཾ། བི་སྥོ་ཊ་ཡ་ནཱ་ག་ཡ་ནཱ་གཡ་ཏདྱ་ཐཱ། ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎ་ཡ་ཧཱུཾ་ཕཌ། ནཱ་གཱ་ཨུཚཱ་དཱ་ཡ་ཕཊ། ནཱི་ལཱཾ་བཱ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ། པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱནྟཱ་ཡ་ཕཌ། ཀྲཱི་ཏཱནྟཱ་རུ་པཱ་ཡ་ཕཊ། རོ་ཥཎཱ་ཡ་


DTG073_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཏྲཱ་སཱ་ནཱ་ཡ་ཕཊ། ཀུཥྨཎྜོ་ཏྶཱ་ཡ་ཕཊ། པྲེ་ཏ་བི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ཡཀྵ་ཨ་པསྨཱར་བི་ནཱ་ཤ་ཀ་རཱ་ཡ་ཕཏ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ན་ཤ་ཡ་ན་ཤ་ཡ། སརྦ་བིགྷཾ། བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ་ཞེས་བྱའོ། །བཟླས་པ་དང་བསྒོམས་པས་སྐྱོན་སྔགས་པས་སྐྱོ་བ་ཡོངས་སུ་སྤང་པའི་ཕྱིར་ལུས་གསོ་བའི་ཆོ་ག་བྱ་སྟེ། བདུད་རྩི་ལྔ་ཞུ་གང་བ་ཡི། །སྤྱི་བོའི་སྟེང་དུ་ཟླ་དཀྱིལ་འཁོར། །ཨོཾ་ཡིག་བྱིན་རླབས་བསྒོམ་པར་བྱ། །དེ་ཡི་འོད་ཟེར་དཀར་སྤྲོས་ཏེ། །ཡེ་ཤེས་བདུད་རྩི་སངས་རྒྱས་ལ། །འབད་པས་ཡང་དག་དགུག་པར་བྱ། །དེ་དག་ཉིད་ལས་བསྒྲུབ་བྱ་སྟེ། །རོ་གཅིག་གཉིས་མེད་དག་ཏུ་བྱ། །སྲོག་དང་རྩོལ་བ་བསྡམས་པ་ལས། །དེ་ནས་ལེགས་རྒྱུན་ལ་བབས་པས། །བདག་ཉིད་ལུས་ལ་སོགས་པ་སྟེ། །གསོ་བཞིན་པར་ནི་བལྟ་བར་བྱ། །དེ་ནས་ལངས་པར་འདོད་ན་ནི། །སྨོན་ལམ་དག་ཀྱང་གདབ་པར་བྱ། །ཕྱག་ན་རྡོ་རྗེ་གོས་སྔོན་ཅན། །གོ་འཕང་མྱུར་དུ་ཐོབ་པར་ཤོབ། །བསོད་ནམས་འདི་ཡིས་འགྲོ་བ་ནི། །མ་ལུས་པ་ཡིས་ཐོབ་པར་ཤོག །དེ་ནས་དེ་ཉིད་གསུམ་བརྗོད་པས། །རང་སྙིང་ས་བོན་རང་དཀྱིལ་འཁོར། །བསྡུས་ཏེ་ལྷ་ཡི་རྣམ་པ་ཡི། །ང་རྒྱལ་དག་གིས་གནས་པར་བྱ། །ཉིན་མོ་ཐུན་གཉིས་རྣལ་འབྱོར་བས། །རང་ཉིད་ས་བོན་ལས་བྱུང་བའི། །ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ཀུན། །སྔོན་བཞིན་དུ་ནི་རབ་ཏུ་བྱ། །དེ་ལྟར་ནུབ་ཀྱི་ཐུན་མཚམས་སུ། །འོན་ཀྱང་ཁྱད་པར་ཡོངས་གྱུར་ཏེ། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །འཁོར་ལོ་རང་གི་གཉུག་མར་བསྡུ། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་བའི་སྔགས་ནི། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འདི་རུ་བྱོན་པར་མཛོད།། མུཿ་ཞེས་བྱའོ། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །གཉུག་མར་དཀྱིལ་འཁོར་བསྡུ་བྱ་སྟེ། །མལ་སྟན་ཀླུ་རུ་བསྒོམ་བྱ་ཞིང༌། །བློ་ལྡན་སེང་གེ་བཞིན་དུ་ཉལ། །སྔོན་གསུངས་ཀླུ་ནི་གསུམ་པོ་ཡིས། །ཐོ་རངས་བདག་ལ་བསྐུལ་བཞིན་པར། །ཀླུ་དབང་རང་ཉིད་བསམ་པར་བྱ། །ལངས་ནས་


DTG073_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་གྱི་ཞག་བཞིན་དུ། །བསྒོམ་པའི་རིམ་པ་རབ་ཏུ་བྱ། །དངོས་སུ་ཐུན་ནི་སོ་སོ་ལ། །ཇི་སྲིད་དངོས་གྲུབ་གྱུར་དེ་བཞིན། །བགེགས་རྣམས་ཉེ་བར་ཞི་དོན་དུ། །སྔགས་རིག་པ་ཡིས་ཐུན་ལ་ནི། །ཇི་ལྟའི་གདམས་ངག་གིས་སྦྱངས་ཏེ། །ཆོ་ག་བཞིན་དུ་གཏོར་མ་སྦྱིན། །རྒྱལ་བས་དབང་བསྐུར་བར་བསམས་ནས། །རང་ཉིད་རྣམ་པར་དག་འདོད་བྱ། །རྩ་སྔགས་ལན་གསུམ་བརྗོད་ནས་སུ། །བློ་ལྡན་བྱམས་པས་གསོལ་བར་བསམ། །རྐང་འོག་སྣ་ཚོགས་རྡོ་རྗེ་ནི། །ཧཱུཾ་ཡིག་ལས་ནི་བྱུང་བར་བསམ། །དེ་ཡི་སྟེང་དུ་ཧཱུཾ་སྐྱེས་པའི། །རྡོ་རྗེ་རྩེ་མོ་ལྔ་པ་བསམ།། དེ་སྟེང་འབར་པའི་རྡོ་རྗེ་ཡི། །གུར་ནི་ཧཱུཾ་ལས་བྱུང་བ་སྟེ། །བགེགས་ཀུན་ཞི་བར་བྱ་བའི་ཕྱིར། །བསྒོམ་པ་རྣལ་འབྱོར་པ་ཡིས་བྱ། །སྒྲུབ་པོའི་བསྒོམ་དང་རྨི་ལམ་དང༌། །མཚན་མ་རྙེད་གྱུར་དེ་ནས་ནི། །སྟེགས་བུ་རབ་ཏུ་བསྒྲུབ་པའི་ཕྱིར། །ལྷ་རྣམས་ཀུན་ལ་མཆོད་པར་བྱ། །རི་བོ་དབེན་པ་སྐྱེད་ཚལ་དང༌། །རྒྱ་མཚོའི་འགྲམ་དང་ཆུ་བོའི་དོགས། །ཡིད་འོང་བྱང་ཆུབ་སེམས་དཔའི་གཞི། །མ་མོའི་ཁང་པ་གཉུག་གཞི་འམ། །གཞན་ཡང་ས་ཡི་ཆ་ལ་ནི། །ཉེ་བར་འཚེ་བ་བྲལ་བ་རུ། །དངོས་གྲུབ་སྒྲུབ་པའི་ཆོ་གའི་ཕྱིར། །སྔོན་གསུངས་དྲི་ཡི་ཆག་ཆག་གདབ། །བཅུ་དྲུག་ལོ་ལོ་ན་མིག་ཡངས་མ། །ལུས་རྒྱས་མགོ་སྐྱེས་གནག་པ་ཡི། །ཁྲོ་ཞིང་སྣ་ནི་ཉག་གྱུར་པའི། །བུ་མོ་བློ་ལྡན་གྱིས་བསྒྲུབ་བྱ། །བླངས་ཏེ་ཆུ་དང་འོ་མ་དང༌། །དྲི་ཞིམ་ཆུ་དང་ལྡན་པ་ཡིས། །ཁྲུས་བྱས་གོས་སྔོན་སར་པ་ནི། །དེ་ལ་ཡོངས་སུ་བསྐོན་པར་བྱ། །མེ་ཏོག་སྔོན་པོའི་ཕྲེང་བ་དང༌། །སྐྲ་ཡི་ཞགས་པས་དཀྲི་བར་བྱ། །དབྲལ་པར་ཐིག་ལེ་བྱས་ནས་སུ། །དེ་ལ་ལྕགས་ཀྱུས་བྲི་བར་བྱ། །ལྕགས་ཀྱུ་རྩེ་མོ་རྣོན་པོ་ནི། །དེ་ནས་ལག་པ་གཡས་སུ་སྦྱིན། །མཁྲང་ཞིང་གསར་དུ་བྱས་པ་ཡིས། །སྣོད་ནི་དེ་ཡི་གཡོན་དུ་སྦྱིན། །བསྲུང་བའི་སྔགས་ཀྱི་བཟླས་པ་ཡིས། །དེ་ལ་ཡུངས་ཀར་བརྡེག་པར་བྱ། །འཁོར་ལོས་སྒྱུར་བའི་སྔགས་འདི་ནི། །བརྒྱ་རྩ་བརྒྱད་དུ་བརྗོད་པར་བྱ། །དེ་ལ་འཁོར་ལོས་སྒྱུར་བའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་པཱ་ཎི་ཡེ་སརྦ་ཨརྠ་སིདྡྷི་ཀུ་རུ་སྭཱ་ཧཱ། ཞེས་བྱའོ། །ད་ནས་སྔགས་པས་རྔན་བྱིན་ཏེ། །ཐུན་མོང་སྦྱིན་པས་འདི་མཉེས་བྱ། །བདེན་


DTG073_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་མཚམས་གནས་བཟང་པོ་ཡི། །ས་ནི་འདི་ཡིས་བླང་བར་བྱ། །ཞི་བའི་སྔགས་ནི་བརྗོད་པར་བྱ། །ས་ནི་ནག་པོ་བརྐོ་བར་བྱ། །ཕྱུང་སྟེ་སྣོད་དུ་བླུགས་ནས་སུ། །རུང་བའི་གནས་སུ་བླངས་ལ་བཞག །དེ་ནས་ས་ནི་བླངས་པ་ལ། །དྲི་ཞིམ་ཆུ་བཟླས་དེར་གདབ་བྱ། །མཐོ་གང་དང་བཅས་སྲ་བ་ཡི། །ཁྲུ་གང་མཐོ་བའི་སྟེགས་སུ་དགེ། །ས་ནི་ནག་པོ་དང་བཅས་པའི། །སྔོན་གསུངས་དྲི་ཡིས་བྱུག་པར་བྱ། །སྟེགས་བུ་མེ་ཏོག་སྔོན་པོ་ཡིས། །དུས་གསུམ་དུ་ནི་ཉེ་བར་བརྒྱན། །སྟེགས་བུའི་འོག་གི་ས་ལ་ནི། །དེ་ནས་གོས་སྔོན་རྣལ་འབྱོར་གྱིས། །ཏིང་འཛིན་གསུམ་ནི་རབ་བྱས་ཏེ། །བུམ་པར་ལྷག་པར་གནས་པར་བྱ། །ནག་ནོག་རྩ་བ་མེད་མཆུ་འཕྱང༌། །མགྲིན་རིང་ལྟོ་བ་ཆེ་བ་ལ། །འབྲས་དང་འབྲས་བུ་གསུམ་འོ་མ། །རིན་ཆེན་སྨན་དང་ཡང་དག་ལྡན། །མེ་ཏོག་འབྲས་བུ་ལྡན་གྱུར་བའི། །ཡལ་ག་དག་གིས་ཁ་བརྒྱན་ཏེ། །སྔོན་པོ་མགུལ་བར་གོས་ནི་སྔོ། །སྣ་ཚོགས་མེ་ཏོག་དག་གིས་བརྒྱན། །བསམ་གཏན་དཀྱིལ་འཁོར་ཡང་དག་ལྡན། །རྗེས་སུ་མཐུན་པའི་གདན་ལ་གནས། །ཇི་སྲིད་བརྒྱ་རྩ་བརྒྱད་དུ་གནས། །རྩ་བའི་སྔགས་ནི་བཟླས་པར་བྱ། །མཎྜལ་དགུ་ཡི་རིམ་པ་ནི། །དེ་ནས་སྟེགས་བུ་ངག་ལ་བྱ། །ལྷ་ཡི་གནས་སུ་ཡང་དག་གནས། །དཀྱིལ་འཁོར་རྣོན་པོ་འཕྲོ་ཞུ་ལས། །ལྷ་ཡི་དཀྱིལ་འཁོར་དགེ་བ་ནི། །དཀྱིལ་འཁོར་སྟེང་དུ་ཡང་དག་བལྟ། །ཡེ་ཤེས་དཀྱིལ་འཁོར་བཀུག་ནས་སུ། །ཡང་དག་མཆོད་དེ་རབ་ཏུ་གཞུག །བཅིང་དང་དགྱེས་བྱའི་ཆོ་ག་ཡིས། །ཡང་ནི་ཨརྒྷཾ་ལ་སོགས་སྦྱིན། །སྣ་ཚོགས་མཆོད་པས་མཆོད་ནས་ནི། །བསྟོད་དང་སྔགས་ནི་རབ་ཏུ་བཟླ། །ཞག་ནི་ཉི་ཤུ་རྩ་གཅིག་ཏུ། །དེ་ལྟར་ཉིན་རེ་བཞིན་དུ་བྱ། །སྔགས་པས་བཟླས་པ་ཁྲི་ཕྲག་གཅིག །ཉི་མ་རེ་རེར་ཡོངས་སུ་བཀང༌། །དེ་ལྟར་བྱེད་པའི་རྣལ་འབྱོར་པས། །ཞི་དང་རྒྱས་དང་དབང་དང་ནི། །མངོན་སྤྱོད་ལས་ནི་ཐམས་ཅད་དུ།། དེས་ནི་ངེས་པར་འགྲུབ་པར་འགྱུར། །སྐྱོན་རྣམས་ཐམས་ཅད་ཟད་འགྱུར་ཏེ། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །དུག་དང་ཉེ་བའི་དུག་དང་ནི། །ཀླུ་ཡི་དུག་ནི་མེད་པར་འགྱུར། །འཇིགས་པ་བརྒྱད་ནི་ཉམས་འགྱུར་ཞིང༌། །རིམས་དང་ནད་རྣམས་དེ་བཞིན་ནོ། །མི་མ་ཡིན་ནི་འབྲོས་འགྱུར་


DTG073_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང༌། །རྒྱལ་བོ་རྐུན་པོ་དབང་དུ་འགྱུར། །སྡུག་བསྔལ་སྐལ་ངན་དབུལ་བ་དང༌། །རྩོད་པས་སྡིག་པ་བསགས་པ་རྣམས། །མི་འདོད་པ་ཡི་སྦྱོར་བ་ཡང༌། །རིམ་གྱིས་ཟད་ཅིང་ཟིལ་གནོན་འགྱུར། །གཡང་དང་ཚེ་དང་ལེགས་སྟོབས་དང༌། །རིག་པ་དག་དང་འཁོར་གྱི་རིགས། །ཕྱུགས་དང་ནོར་ནི་ཐམས་ཅད་དང༌། །ནོར་དང་འབྲུ་ཡང་འཕེལ་བར་འགྱུར། །གཞན་ཡང་སྦྱོར་བ་ནི་ཡང་དག་པར་བསྐུལ་བ་རྩ་བའི་སྔགས་ནི་ཆུ་ལ་ལན་གསུམ་བཟླས་ཏེ། ཤར་ཕྱོགས་སུ་ཁ་བལྟས་པས་གཡོན་པའི་ལག་པ་ཕྱག་བྱེད་པ་ལྟར་བྱས་ཏེ་སྔགས་པས་ཁྱོར་པ་གསུམ་བཏུད་པར་བྱའོ། །ཟླ་བ་དྲུག་གི་ནང་དུ་ཤེས་རབ་དང་ལྡན་པར་འགྱུར་རོ། །སོར་ལྔ་བརྐོས་པའི་འོག་གིས་དཀར་པོ་དང༌། འབྲས་ཟན་ལ་རྩ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རྐུན་པོ་ལ་མངོན་པར་ཕྱོགས་ཏེ་གཏོར་ན་རྐུན་པོ་རེངས་པར་བྱེད་དོ། །མི་མ་ཡིན་པས་བཟུང་བ་ལ་དེ་བཞིན་དུ་དེའི་དཔུང་པ་ལ་ཡོངས་སུ་བཟླས་ཏེ་སྐུད་པ་སྔོན་པོས་བཅིངས་ན་གྲོལ་བར་འགྱུར་རོ། །བྱི་ལ་འདུག་པའི་ས་ལ་དེ་བཞིན་དུ་ཡོངས་སུ་བཟླས་ཏེ་དྲི་ཆུ་རྨ་བྱའི་སྒྲོའི་ཆུན་པོས་གཏོར་ཏེ། གྲུབ་པའི་དོན་དུ་ཆག་ཆག་བྱས་ན་བྱི་ལ་རབ་ཏུ་ཞི་བར་འགྱུར་རོ། །བ་གླང་གི་སྐེའམ་རྭ་ལ་དེ་བཞིན་དུ་བཟླས་ཏེ། སྐུད་པ་སྔོན་པོ་ལ་མདུད་པ་བརྒྱ་བྱས་ན་ཕྱུགས་ཀྱི་ནད་ཞི་བར་འགྱུར་རོ། །མི་མང་པོ་འཆི་བའི་སར་སྔར་བཞིན་དུ་བཟླས་པའི་དྲི་ཆུ་ལ་འབུ་ཀའི་གཤོག་པས་གཏོར་ཞིང་ཡུངས་ཀར་སེར་པོ་གཏོར་ན་ཞི་བར་འགྱུར་རོ། །ཁྲག་དང་ཉ་དང༌། ཤ་དང་འབྲས་དང༌། མོན་སྲན་གྲེའུ་བསྲེས་པའི་ཟན་དང༌། ཁ་དོག་ཀུན་དང་ཏིལ་དང༌། སྦོས་དང༌། མོན་སྲན་གྲེའུ་བཙོས་པ་ལ་སོགས་པ་སའི་ཁམ་སྐྱོང་ཕོར་གདབ་ལ་དེ་བཞིན་དུ་བཟླས་ཏེ། གཏོར་མ་དེ་གང་གི་ཁྱིམ་དུ་གཏོར་བ་དེ་རྩ་རྒྱུད་འཆད་དོ། །རང་གི་སྙིང་གའི་ཉི་མ་ལས་སྤྲོས་པའི་རབ་ཏུ་གཏུམ་པའི་འོད་ཟེར་གྱི་ཚོགས་ཀྱིས་ཁམས་གསུམ་དུ་གཏོགས་པའི་དུག་བསྲེགས་བཞིན་པར་རྣམ་པར་བལྟས་ལ་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་རབ་ཏུ་དཀར་བའི་འོད་ཟེར་གྱི་བདུད་རྩིས་རྒྱས་པར་སྣང་བཞིན་པར་བལྟ་བར་བྱའོ། །ཁམས་གསུམ་གྱི་དུག་ཉམས་པར་བྱེད་པའི་


DTG073_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བའོ། །ནམ་མཁའ་ལ་བསྐྱོད་པའི་ཉི་མའི་དཀྱིལ་འཁོར་ལ་ཁཾ་སེར་པོ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་མདོག་སེར་བའི་དྲུག་གི་ཕུང་པོར་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཉི་མ་ལས་བྱུང་བའི་དུག་གི་འོད་ཟེར་གྱི་ཚོགས་ཀྱི་ཟེག་མའི་རྣམ་པ་རྨུགས་པ་ལྟ་བུ་ལྷུང་སྟེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་གཉིས་ཁྱབ་པར་བྱའོ། །བརྟན་པ་དང་གཡོ་བ་དུག་ཏུ་བྱ་བའི་སྦྱོར་བའོ། །གལ་ཏེ་ཡང་དུག་དེ་མེད་པར་བྱེད་འདོད་ན། གོང་དུ་བསྟན་པའི་སྦྱོར་བས་བྱའོ། །དུག་བསླང་པའོ། །ཀླུ་རྣམས་ཚར་བཅད་པར་འདོད་ན། ཀླུའི་གནས་སུ་སྔགས་དེ་ཉིད་ཁྲོ་བོའི་ཚིག་གིས་བཟླས་པར་བྱའོ། །ཀླུ་འབྲོས་པར་འགྱུར་རོ། །གལ་ཏེ་མི་འབྲོས་ན་དེ་རྣམས་སྤྱི་བོ་དང་མིག་འགགས་སོ། །མཚོ་ཡང་སྐམ་མོ། །གཞན་ཡང་ཆུའི་སྐྱེ་བོ་འཆི་བར་འགྱུར་རོ། །ཀླུ་ལ་སོགས་པ་ཚར་བཅད་པའོ། །དེ་ནས་ཕྱག་ན་རྡོ་རྗེ་གཏུམ་པོའི་སྔགས་ཀྱི་སྦྱོར་བ་བརྗོད་པར་བྱ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿ་ཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། །ཨ་ན་ལེ། པ་ར་ལེ། ཧཱུ་རུ་ར་སྭཱ་ཧཱ་ཞེས་པ་འདིས་སྐེ་ཚེའི་མར་ཁུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། དེའི་རྐང་པ་ལ་བྱུགས་ན་དཔག་ཚད་བཅུ་རུ་འགྲོ་ཞིང་སོང་ཡང་མི་འཆད་དོ། །རྐང་པའི་ཉེ་བར་སྤྱོད་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཀཱ་མེ་ཀ་མ་ཡ་ཀ་བཛྲིན་ཀི་མ་ལ་ཡ། ཀཱ་མ་བཱ་སི་ནི་ཀ་མེ་ཤྭ་རི་ནི་མིང་ཏི་ཀ་མ་བཛྲི་ནི། ཨཱ་ནཱ་ཡ་ལ་གྷཱུ་ཆེ་གེ་མོ། མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །དེ་ནས་གྲོ་ག་ལ་ཚོན་སྣ་མ་ལུས་པས་སོར་བརྒྱད་ཀྱི་ཚད་ཕྱག་གཡས་པ་དང་གཡོན་པ་གཉིས་ན་ས་བོན་གྱིས་གང་བའི་ཤིང་ཐོག་དང༌། རྡོ་རྗེ་བསྣམས་པའི་རྡོ་རྗེ་འདོད་མ་བྲིས་ལ་སྙིང་གར་དྲི་ཞིམ་པོའི་མེ་ཏོག་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་སྙིང་གར་དུས་གསུམ་དུ་བརྡེགས་པར་བྱའོ། །ཞག་བདུན་ཕྲག་གསུམ་ན་ཕྱག་རྒྱའི་སྦྱོར་བས་བརྒྱ་བྱིན་གྱི་བུ་མོ་ཡང་འགུགས་པར་འགྱུར་རོ། །དེ་ལ་ཕྱག་རྒྱ་ནི་ལག་པ་གཉིས་ཕན་ཚུན་སྦྱར་ཏེ། སོར་མོའི་རྩེ་མོ་ཁ་བལྟ་བུར་བྱ་སྟེ། རྡོ་རྗེའི་རྣམ་པར་མཐེབ་ཆེན་གཉིས་སྡིགས་མཛུབ་གཉིས་ལ་སྦྱར་


DTG073_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དབང་དང་དགུག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏདྱ་ཐཱ། ན་མཿཙཎྜི་ཡཀྵི་ནི། ཨིསྠི་ནི། ཙཱ་པི་ཤ་ཧི་ས་ད་ཛཱ་མེ་ད་མ་ཧཱ་སྭཱ་ཧཱ་ཞེས་བྱ་བས་ཤར་གྱི་གྲྭར་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་སྟོང་ཕྲག་གཅིག་བཟླས་པར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་ཅི་འབྱོར་པས་མཆོད་པ་བྱས་ལ། སྔགས་བརྒྱ་བརྒྱའི་བར་དུ་བཟླས་པ་བྱས་ལ་ཉལ་བར་བྱའོ། །དེའི་ཚེ་གང་བསམས་པ་དེ་འགྲུབ་པའམ་མི་འགྲུབ་པ་དེ་ཉིད་རྗོད་པར་བྱེད་དོ། །རྨི་ལམ་བརྟག་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡི། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བཱ་རཱ་ཧཱི། མ་ཧཱ་བཱ་རཱ་ཧཱི། བཛྲ་བཱ་རཱ་ཧཱི། མ་ཧཱ་བཛྲི། མ་ནུ་ཥ་བཛྲ། ཨཱ་བེ་ཤ་ཡ། དེ་བ་ཧྲྀད་ཡ། ཨཱ་བེ་ཤ་ཡ། ཡཀྵ་ཧྲྀ་ད་ཡ། ཨཱ་བེ་ཤ་ཡ། གནྡྷརྦ་ཧྲྀ་ད་ཡ། ཨཱ་བེ་ཤ་ཡ། དཥྚཾ་མ་དཾ་ཥྱ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། ཧཱུཾ་ཧཱུཾ་ཧཱུཾ། གརྫ་གརྫ། གྷུརྞ་གྷུརྞ། ནརད་ནརད། ཀཾ་པ་ཀཾ་པ། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། བྷཱུ་མཽ་པ་ཏ་ཡ། སིདྡྷ་ཙཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡི་ཏི་སྭཱ་ཧཱ། ཞེས་བྱ་བས་ཨརྐ་དཀར་པོའི་ཤིང་ལ་སོར་བརྒྱད་ཀྱི་ཚད་ལ་མིའི་པགས་པ་བསྣམས་པའི་རྡོ་རྗེ་ཕག་མོ་མདུན་དུ་བཞག་སྟེ། འབུམ་ཕྲག་གཅིག་བཟླས་པ་བྱའོ། །དེ་ནས་ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ནས་ནུབ་གསུམ་དུ་སྨྱུང་བར་གནས་པས། ལྷ་མོའི་མདུན་དུ་བུམ་པའི་ཆུ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བསྔགས་པ་བྱས་ལ། མེ་ཏོག་གི་ཕྲེང་བ་ཡང་དག་པར་བཞག་སྟེ། ཇི་སྲིད་རང་ཉིད་ལ་མ་བབས་ཀྱི་བར་དེ་སྲིད་དུ་བཟླས་པ་བྱའོ། །དེ་ནས་དགོས་དགུ་བྱེད་པའི་གཡོག་པོས་བུམ་པའི་ཆུས་ཁྲུས་བྱས་ལ། མེ་ཏོག་གི་ཕྲེང་བ་རྐེད་པ་ལ་དཀྲིས་ན་དེ་ནས་བབ་པས་ལེགས་པར་གནས་པར་འགྱུར་རོ། །དེ་ནས་བཟུང་སྟེ་མཐོང་བ་ཙམ་གྱིས་ཐམས་ཅད་ལ་ཕེབས་པར་འགྱུར་རོ། །སྦྲ་ཚིལ་དང་མྱོས་བྱེད་ཀྱི་རང་བཞིན་གྱི་སྦྲུལ་ལ་བརྒྱ་ཕྲག་བརྒྱད་མངོན་པར་བཟླས་ཏེ། ལྷ་ཆེ་གེ་མོ་ཤིག་ཅེས་ཀྱང་བརྗོད་པར་བྱའོ། །དེ་ནས་སྦྲུལ་གྱིས་འཛིན་པར་འགྱུར་རོ། །ཆུ་བོས་བར་དུ་ཆོད་པའི་གྲོང་ཡང་འཛིན་ཏོ། །དེ་ཡང་གཞན་གྱིས་འཚོ་བའི་ནུས་པ་མེད་དོ། །གཞན་ཡང་འཚོ་བར་འདོད་ན་བཟུང་བའི་མི་ལྷ་མོའི་མདུན་དུ་ཁྲུས་བྱས་ལ། ལྷ་


DTG073_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འོ་མས་ཁྲུས་བྱས་ན་དེ་ནས་སོས་པར་འགྱུར་རོ། །ཚ་བ་གསུམ་གྱིས་ལྟོ་བ་བཀང་པའི་སྦྲ་ཚིལ་གྱི་རང་བཞིན་གྱི་གཟུགས་བྱས་ཏེ། མྱོས་བྱེད་ཀྱི་ཚེར་མས་ཕུག་ལ་སེང་ལྡེང་གི་མེ་ལ་ཉིན་ཞག་བདུན་དུ་དུས་གསུམ་གདུངས་ན་གང་གི་མིང་ནས་གཟུང་བ་དེ་དབང་དུ་འགྱུར་རོ། །དེ་ལྟར་ཕོ་བ་རས་དཀར་པོའི་སྦྱིན་སྲེག་ཞག་བདུན་དུ་བྱས་ན་དེ་དབང་དུ་འགྱུར་རོ། །དེ་ཡང་ལྷ་མོ་གཡོན་པའི་ཕྱག་གིས་རྡོ་རྗེ་བཟུང་བ། གཡས་པའི་ཕྱག་གིས་མདུང་འཕྱར་བ། མི་བཟད་ཅིང་བོང་ཐུང་ལ་ཁྲོ་བོའི་ལྟ་སྟངས་ཅན་གཡས་བརྐྱང་བའི་ཞབས་ཀྱིས་གནས་པའོ། །ལས་ཀྱི་སྦྱོར་བ་གཞན་དང་གཞན་ནི་གཞུང་མངས་པས་འཇིགས་པས་ན་འདིར་མ་བརྗོད་དོ། །སྔོན་གྱི་སློབ་དཔོན་བྱས་པའི་གཞུང༌། །བལྟས་ནས་མ་རྒྱས་འཁྲུགས་པ་ལས། །དེ་དག་རྒྱས་ཕྱིར་འདི་བྱས་ལ། །བདག་ལ་མཁས་རྣམས་བཟོད་པར་མཛོད། །གོས་སྔོན་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ནི། །རབ་རྒྱས་སྦྱོར་བ་དང་ལྡན་བྱས་པ་ལས། །བདག་གིས་བསོད་ནམས་བསགས་པ་འདི་ཡིས་ནི། །གོས་སྔོན་རྡོ་རྗེ་འཛིན་པ་དགྲ་རྒྱལ་ཤོག །ཀླུའི་བདག་པོ་ཐམས་ཅད་ཀྱིས་ཕྱག་བྱས་པའི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སློབ་དཔོན་མཁས་པ་ཆེན་པོ་དཔལ་སྟོང་ཉིད་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རང་གི་བླ་མ་ཉིད་ལས་ཐོས་ནས་ཁམས་པ་དགེ་སློང་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་པས་བསྒྱུར་ཅིང༌། སླད་ཀྱིས་རྒྱ་གར་གྱི་མཁན་པོ་ཨ་བྷི་ཡུག་ཏ་དང་ཞུ་དག་བྱས་ནས་གཏན་ལ་ཕབ་པའོ།།


previousཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། སྟོང་པ་ཉིད་ཏིང་ངེ་འཛིན་རྡོ་རྗེ།next