འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན།
སངས་རྒྱས་གསང་བ།
རྒྱ་གར་སྐད་དུ། ཨཱཪྻ་སུ་བཱ་ཧུ་པ་རི་པྲྀ་ཙྪ་ནཱ་མ་ཏནྟྲ་པིཎྜཱརྠ་། བོད་སྐད་དུ། འཕགས་པ་དཔུང་བཟངས་ཀྱི་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མདོ་སྡེ་འདི་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། འཇིག་རྟེན་པའི་ལྷའི་བྱེ་བྲག་རྣམས་ཀྱིས་རིག་སྔགས་དང། གསང་སྔགས་བཤད་པ་གང་ཡིན་པ་དེ་དག་རིགས་གསུམ་པོ་དེ་བཞིན་གཤེགས་པ་དང༌། པདྨ་དང་རྡོ་རྗེ་དང༌། དེ་བཞིན་དུ་གཞན་ཡང་ནོར་ཆེན་དང༌། ལྔས་རྩེན་དང་འཇིག་རྟེན་པའི་རིགས་སུ་ཡང་དག་པར་བསྡུས་པར་སྟོན་ཏོ། །དེ་དག་གི་རིགས་དང༌། རིག་སྔགས་དང༌། གསང་སྔགས་དང༌། ལས་ཀྱི་དབྱེ་བ་དང་མཉེས་པར་བྱ་བའི་ཐབས་ཁ་ཅིག་ཏུ་ནི་རྒྱས་པར་སྤྲོས་ལ། དེ་ལས་གཞན་དུ་ནི་ཅུང་ཟད་ཙམ་དུ་བསྟན་པ་དང༌། གཞན་དག་ཏུ་ནི་མ་གསུངས་སོ་སྙམ་དུ་དགོངས་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་རིག་སྔགས་ཐམས་ཅད་ཀྱིས་མཉེས་པར་བྱ་བའི་ཐམས་སུ་གྱུར་པ། འཇུག་པ་དང༌། སྦྱོར་བ་དང༌། སྒྲུབ་པ་དང༌། གྲུབ་པའི་སྤྱོད་པ་བསྟན་པ་རྣམས་དཔུང་བཟངས་ཀྱིས་ཞུས་པའི་གསང་སྔགས་ཀྱི་མདོ་སྡེའི་ལེའུ་བཅུ་གཅིག་པོ་འདིར་གཏན་ལ་དབབ་པ་བསྟན་ཏོ། །དེ་ལ་ལེའུ་དང་པོ་ནི་དོན་བདུན་གྱིས་བཤད་པར་བསྟན་ལ། ཚིག་
དང་པོའི་དོན་ནི་འདི་ལྟ་སྟེ་མདོ་སྡེ་དང༌། དེ་འཆང་བ་དང༌། ཞུ་བ་དང༌། འབྲེལ་པ་དང༌། བརྗོད་པར་བྱ་བ་དང༌། དགོས་པ་དང༌། དགོས་པའི་ཡང་དགོས་པ་རྣམས་ཀྱིས་བསྟན་ཏོ། །གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི། །སྙིང་རྗེས་རྩེ་གཅིག་ཡིད་གྱུར་ཞེས་བྱ་བ་ནས་བརྩམས་ཏེ། དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས་དང༌། གསང་སྔགས་མདོ་སྡེའི་ཚུལ་བཞིན་ངས་བཤད་དོ། །ཞེས་བྱ་བའི་བར་གང་གསུངས་པའོ། །དེ་བཞིན་དུ་ཟློས་པ་དང༌། གྲུབ་པ་དང༌། མི་སྒྲུབ་པ་རྣམས་ཀྱིས་ཀྱང་ཐུན་མོང་གི་བསླབ་པ་ལ་འཇུག་པ་བསྟན་པ་ནི་དོན་གཉིས་པ་སྟེ། གསང་སྔགས་བཟླས་བརྗོད་གང་དག་ངས་གསུངས་པ། །དེ་ཡི་བརྟུལ་ཞུགས་དང་པོར་ངས་ངས་བཤད་དོ། །ཞེས་བྱ་བ་ལ་སོགས་པ་ནས། དགེ་བ་བཅུ་དག་གི །ཆོས་ཀྱི་ལམ་ལ་གནས་པར་བྱས་ན་ལེགས། །ཞེས་བྱ་བའི་བར་གསུངས་པའོ། །དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་རྣམས་དང༌། གདོན་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་གསུངས་པ་ནི་དོན་གསུམ་པ་སྟེ། ལྷ་དང་ལྷ་མིན་ཤ་ཁྲག་ཟ་འཐུང་བ། །མཚན་མོར་རྒྱུ་བ་མི་བཟད་འཇིག་རྟེན་ན། །སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱུ། །ཞེས་བྱ་བ་ལ་སོགས་པ་ནས། དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི། གཅིག་ཙམ་ཞིག་ཀྱང་དང་པས་བལྟ་བར་བྱ། །ཞེས་བྱ་བའི་བར་དུ་གང་གསུངས་པའོ། །སྒྲུབ་པ་པོས་ཁྱད་པར་དུ་དགེ་བའི་ཆོས་ཡང་དག་པར་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བ་དང༌། སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་ལ་གནས་པར་བྱ་བ་བསྟན་པ་དང། དེའི་ཕན་ཡོན་བསྟན་པ་ནི་དོན་བཞི་པ་སྟེ། གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ་དག །ས་བླའི་ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་ཚུལ་ཁྲིམས་བརྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ། །ཞེས་བྱ་བའི་བར་གང་གསུངས་པའོ། །སོ་སོར་ཐར་པ་དང་སེམས་ཅན་གྱི་དོན་བྱ་བའི་བསླབ་པའི་ཐབས་ནི་དོན་ལྔ་པ་སྟེ། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དགེ་བའི་ཆོས་ཡང་དག་པར་བསྡུ་བའི་ཐབས་ནི་དོན་དྲུག་པ་སྟེ། །ཟློས་
པས་སྐྱོན་མདོ་སྡེ་བཀླག་པར་བྱ། །ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གྲོགས་པའི་མཚན་ཉིད་བསྟན་པ་ནི་དོན་བདུན་པ་སྟེ། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ།། །།དེ་བཞིན་དུ་ལེའུ་གཉིས་པ་ལ་དོན་བཅུ་སྟེ། དེ་ལ་གསང་སྔགས་མཉེས་པར་བྱ་བའི་དོན་ནི་དང་པོ་སྟེ། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང༌། །རྒྱལ་བ་སྔོན་ཆད་གང་ན་བཞུགས་བཞུགས་པའི། །ཞེས་བྱ་བ་ལ་སོགས་པ་ནས། དེར་ནི་ས་བརྐོས་སྦྱངས་ནས་གནས་བརྩིགས་པ། །ཞེས་བྱ་བ་ལ་སོགས་པའི་བར་གང་གསུངས་པའོ། །དེ་བཞིན་དུ་ལྷ་བཞག་པའི་དོན་ནི་གཉིས་པ་སྟེ། དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ། །རྒྱལ་བ་ལམ་མཆོག་རྣམ་པར་སྟོན་པ་ཡི། །ཞེས་བྱ་བ་ལ་སོགས་པ་ནས། དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ། །ཞེས་བྱ་བའི་བར་གང་གསུངས་པའོ། །སྒྲུབ་པ་དང་རྗེས་སུ་མཐུན་པའི་ཆ་ལུགས་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། གཙུག་ཕུད་གཞག་སྟེ་སྐྲ་ནི་བྲེགས་ནས་སུ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་སློང་མོ་པའི་ལྷུང་བཟེད་ཀྱི་མཚན་ཉིད་བསྟན་པ་ནི་དོན་བཞི་པ་སྟེ། ཇི་སྐད་དུ། ཀུ་བའམ་ལྕགས་སམ་འཇིམ་པ་ལས་བྱས་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་པོ་སློང་མོ་དང་རྗེས་སུ་མཐུན་པའི་ཡུལ་དུ་གནས་པའི་བྱ་བ་ནི་དོན་ལྔ་པ་སྟེ། དེ་བསྟན་པའི་ཕྱིར། བཟའ་བཏུང་མོད་ཅིང་དམངས་རིགས་མང་བ་དང༌། །མགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང༌། ཞེས་བྱ་བ་ལ་སོགས་པ་ནས། དེ་ནི་སྡིག་པ་རྣམ་པར་བསལ་བ་དང༌། །བསོད་ནམས་མ་ལུས་ཡོངས་སུ་བཟུངས་བས་འདག །ཅེས་བྱ་བའི་བར་དུའོ། །ཟས་ལ་མ་ཆགས་པར་བྱ་བ་དང༌། ཟས་ཀྱི་ཚོད་ཟིན་པར་བྱ་བ་བསྟན་པ་ནི་དོན་དྲུག་པ་སྟེ། ཇི་ལྟར་རྨ་ནི་གསོ་དང་བསལ་བའི་ཕྱིར། །ནད་པ་ལ་ནི་སྨན་པས་སྦྱིན་པ་ལྟར། དེ་བཞིན་འདིར་ཡང་བཀྲེས་པའི་སྡུག་བསྔལ་དག །ཅེས་བྱ་བ་དང༌། བཟའ་བར་གསུངས་ཞེས་བྱ་བ་ལ་སོགས་པ་ནས། ལུས་ནི་ཆུ་ཤིང་བཞིན་དུ་རིག་བྱ་སྟེ། །བཟའ་བཏུང་སོགས་ལ་སེམས་ནི་ཆགས་མི་བྱ། །ཞེས་
བྱ་བའི་བར་དུའོ། །སློང་མོ་བྱེད་པའི་དུས་ན་སྤྱོད་ལམ་བཅོས་པར་བསྟན་པ་ནི་དོན་བདུན་པ་སྟེ་དེའི་ཕྱིར། །དབང་པོ་དྲུག་པོ་ཡུལ་ལ་འཕྲོ་བདག །བདེ་གཤེགས་གསུངས་པའི་ཤེས་པས་བསྲུང་བར་བྱ། །ལྷུང་བཟེད་དེ་དག་ལས་གཅིག་ཐོགས་ནས་སུ། །གཉའ་ཤིང་གང་དུ་བལྟ་ཞིང་ཞེས་བྱ་བ་ནས། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས། །དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ། །ཞེས་བྱ་བ་ལ་སོགས་པའི་བར་དུའོ། །ཟས་བཟའ་བའི་རིམ་པ་དང༌། །དུས་ངེས་པར་བསྟན་པ་ནི་དོན་བརྒྱད་པ་སྟེ། གང་གི་ཕྱིར། བསོད་སྙོམས་ཅི་རྙེད་ཁྱེར་ཏེ་འོངས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ། །དུས་གསུམ་དུ་བཟླས་བརྗོད་བྱ་བ་དང༌། དུས་གསུམ་དུ་ཁྲུས་བྱ་བ་དང༌། །མཆོད་པ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། དུས་སུ་ཟོས་ནས་དུས་གསུམ་ཁྲུས་བྱ་སྟེ། །ཞེས་བྱ་བ་ནས། སྤྲ་བ་ཨརྐ་བིལ་བ་བྲི་ཧ་ཏི། །ཀུ་ཤ་དྲི་ངན་ཡིད་དུ་མི་འོང་སྤང༌། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་པོས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ་རྗེས་སུ་དྲན་པ་དྲུག་ལ་དམིགས་པའི་དུས་བསྟན་པ་ནི་དོན་བཅུ་པ་སྟེ། འགྲེང་དང་འདུག་དང་མ་ལོག་ཉལ་བ་དང༌། །འགྲོ་འཕྲེས་ཟ་ཀློག་བཟླས་བརྗོད་བྱེད་པ་ན། །རྗེས་སུ་དྲན་དྲུག་སོ་སོའི་ཡོན་ཏན་དག །རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ། །ཞེས་གང་གསུངས་པའོ།། །།ལེའུ་གསུམ་པ་ལ་སྒྲུབ་པ་པོའི་དེ་ཁོ་ན་ཉིད་ལ་དམིགས་པ་ནི་དོན་དང་པོ་སྟེ་དེའི་ཕྱིར། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི། སེམས་ནི་འཁོར་བ་ཡིན་པར་ཀུན་དུ་བརྗོད། །ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ། །སྲིད་པའི་རྒྱ་མཚོ་མཐར་ནི་ཡོངས་སུ་གྲགས། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བགྲང་ཕྲེང་གི་མཚན་ཉིད་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། པུ་ཏྲ་ཛི་དང་དུང་ཤེལ་དུ་དྲཱཀྵ། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བཟླས་བརྗོད་ཀྱི་དུས་སུ་ལུས་དང༌། ངག་དང༌། ཡིད་བསྡམས་པ་ནི་དོན་གསུམ་པ་སྟེ། དེ་བསྟན་པའི་ཕྱིར། འདུག་ནས་དབང་པོ་ཡང་དག་བསྡམས་པ་དང༌། །ལུས་ནི་དྲང་ཞིང་བརྟན་པར་བཞག་ནས་སུ། །ཕྱིས་ནི་མ་མཆུ་ཤིན་ཏུ་མཛེས་པར་ཡང༌། །བསྒུལ་ཞིང་གསང་སྔགས་ཅི་དགར་བཟླས་
བརྗོད་བྱ། །ཞེས་གསུངས་པའོ། །བཟླས་བརྗོད་ཀྱི་ཉེས་པ་སེམས་མི་བརྟན་པ་དང༌། གཉིད་ལ་སོགས་པ་དང༌། དེ་བཞིན་བཟླས་བརྗོད་ལ་གནོད་པ་ཡུལ་རྒྱུ་བ་ལ་སོགས་པའི་རྣམ་པར་རྟོག་པ་རབ་ཏུ་དགག་པ་ནི་དོན་བཞི་པ་སྟེ་དེ་བསྟན་པའི་ཕྱིར། སེམས་ནི་གློག་དང་སྤྲིན་དང་རླུང་དང་མཚུངས། རྒྱ་མཚོ་ཆེན་པོ་ཡི་ནི་རླབས་དང་འདྲ། །སྒྱུ་ཅན་འདོད་དགུར་ཡུལ་ལ་མངོན་དགའ་བ། །གཡོ་ཞིང་འཕྱན་པ་ཞེས་བྱ་བ་ལ་སོགས་པ་ནས། གཉེན་ལ་དགའ་བའི་སེམས་ནི་རྣམ་རྟོག་གིས། །བཟློག་ནས་དགེ་ལ་བརྩོན་དང་ལྡན་པར་གཞག །ཅེས་བྱ་བ་ལ་སོགས་པའི་བར་གང་གསུངས་པའོ། །ཐུབ་པར་བྱ་བ་བསྟན་པ་ནི་དོན་ལྔ་པ་སྟེ། དང་པོར་ཟློས་ནས་བཟླས་བརྗོད་ཟིན་པར་དུ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་ཞིང་པ་དང༌། །བུད་མེད་མ་ནིང་ཁྱེའུ་བུ་མོ་དང༌། །སྔགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །བཟླས་བརྗོད་བྱས་པ་ལ་སོགས་པ་ལས་བྱུང་བའི་བསོད་ནམས་ཡོངས་སུ་བསྔོ་བར་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། མེ་ཏོག་དྲི་སྣོད་མར་མེ་ཕུལ་བ་དང༌། །ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡིས། །དགེ་བ་དེ་ཀུན་བླ་ན་མེད་པ་ཡི། །སངས་རྒྱས་བྱང་ཆུབ་བླ་མེད་མཆོག་ཏུ་བསྔོ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུས་དང་ངག་དང༌། ཡིད་ཀྱི་གནས་ངན་ལེན་དུ་གྱུར་པའི་འཇིག་རྟེན་གྱི་ཆོས་བརྒྱད་པོ་གང་ཡིན་པ་དང༌། སྟངས་དང༌། མཆོངས་པ་བྱེད་པ་ལ་སོགས་པ་རབ་ཏུ་དགག་པ་ནི་དོན་བདུན་ཕ་སྟེ། དེའི་ཕྱིར། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང༌། བདེ་དང་སྡུག་བསྔལ་ཞེས་བྱ་བ་ལ་སོགས་པ་ནས། ལེ་ལོ་དང་ནི་གཡོ་སྒྱུ་རྣམ་པར་སྤངས། །ཞེས་བྱ་བ་ལ་སོགས་པའི་བར་གསུངས་པའོ། །ཁ་ཟས་མ་གནང་མ་སྤང་བ་དང༌། གསང་སྔགས་མཉེས་པར་འགྱུར་བ་དང༌། རྗེས་སུ་མཐུན་པའི་ཁ་ཟས་དཀར་པོ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། །ཤ་ཆང་ཀེའུ་དང་བཙོང་དང་སྒོག་རྡོག་དང༌། །ཞེས་བྱ་བ་ལ་སོགས་པ་ནས། ལྷ་མིན་བུ་མོའི་འཁྲུལ་འཁོར་འཇོམས་པའི་ཚེ། །འབྲུ་མར་ཚིགས་མའི་ཁ་ཟས་མཆོག་ཏུ་བསྔགས། །ཞེས་བྱ་བའི་བར་གསུངས་པའོ། །ཇི་སྐད་བསྟན་པའི་དུས་སུ་ཉལ་བའི་རིམ་པ་བསྟན་པ་ནི་དོན་དགུ་པ་སྟེ། ཇི་
སྐད་དུ། དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས། ཉིན་གཅིག་བཞིན་དུ་བྱས་ནས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པའོ།། །།དེ་ནས་ལེའུ་བཞི་པ་ལ་རྡོ་རྗེ་རྣམས་ཀྱི་མཚན་ཉིད་བསྟན་པ་ནི་དོན་དང་པོ་སྟེ། ཇི་སྐད་དུ། སྒྲུབ་པ་པོས་ནི་ངེས་པར་བཅང་བ་ཡི། །རྡོ་རྗེ་གང་ཡིན་དེ་དག་བཤད་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནས། དེ་ལས་གཅིག་ཀྱང་རྙེད་པར་མ་གྱུར་ན། །ཁུ་ཚུར་བཅངས་ནས་རྩེ་གཅིག་སེམས་ཀྱིས་བཟླས། །ཞེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པའི་རྫས་རྣམས་ཀྱི་གྲངས་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། ལྡོང་རོས་གི་ཝང་རལ་གྱི་ཨཉྫ་ན། ཞེས་བྱ་བ་ལ་སོགས་པའོ། །བགེགས་ཀྱི་རིགས་རྣམས་ཀྱི་གྲངས་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་བ། །རིག་པའི་ཚོགས་རྣམས་ཀྱི་ནི་མདུན་ནས་རྒྱུ། །ཞེས་བྱ་བ་ལ་སོགས་པ་ནས། སྒྲུབ་པ་པོ་ནི་འབྱོར་བར་མི་དགའ་བ། །བརྩེ་མེད་རང་རང་རིགས་ལ་བགེགས་ཀྱང་བྱེད། ཅེས་བྱ་བའི་བར་དུའོ། །བགེགས་རྣམས་བགེགས་བྱེད་པ་ན་ལྷ་ལ་ཕུལ་བའི་དྲི་ལ་སོགས་པ་མཆོད་པའི་ཡོ་བྱང་རྣམས་འཕྲོག་པ་དང༌། གླགས་རྙེད་ནས་སྒྲུབ་པ་པོའི་ལུས་ལ་འཇུག་པར་བྱེད་དོ། །དེ་ལ་རྒྱུ་གང་གིས་ཡོ་བྱད་རྣམས་འཕྲོག་པར་བྱེད་པར་བྱེད་པ་དང༌། ཡོ་བྱེད་རྣམས་ཕྲོགས་པའི་ཉེས་པ་གང་ཡིན་པ་དེ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ནས། །ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན། །ལྷ་ཡིས་ལོག་འདྲེན་གྱིས་བྱས་དེ་མཐོང་ནས། །ཁྲོས་ཤིང་འཁྲུགས་ནས་ཕྱིར་ཡང་ཕྱོགས་པར་འགྱུར། །ཞེས་བྱ་བའོ། །བགེགས་རྣམས་དང་པོ་ནས་མི་འབྱུང་བར་བྱ་བ་དང༌། ཞི་བར་བྱ་བའི་ཐབས་བསྟན་པ་ནི་དོན་ལྔ་པ་སྟེ། །དེའི་ཕྱིར། སྔོན་ཆད་སེམས་ནི་རྨོངས་དང་འཇུངས་པ་ཡི། །ལྷ་ཡིས་ལོག་འདྲེན་བགེགས་ཀྱི་ལུགས་འདི་གཏོང༌། །ཞེས་བྱ་བ་ལ་སོགས་པ་ནས། བཟླས་བརྗོད་ཟིན་ནས་ལེགས་པར་བསྲུང་བྱས་ཏེ། །དཀྱིལ་འཁོར་མང་བྱས་སྒྲུབ་ལ་འཇུག་པར་བྱ། །ཞེས་བྱ་བའི་བར་དུའོ། །སྤྱིར་བགེགས་ཐམས་ཅད་སྒྲུབ་པོའི་རྒྱུད་ལ་འབྱུང་བའི་རྒྱུ་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར་
གཞན་དུ་མཆོད་པའི་ཆོ་ག་མེད་པ་དང༌། །བཟླས་བརྗོད་སྦྱིན་སྲེག་ཆོ་ག་བྲལ་པའམ། གང་ཞིག་རྟག་ཏུ་སེམས་ནི་འདི་ལྟར་སེམས། །རིག་པ་གང་ཞིག་བདག་གིས་བཟླས་བར་བྱ། །ཡུལ་དང་རྒྱལ་སོགས་གཏམ་ལ་ཆགས་པ་དེའི། །ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག །ཅེས་བྱ་བ་ལ་སོགས་པ་ནས། སྦྱིན་སྲེག་བྱེད་པ་ན་ཡང་བགེགས་ས་གཞན་འཇུག །ཅེས་བྱ་བའི་བར་དུའོ། །དེ་བཞིན་དུ་སྤྱིར་བགེགས་ཐམས་ཅད་སྒྲུབ་པ་པོའི་རྒྱུད་ལ་འདོད་ཆགས་སྐྱེད་པར་འགྱུར་བ་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། ཇི་ལྟར་ཉི་ཟེར་མེ་ཤེལ་ལ་བབ་པའི། །རྐྱེན་གྱིས་མ་བསྒྲིབས་མེ་ནི་འབྱུང་བ་ལྟར། །དེ་བཞིན་བགེགས་ཀྱང་ལུས་ལ་ཞུགས་གྱུར་ན། །འདོད་ཆགས་མེ་ཆེན་ཀུན་དུ་སྐྱེད་པར་བྱེད། །ཅེས་གསུངས་པའོ། །བགེགས་རྣམས་ཁྱད་པར་འབྱུང་བའི་རྒྱུ་དང༌། དེ་དག་ཀྱང་སྒྲུབ་པ་པོའི་རྒྱུད་ལས་ཁྱད་པར་དུ་བྱེད་པ་གང་ཡིན་པ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བ་ཡི། །བགེགས་ནི་ཆུ་དང་སྐྱེས་བུ་འཁྲུ་ཚེ་འཛིན། །བཀྲེས་ཤིང་ལུས་ལ་སྙོམ་ཞིང་གཉིད་ཀྱང་ཆེ། །དེ་བཞིན་ལུས་ལྕི་མཆོག་ཏུ་འཁྲུ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནས། །མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་དགོད་པ། །རང་གི་གླགས་རྙེད་མོད་ལ་ལུས་ལ་འཇུག །རིམས་དང་ཆམ་པ་རུ་ཤིང་ན་བ་དང༌། །གྲོགས་པོ་དག་དང་རྣམ་པར་བྲལ་བར་བྱེད། །ཅེས་བྱ་བའི་བར་དུ་གསུངས་པའོ། །དེ་བཞིན་དུ་གཞན་ཡང་སྤྱིར་ན་འདི་ནི་བགེགས་ཐམས་ཅད་སྐྱོན་མེད་པར་བྱེད་པ་དེ་བསྟན་པ་ནི་དོན་དགུ་པ་སྟེ། ཇི་སྐད་དུ། བགེགས་ཀྱིས་བརླམས་པ་ཕྱོགས་ན་ལམ་མིན་ལམ་དུ་མཐོང༌། །སྤྱོད་པ་ཚོགས་བྱེད་ཅིང་འདོད་ཆགས་རྣམས་ཀྱིས་གདུངས། །གླུ་བུར་སྨྲ་ཞིང་ཀློག་ལ་དོན་མེད་ཀུན་དུ་འཕྱེན། །ཞེས་པ་ལ་སོགས་པ་ནས། ཁྲོན་སྐམ་ཐོད་པ་རུས་གང་ཕུང་པོ་དང༌། །ལྕགས་དང་རྡོ་ཕུང་མི་གཙང་ཁོང་རུལ་དང༌། །ཁ་བཞིན་བསྒྱུར་ཞིང་རལ་གྲི་མདུང་ཐོགས་པ། །རྨི་ལམ་འདི་རྣམས་རྨིས་པའི་མིང་ཡང་བརླམས། །ཞེས་བྱ་བའི་བར་དུ་གསུངས་སོ། །བགེགས་ཐམས་ཅད་ཐོག་མ་ཉིད་ནས་མི་འབྱུང་བར་བྱ་བའི་རྒྱུ་བསྟན་
པ་ནི་དོན་བཅུ་པ་སྟེ། དེའི་ཕྱིར། བགེགས་དང་ལོག་འདྲེན་རྣམ་པར་གཞིག་པའི་ཕྱིར། །བདུད་རྩི་ཐབ་སྦྱོར་དྲག་ཤུལ་ཐབས་ལ་སྦྱར། །སྔགས་པ་དེ་ཡི་གསང་སྔགས་ལ་ཞུགས་པ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོང་མི་ཚུགས། །ཞེས་གསུངས་པའོ། །སྒྲུབ་པ་པོའི་རྒྱུད་ལ་བགེགས་འབྱུང་བ་དང༌། གཞན་ཡང་སྐྱེས་པ་དང་བུད་མེད་ལ་སོགས་པ་བགེགས་ཀྱིས་ཟིན་པ་དང༌། །མ་ཟིན་པ་རྣམས་ཀྱི་སྡིག་པ་ཉེ་བར་ཞི་བར་བྱ་བ་དང༌། དབང་ཐང་ལ་སོགས་པ་བསྐྱེད་པའི་ཕྱིར། དེ་དག་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་བར་བསྟན་པ་དང༌། དེའི་ཆོ་ག་བསྟན་པ་ནི་དོན་བཅུ་གཅིག་པ་སྟེ། ཇི་སྐད་དུ། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པའམ། །ལམ་གྱི་གཞི་མདོའམ་ཁང་སྟོང་ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཞེས་བྱ་བ་ལ་སོགས་པ་ནས། སྒྲུབ་པ་པོ་ཡི་མི་ནི་འབའ་ཞིག་ལ། །བགེགས་རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། །རྒྱལ་པོའི་འཁོར་དང་བུད་མེད་བུ་ཕོ་དང༌། བུ་མོ་དག་དང་རོལ་མོ་མཁན་རྣམ་དང༌། ཞེས་བྱ་བ་ལ་སོགས་པ་ལེའུ་ལྔ་པ་གསུངས་པའི་བར་དུའོ།། །།དེ་ལ་ལེའུ་ལྔ་པ་ལ་བགེགས་ཀྱིས་ཟིན་པ་ལས་ཐར་པའི་སྔགས་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། བགེགས་ཀྱིས་བསོད་ནམས་མ་ལུས་ཟད་བྱེད་པས། །དེའི་ཕྱིར་མི་ཡིས་གསང་སྔགས་གྲུབ་མི་འགྱུར། །ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར། །དེ་བཞིན་བགེགས་ལས་གྲོལ་བ་རྣམ་པར་གསལ། །ཞེས་གསུངས་པའོ། །བཟླས་བརྗོད་དང་མཆོད་པ་དང༌། སྡིག་པ་ཟད་པ་ལ་སོགས་པའི་ཚོགས་དང་ལྡན་པ་ལ་ལྟོས་ནས་གསང་སྔགས་ཀྱི་འབྲས་བུ་ཐོབ་པར་འགྱུར་གྱི་གཅིག་པུས་ནི་མ་ཡིན་ཏེ། འདི་ལྟར་དངོས་པོ་ཐམས་ཅད་ཚོགས་པ་ལ་སྐྱེའི། རྒྱུ་གཅིག་པུས་འགྲུབ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། ས་དང་ཆུ་དང་དུས་དང་རྣམ་བྲལ་པའི། །སྣོད་གནས་འབྲས་བུ་ལ་ནི་མྱུ་གུ་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །གསང་སྔགས་ཀྱི་འབྲས་བུའི་ཚོགས་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། ཆོ་
ག་ཉམས་ཤིང་ཡི་གེ་གུག་སྐྱེད་མེད། །མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡིས། །གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །ཞེས་བྱ་བ་ལ་སོགས་པ་ནས། །ཇི་ཙམ་སྡིག་པ་མང་པོའི་རབ་གང་ཞིང༌། །ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང༌། །ཇི་སྲིད་ཆོ་ག་མེད་པར་བཟླས་བྱས་པ། །དེ་སྲིད་སྔགས་པས་དངོས་གྲུབ་མི་ཐོབ་བོ། །ཞེས་པའི་བར་དུ་གསུངས་པའོ། །བག་མེད་པས་ཆོག་ཉམས་བཞིན་དུ་བཟླས་པ་དང༌། ཟློས་པའི་བར་བཅད་ནས་རིག་པ་གཞན་བཟླས་པ་དང༌། བསྙེན་པ་ཡོངས་སུ་རྫོགས་ནས་བཟླས་པ་བཏང་ན། གསང་སྔགས་འབུམ་ལྷག་པར་བཟླས་པ་དང༌། སྦྱིན་སྲེག་བྱ་བ་དེ་བསྟན་བ་ནི་དོན་བཞི་པ་སྟེ། དེའི་ཕྱིར། ཆོ་ག་ཉམས་སམ་བར་བཅད་སྔགས་གཞན་བཟླས། །བཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་བསྒྲུབ་ལ་འཇུག་པར་བྱ། །ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ། །ཅེས་བྱ་བའི་བར་དུ་གསུངས་པའོ། །གཞན་གྱི་གསང་སྔགས་ཀྱིས་རང་གི་གསང་སྔགས་བཅད་དམ། བཅིངས་སམ། མན་ན་པར་གྱུར་པ་ན་ཡང༌། དངོས་གྲུབ་འདོད་པས་ཚིམ་པར་བྱ་བའི་སྦྱོར་བ་བསྟན་པ་ནི་དོན་ལྔ་པ་སྟེ། ཇི་སྐད་དུ། གཞན་གྱི་གསང་སྔགས་ཀྱིས་ནི་གསང་སྔགས་གང༌། །ཞེས་བྱ་བ་ལ་སོགས་པ་ནས། ཞག་བཅུར་བཀྲུ་།དེས་ན་ཞག་བདུན་བྱས་པས་གསང་སྔགས་དག །བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར། །ཞེས་བྱ་བའི་བར་དུ་གསུངས་པའོ། །ཇི་སྐད་གསུངས་པའི་ཆོ་གས་གསང་སྔགས་བསྙེན་ཅིང་སྒྲུབ་པའི་སྦྱོར་བའི་རྣམ་པ་ཐམས་ཅད་ཀྱིས་བསྒྲུབས་ཏེ་མ་གྲུབ་ན། རིག་པ་དེ་ཉིད་ལ་དྲག་པོའི་སྦྱོར་བའི་རྣམ་པར་བྱང་བར་བསྟན་པ་ནི། དོན་དྲུག་པ་སྟེ། དེ་བསྟན་པའི་ཕྱིར། མཆོད་པ་ལ་སོགས་ཆོ་གར་ལྡན་ཡང་ནི། །ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན། །དེའི་གཟུགས་དུག་དང་སྐེ་ཚེས་བྱུགས་ནས་སུ། །ཀཱི་ལི་ཀཱི་ལ་འགྲོ་ལྡིང་ལ་སོགས་པའི། །སྔགས་ཀྱིས་དེ་ལ་ཡུངས་མར་ཚྭ་སྦྱར་བས། །ཞེས་བྱ་བ་ལ་སོགས་
པའི་བར་དུ་གསུངས་པའོ། །བདེ་བར་གཤེགས་པའི་གསང་སྔགས་རྣམས་ནི་འདོང་ཆགས་ཞེ་སྡང་སྤངས་པ་ཡིན་ན། དེ་ཇི་ལྟར་གཞན་གྱི་གསང་སྔགས་ལ་གནོད་པར་བྱེད། དེ་དག་ཀྱང་གནོད་པ་ཐམས་ཅད་དང་བྲལ་བ་ཡིན་ན། གཞན་གྱི་གསང་སྔགས་ཀྱང་ཇི་ལྟར་གནས་པར་བྱ་ཞེས་བྱ་བའི་ཀླན་ཀ་ཡོངས་སུ་སྤང་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། སྔོན་གྱི་སྔགས་ལུགས་འཆད་པས་བསྟན་མོད་ཀྱི། །ཇི་ལྟར་རྒྱ་མཚོ་དུས་ལས་མི་འདའ་ལྟར། །སྔགས་ཀྱིས་གཞན་གྱི་གསང་སྔགས་མི་མནན་ཅིང༌། །བཅིང་དང་གཅད་པ་ནམ་ཡང་མི་བྱའོ། །ཞེས་བྱ་བ་ལ་སོགས་པ་ནས། །དེ་བཞིན་སྔགས་པས་གང་ཡང་རུང་བའི་སྔགས། །བཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པ་པོས་གསང་སྔགས་གཅད་པ་དང༌། གནོན་གྱི་ལས་དང་དབྱེ་བ་ལ་སོགས་པའི་ལས་ཕྲན་ཚིགས་རྣམས་མི་བྱ་བར་དགག་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། གསང་སྔགས་བཅད་དང་གནོན་པར་མི་བྱ་ཞིང༌། །ཞེས་བྱ་བ་ལ་སོགས་པ་ནས། རྒྱ་མོ་ས་མདའ་རྙི་དང་མཛོལ་བུ་ཡིས། །སེམས་ཅན་གནོད་པར་ནམ་ཡང་མི་བྱའོ། །ཞེས་བྱ་བའི་བར་དུ་གསུངས་པའོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་རྣམས་སྒྲུབ་པའི་ཡན་ལག་ལ་སོགས་པའི་གྲངས་ངེས་པར་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། དངོས་གྲུབ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ། །སྔགས་པ་དང་ནི་རང་སྔགས་གཡོག་དང་རྫས། །བརྩོན་འགྲུས་ཕྱོགས་དང་ས་གཞི་དུས་དང་ནི། །ཡན་ལག་རྫོག་པའི་ལྷ་དང་སེམས་སྟོབས་སོ། །ཞེས་བྱ་བ་ལ་སོགས་པ་ནས། །གུག་སྐྱེད་ཀླད་ཀོར་ཚེག་ཚང་ཟུར་ཕྱིན་ལ། །གསང་སྔགས་དག་ཅིང་ཤིན་ཏུ་ཆོ་གར་བཅས། །སངས་རྒྱས་བྱང་ཆུབ་སེམས་དཔའ་བསྟེན་པ་ཡིས། །གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ། །ཅེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པ་ཐ་མ་ལ་འཇུག་པའི་སྒྲུབ་པ་པོས་ཀྱང་ལུས་དང༌། དག་དང༌། ཡིད་ཀྱི་བརྩོན་འགྲུས་ཆུང་བར་མི་བྱ་བ་དེ་བསྟན་པ་ནི་དོན་བཅུ་པ་སྟེ། ཇི་སྐད་དུ། ཇི་ལྟར་རི་དགས་རྒྱལ་པོ་བཀྲེས་པ་དག །མཐུ་སྟོབས་ཆེན་པོས་
གླང་ཆེན་གསོད་པ་དང༌། །དེ་བཞིན་སྤྱང་ཀུ་ཕག་དང་རི་དགས་དང༌། །ཞེས་བྱ་བ་ལ་སོགས་པ་ནས། དེ་བཞིན་སྔགས་པ་སེང་གེའི་ཚུལ་གྱིས་སུ། །རབ་དང་འབྲིང་དང་ཐ་མའི་ལས་རྣམས་ལ། །བཙོན་འགྲུས་ཆེན་པོ་དང་ནི་ལྡན་པ་དང༌། འབད་པ་མཆོག་རྣམས་ཀྱིས་ཀྱང་བསྟེན་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །སེམས་གཡེང་བའི་རྒྱུ་རྣམས་དང༌། །བཟླས་བརྗོད་ཀྱི་སྐྱོན་རྣམས་སྤངས་པ་ནི་དོན་བཅུ་གཅིག་པ་སྟེ། དེའི་ཕྱིར། རྫ་རྔའི་སྒྲ་དང་དུང་དང་རྔ་སྒྲ་དང༌། །ཤིན་ཏུ་འཇིགས་བྱེད་སྐྱེ་བོའི་སྒྲ་དང་ནི། སེམས་ནི་གཡེང་ཞིང་ཞེས་བྱ་བ་ལ་སོགས་པ་ནས། བཟླས་བརྗོད་བྱེད་ཚེ་མི་མྱུར་མི་དལ་ཞིང༌། །སྒྲ་ཆེར་མི་འབྱུང་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་གཡེང་བཞིན་མིན། གུག་སྐྱེད་ཀླད་ཀོར་ཚེག་རྣམས་ཉམས་པར་མིན། །ཞེས་བྱ་བའི་བར་དུ་གསུངས་པའོ། །གསང་སྔགས་ཀྱི་བཟླས་བརྗོད་ཕྱག་དང་བཅས་པར་བྱ་བའི་ཕན་ཡོན་དང༌། །བཟླས་བརྗོད་བྱེད་པའི་ཚེ། གསང་སྔགས་ཀྱི་ཡི་གེའམ། ལྷེ་ཉིད་ཀྱི་གཟུགས་ལ་གསལ་བར་བསྟན་པ་ནི་དོན་བཅུ་གཉིས་པ་སྟེ། དེའི་ཕྱིར། ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི། །རྒྱུན་མི་འཆད་པར་འབབ་པར་འགྱུར་བ་ལྟར། །དེ་བཞིན་ཕྱག་བཅས་བཟླས་དང་བརྟུལ་ཞུགས་ཀྱི། །བསོད་ནམས་ལུས་ཅན་ལ་ནི་འཕེལ་བར་འགྱུར། །ལེ་ལོ་འདོད་ཆགས་མི་དགེ་བཅས་པའི་སེམས། །གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག །དེ་དང་དེ་ནས་མྱུར་དུ་བཟློག་ནས་ནི། །གསང་སྔགས་ཡི་གེ་མཆོག་ལ་ལེགས་པར་སྦྱར། །ཞེས་བྱ་བ་གསུངས་སོ། །སེམས་ཀྱི་བརྟེན་པ་ཇི་ལྟ་བུར་བྱས་ནས་བཟླས་བརྗོད་བྱ་བ་དེ་བསྟན་པ་ནི་དོན་ད་ཅུ་གསུམ་པ་སྟེ། དེའི་ཕྱིར། སྣ་རྩེར་བལྟ་ཞིང་རྣམ་པར་རྟོག་པ་སྤོང༌། །ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ། །དེ་ཚེ་དམིགས་ལ་གནས་པ་ཐོབ་པ་སྟེ། །སེམས་ནི་ལས་སུ་རུང་བར་གྱུར་པར་ངེས། །རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི། །ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ། །དགའ་བས་ལུས་ནི་ཤིན་ཏུ་སྦྱངས་པ་ཐོབ། །ལུས་སྦྱོངས་པས་ནི་བདེ་བའི་སྐལ་ལྡན་འགྱུར། །ལུས་
བདེ་རྩེ་གཅིག་སེམས་དང་ཏིང་འཛིན་གྱིས། །དེ་ཚེ་བཟླས་བརྗོད་དོགས་པ་མེད་པར་འགྲུབ། །ཅེས་གསུངས་པའོ། །སྒྲུབ་པ་པོས་སེམས་མཉམ་པར་གཞག་སྟེ། བཟླས་བརྗོད་བྱས་པའི་ཕན་ཡོན་དང༌། སེམས་མཉམ་པར་གཞག་པའི་ཕན་ཡོན་མངོན་པར་མཐོ་བ་དང༌། ངེས་པར་ལེགས་པར་འབྲས་བུ་དང་བཅས་པ་གཞན་འབྱུང་བར་བསྟན་པ་ནི་དོན་བཅུ་བཞི་པ་བསྟན་པ་སྟེ། དེའི་ཕྱིར། ཚེ་རབས་གཞན་དུ་གང་དང་གང་བྱས་པའི། སྡིག་པ་མ་ལུས་བཟླས་བརྗོད་བྱས་པས་འབྱང༌། །བཟླས་བས་སྡིག་པ་མ་ལུས་བྱང་གྱུར་ན། །དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སེམས་མཉམ་པར་གཞག་པའི་འབྲས་བུ་རྣམ་པར་བྱང་བ་རྒྱས་པར་བསྟན་ནས། མངོན་པར་ཐོབ་པའི་འབྲས་བུའི་ཕན་ཡོན་ཡང་དག་པར་སྟོན་ཏེ། གསང་སྔགས་དངོས་གྲུབ་ཀུན་དང་ཐུན་མོང་བ། བདེ་བ་ཆུང་ཞིང་སྡུག་བསྔལ་བརྒྱ་དང་འབྲེལ། །ཉོན་མོངས་དུག་བཅས་རྣམ་པར་འཇིག་འགྱུར་བ། །དང་པའི་སེམས་ཀྱིས་ཐོབ་པར་གྱུར་པ་ཡིན། །ཞེས་བྱ་བ་གསུངས་པའོ། །སྒྲུབ་པ་པོ་དབང་ཕྱུག་དང་བྱེད་པ་པོ་ལ་སོགས་པ་འཇིག་རྟེན་པའི་ལྟ་བ་དགག་པ་ནི་དོན་བཅོ་ལྔ་པ་སྟེ། དེའི་ཕྱིར། འདོད་རྒྱལ་ལས་ཀྱང་མ་བྱུང་དུས་ལས་མིན། །རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་མ་ཡིན། །ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན། །གང་ཞིག་གཞན་གྱུར་དེ་ནི་ལྟ་ངན་གསུངས། །ཞེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པ་པོས་ཀྱང་བཟླས་བརྗོད་ཁྱད་པར་ཅན་ལ་སོགས་པ་གོམས་པར་བྱས་པས་དང་པོར་གསང་སྔགས་ཉེ་བར་འགྱུར་རོ། །དེའི་འོག་ཏུ་བཟླས་བརྗོད་ལ་སོགས་པ་ཉིད་ཀྱིས་བསྙེན་པ་བྱས་ན་དངོས་གྲུབ་ཉེ་བར་འགྱུར་ཏེ། ཉེ་བར་གྱུར་པ་དེ་དག་གི་མཚན་ཉིད་བསྟན་པ་ནི་དོན་བཅུ་དྲུག་པའོ། །དེ་ལ་གསང་སྔགས་ཉེ་བའི་དོན་གྱི་དབང་དུ་བྱས་ནས། །དེ་ལྟར་ཟློས་པའི་གསང་སྔགས་ཉེ་གྱུར་ན། །མཚན་མོ་ཉལ་ན་རྨི་ལམ་འདི་དག་མཐོང༌། །ཁང་བཟངས་ལྗོན་ཤིང་རྒྱལ་མཚན་སེང་གེ་རྟ། །རི་བོ་ཤིང་རྟ་སྒྲ་ལྡན་སྤྲིན་དང་ཀླུ། །ཞེས་བྱ་བ་ལ་སོགས་པ་ནས། །ཟླ་བ་གཅིག་
དང་ཟླ་ཕྱེད་ཉིན་ཞག་དང༌། །སྐད་ཅིག་གིས་ཀྱང་ཕྱི་ཕྱིར་ཉེ་བར་འགྱུར། །ཞེས་བྱ་བའི་བར་དུ་གསུངས་པའོ།། །།ལེའུ་དྲུག་པ་ལ་དངོས་གྲུབ་འགྲུབ་པར་འགྱུར་བའི་མཚན་ཉིད་བསྟན་པ་ནི་དོན་དང་པོ་སྟེ། དངོས་གྲུབ་ཉེན་ཟློས་ལ་དགའ་བ་དང༌། །སེམས་ནི་སྡིག་ལ་ནམ་ཡང་འཇུག་མི་འགྱུར། །བཀྲེས་སྐོམ་ཚ་གྲང་རླུང་དང་ངལ་བ་ཡི། །སྡུག་བསྔལ་དྲག་པོས་ཉེན་ཀྱང་གཡོ་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ནས། །གང་ཚེ་མཁའ་ལ་ལྷ་དང་གནོད་སྦྱིན་དང༌། །དྲི་ཟ་ལྷ་ཡི་བུ་མོའི་ལུས་དང་སྒྲ། །མིས་ནི་དགའ་བའི་ཡིད་ཀྱིས་མཐོང་ཐོས་ན། དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན། །ཞེས་བྱ་བའི་བར་དུའོ། །དེ་ལྟར་བདག་ཉིད་ལ་དངོས་གྲུབ་ཉེ་བར་གྱུར་པར་རིག་པ་དང༌། ཉིན་ཞག་གཅིག་གམ་གཉིས་སམ། གསུམ་དུ་སྨྱུང་བ་བྱས་ནས། སྒྲུབ་པ་ལ་འཇུག་པར་བྱ་བ་དེ་བསྟན་པ་ནི་དོན་གཉིས་བ་སྟེ། དེ་ནི། ལུས་ནི་དྲི་མེད་དག་པར་རིག་པ་དང༌། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །སྨྱུང་བར་བྱ་བའི་རྒྱུ་བསྟན་པ་ནི་དོན་གསུམ་པ་སྟེ། གསུང་དེ་དཔུང་བཟངས་ཀྱིས་ཐོས་སླར་གསོལ་བ། །ཟས་ཀྱི་མི་འདག་ཅེས་ནི་སྔར་གསུངས་ན། །མཆོད་འོས་ཁྱོད་ཀྱིས་ལུས་ངག་བགྱི་ཕྱིར་ཡང༌། །ཅི་སླད་སྨྱུང་བ་མི་བཟད་བགྱི་བར་གསུངས། །ཞེས་བྱ་བ་ནས། དྲི་མ་ཟད་ནས་མི་ཡི་ལུས་དག་ནི། །རང་གི་འབྱོར་ཕྱིར་སྒྲུབ་ལ་བདེ་བར་འཇུག །ཅེས་བྱ་བའི་བར་དག་གོ །སྒྲུབ་པ་པོའི་འདོད་ཆགས་ལ་སོགས་པར་རབ་ཏུ་ཞི་བར་བྱ་བའི་ཕྱིར་མི་གཙང་བ་བསྒོམ་པ་བསྟན་པ་དང༌། སྒྲུབ་པར་བ་དང། འབྲིང་དང༌། ཐ་མ་རྣམས་སྒྲུབ་པའི་ཚེས་གྲངས་ངེས་པར་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་ན་ཡང༌། །ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ། །དྲན་པ་རྩེ་གཅིག་མངོན་དུ་བྱས་ནས་ནི། །ཡེ་ཤེས་མིག་གིས་སོ་སོར་རྣམ་པར་བརྟག །ཅེས་བྱ་བ་ལ་སོགས་པ་ནས། །ཡར་གྱི་ཚེས་བརྒྱད་དམ་ནི་བཅུ་བཞིའམ། ཡང་ན་བཅོ་ལྔ་ལ་ནི་བཟླས་བརྗོད་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པ་ལ་འཇུག་པའི་ཡོ་བྱད་བསྟན་པ་ནི་དོན་ལྔ་པ་སྟེ། ལྷ་ཡི་གནས་ཀྱིས་དག་བསྟར་བའི་ཕྱིར། ས་དང་
ལྕི་བར་བསྲེས་ལ་སོགས་པས་བྱུག །ཅེས་བྱ་བ་ལ་སོགས་པ་ནས། སྦྱིན་བླུགས་བརྒྱ་ཕྲག་བཅུར་ཡང་བསྲེག་པར་བྱ། །ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྫས་ལས་བྱུང་བའི་དངོས་གྲུབ་དང༌། །རྫས་མ་ཡིན་པ་ལས་བྱུང་བའི་དངོས་གྲུབ་ཀྱི་མཚན་མ་ཅི་རིགས་སུ་བསྟན་པ་དང༌། དེ་ཉིད་ཀྱི་འབྲས་བུ་འབྱུང་བར་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། དྲོ་དང་དུད་འཐུལ་མེ་བཞིན་འབར་བ་དང༌། རིམ་བཞིན་བཟློག་ནས་བྱུང་ནའང་འགྲུབ་པར་གསུངས། དྲོ་བས་འགྲོ་བ་ཐམས་ཅད་དབང་འགྱུར་ཏེ། །དུད་པ་འཐུལ་བས་ལུས་ནི་སྣང་བར་འགྱུར། །འབར་བས་མཁའ་ལ་ཤིན་ཏུ་འགྲོ་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་ནས། གསང་སྔགས་གཟུགས་ནི་མངོན་དུ་མཐོན་ན་འགྲུབ། །ཅེས་བྱ་བའི་བར་དུ་གསུངས་པའོ། །སྒྲུབ་པའི་དུས་ན་མཆོད་ཡོན་དབུལ་བའི་ཆོ་ག་དང༌། མཆོག་བསླང་བར་བསྟན་པ་དང༌། དེ་བཞིན་དུ་མཆོག་ཐོབ་ནས་ཀྱང་ལྷ་ཉིད་སླར་གཤེགས་སུ་གསོལ་པར་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། མེ་ཏོག་མ་ཉམས་དབྱིག་དང་ཆུར་བསྲེས་ཤིང༌། །བསྟོད་དང་བཅས་པ་མཆོད་པ་རྒྱུན་བསྲིངས་ནས། །རྩེ་གཅིག་ཡིད་ཀྱིས་མགོ་བཏུད་ཕྱག་བྱས་ཏེ། །དད་དང་འབད་པའི་རྗེས་མཐུན་མཆོག་སློང་ངོ༌། །མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ། །དད་པས་བསྟོད་ཅིང་མཆོད་ཡོན་ཕུལ་ནས་སུ། །གསང་སྔགས་བརྗོད་ནས་སླར་ཡང་གཤེགས་སུ་གསོལ། །གསང་སྔགས་ཀུན་ལ་ཚུལ་ནི་འདི་ཡིན་ནོ། །ཞེས་གསུངས་སོ། །རོ་ལངས་སྒྲུབ་པོའི་མཚན་ཉིད་དང༌། རོ་ལངས་བསླང་བའི་མཚན་ཉིད་དང༌། རོ་ལངས་འགྲུབ་པའི་གནས་བསྟན་པ་དང༌། རོ་ལངས་པའི་དངོས་གྲུབ་པའི་དཀྱིལ་འཁོར་རྣམས་ཁ་བསྟན་པ་དང༌། རོའི་ལུས་བྱི་དོར་བྱ་བ་དང༌། མཆོད་པ་རྣམ་པ་ལྔའི་ཡོ་བྱད་ཀྱི་ཆོ་ག་དང༌། གསང་སྔགས་བཟླས་བརྗོད་བྱ་བའི་ཆོ་ག་དང༌། རོ་ལངས་པ་ལ་བགེགས་བྱུང་བ་རབ་ཏུ་ཞི་བར་བྱ་བ་དང༌། དངོས་གྲུབ་བསླང་བ་ནི་དོན་བརྒྱད་པ་སྟེ། དེའི་ཕྱིར། སེམས་སྟོབས་མཆོག་དང་ཡང་དག་ལྡན་པ་དེས། །འདིར་ནི་ཤིན་ཏུ་འཇིགས་པའི་ཡིད་ཀྱང་བྱ། །སེམས་སྟོབས་ཆུང་བའི་མི་ལ་ཤ་ཟ་ཡིས། །གླགས་མཐོང་ནས་ནི་འཕུང་བར་བྱེད་
པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནས། གང་ཞིག་གསང་སྔགས་ཆོ་ག་ཞིབ་མོ་ལས། །མཐོང་པའི་དངོས་གྲུབ་དེ་ནི་ཐོགས་མེད་ངེས། །ཞེས་བྱ་བ་འདིར་རྒྱས་པར་སྦྱར་རོ།།རོ་ལངས་བསླང་བའི་གསང་སྔགས་ཀྱི་དངོས་གྲུབ་ཀྱི་གྲངས་བསྟན་པ་དང༌། སེམས་སྟོབས་མེད་པའི་སྒྲུབ་པ་པོར་རོ་ལངས་སློང་པའི་ཉེས་པ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། གཏེར་གྱི་ཕྱོགས་དང་ཕུག་ཏུ་འགྲོ་བ་དང༌། །རལ་གྱི་ཨཉྫ་ན་བཞོན་མངག་གཞུག་དང༌། །འབྱུང་ཀུན་གསེར་བསྒྱུར་རྩི་དང་བཅུད་ཀྱིས་ལེན། །མཁའ་ལ་འགྲོ་བའི་དངོས་གྲུབ་རབ་ཏུ་སྟེར། །བསྲུང་བའི་སྟོབས་མེད་སྔགས་ཀྱི་སྟོབས་མེད་དང༌། །དཀའ་ཐུབ་སྟོབས་མེད་སེམས་སྟོབས་མེད་པ་ཡི། །བློ་ཞན་གང་ཞིག་རོ་ལངས་དངོས་གྲུབ་ཚོལ། །དེ་ནི་མཚན་མོ་རྒྱུ་བ་རྣམས་ཀྱིས་བསད། །ཅེས་གསུངས་པའོ།། །།ལེའུ་བདུན་པ་ལ་ཤ་ཆེན་པོ་བཙོང་པའི་ཆོ་ག་བསྟན་པ་ནི་དོན་དང་པོ་སྟེ། ཇི་སྐད་དུ། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས། །མར་གྱི་ངོ་ལ་དུར་ཁྲོད་སོང་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནས། ཤ་ཡི་ཆོ་ག་ངས་གསུངས་དེ་དག་ནི། །གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ། །རིགས་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས་པས། དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངས་སོ། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་བཞིན་དུ་དབབ་པ་དང༌། བསྐྲད་པར་བྱ་བ་དང༌། མ་དག་གཞོམ་པ་དང༌། གྲོང་དང་གྲོང་ཁྱེར་དུ་གནོད་པ་བྱེད་པ་འབྱུང་བར་བྱ་བ་དང༌། ཤ་ཟ་དང༌། སྲིན་པོ་དང༌། ས་བླ་དང༌། གནོད་སྦྱིན་དང༌། མ་མོ་དང། དྲག་པོ་ལ་སོགས་པའི་ལྷ་རྣམས་ལ་མིའི་ཤ་དང༌། དེ་བཞིན་དུ་བ་ལང་དང༌། མ་ཧེའི་ཤ་ལ་སོགས་པ་ཤའི་སྦྱིན་སྲེག་གི་ཆོ་ག་བྱ་བར་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ། །དེ་ལ་དུར་ཁྲོད་མི་ཤ་སྦྱིན་སྲེག་བྱ། །ཞེས་བྱ་བ་ལ་སོགས་པ་ནས། །མི་ཡི་ཤ་ནི་རྙེད་པར་མ་གྱུར་ན། །བ་ལང་ཤ་ནི་སྦྱིན་སྲེག་དེ་བཞིན་ཤིས། །མ་ཧེའི་ཤའམ་ཁྱི་ཤ་མར་བསྲེས་པ། །ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་སྲེག་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་བཞིན་དུ་འཇིག་རྟེན་དང་ལས་འདས་པའི་རྒྱུད་དུ་གསུངས་
པའི་གནོད་སྦྱིན་མོའི་གསང་སྔགས་རྣམས་ཀྱི་མཆོག་ལ་སོགས་པའི་དབྱེ་བ་བསྟན་པ་དང༌། སྤྱིའི་མཆོད་པའི་ཡོ་བྱད་ཀྱི་མཚན་ཉིད་བསྟན་པ་ནི་དོན་གསུམ་པ་སྟེ། ཇི་སྐད་དུ། གནོད་སྦྱིན་མོ་ཡི་ཆོ་ག་ཞིབ་མོར་ནི། །གསང་སྔགས་མཉེས་བྱས་གྲུབ་པའི་དེ་རྣམས་སྟེར། །མ་དང་སྒྱུག་མོ་སྲུ་མོ་གྲོགས་མོ་དང༌། །བུ་མོ་ཆུང་མ་མནའ་མར་གྲུབ་པར་འགྱུར། །མ་དང་སྒྱུག་མོ་སྲུ་མོ་གང་ཡིན་དེ། །ཡིད་བཞིན་རིན་ཆེན་བཞིན་དུ་གྲུབ་པ་མཆོག །ཡིད་འོངས་གྲོགས་མོ་བུ་མོ་གྲུབ་པ་འབྲིང༌། །ཆུང་མ་མནའ་མ་གྲུབ་པ་ཐ་མར་བསྒྲགས། །དུས་གསུམ་དུ་ནི་མེ་ཏོག་ཕྲེང་བ་དྲི། །མར་རམ་འབྲུ་མར་མར་མེ་ཙནྡན་དང༌། །ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང༌། །གཏོར་མ་སྣ་ཚོགས་རྟག་ཏུ་མཚན་མོ་སྦྱིན། །ཞེས་གསུངས་པའོ། །གནོད་སྦྱིན་མོ་མངོན་དུ་ཕྱོགས་པར་གྱུར་པའི་མཚན་མ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། །གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས། །རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད། །འདོད་ཆགས་ཟིལ་གྱིས་ནོན་པའི་བུད་མེད་དག །གནོད་པ་བྱེད་ཚེ་འགྲོ་བར་མི་བྱ་ཞིང༌། །རྙེད་པ་མང་ཉུང་ལ་ཡང་འདོད་མི་བསྐྱེད། །སྔགས་ལས་མཚན་མོ་ཁྲུས་ནི་དག་བྱས་ནས། །བརྩོན་འགྲུས་རབ་ཏུ་བསྐྱེད་དེ་བསྒྲུབ་པར་བྱ། །སྔགས་པ་སེམས་རྨོངས་པ་དག་གཞན་དུ་ནི། །བརྩམས་ན་ཕུང་བར་ཡང་ནི་འགྱུར་བ་ཉིད། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཤ་ཟ་མོའི་གནོད་སྦྱིན་དང༌། ཀླུ་སྒྲུབ་པའི་ཆོ་ག་སྒྲུབ་པ་ནི་དོན་ལྔ་པ་སྟེ། དེའི་ཕྱིར། ཤ་ཟའི་གནོད་སྦྱིན་མ་ལའང་དེ་བཞིན་ཏེ། །དེ་ལས་ཆོ་ག་ལྷག་པ་འདི་རྣམས་བྱ། །ཤ་ཆང་ལ་ཕུག་ཚོད་མ་ཅུང་པེང་དང༌། །ནས་ཆན་མ་ཤའི་ཆན་དང་འབྲས་ཆན་ཉ། །ཞེས་བྱ་བ་ལ་སོགས་པ་ནས། ཕྲེང་བ་མེ་ཏོག་བྱུག་པ་སྔོན་པོ་དག །ཇི་རྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ། །ཞེས་བྱ་བའི་བར་དུ་གསུངས་པའོ། །གསལ་བར་སྟོན་པ་དབབ་པའི་ཕྱིར། །མཐེ་བོང་དང་མེ་ལོང་ལ་སོགས་པ་བཞི་རྣམས་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། མཐེ་བོང་མེ་ལོང་རལ་གྲི་ཆུ་དང་ཤེལ། །མར་མེས་ས་གཞི་ལྕགས་དང་ནམ་མཁའ་དང༌། །ལྷ་གཟུགས་ལྷུང་བཟེད་ནོར་བུ་མེ་འབར་
བ། འདི་ལ་གསལ་བར་སྟོན་པ་རྟག་ཏུ་འབྱུང༌། །ཞེས་བྱ་བ་གསུངས་སོ། །གསལ་བར་སྟོན་པ་རྣམས་ཕེབས་པའི་གྲུབ་པ་བསྟན་པ་ནི་དོན་བདུན་པ་སྟེ། ཇི་སྐད་དུ། འདས་པ་དང་ནི་མ་འོངས་ད་ལྟར་བྱུང༌། །མཐོ་རིས་ས་སྟེང་དུས་དང་མི་ལྡན་ཡང༌། །ལྷ་དང་ལྷ་མི་དགེ་དང་མི་དགེ་བའི། །ལས་རྣམས་ཐམས་ཅད་གསལ་བར་སྟོན་པར་རྟོགས། །ཞེས་བྱ་བ་གསུངས་སོ། །གསལ་བར་སྟོན་པ་རྣམས་མི་འབབ་པའི་ཉེས་པ་གང་ཡིན་པ་དང༌། མཐེ་བོང་ལ་སོགས་པ་ལ་བབས་ན་ཡང་བདེན་པར་མི་སྟན་པ་དང༌། ལོག་པར་སྟོན་པ་དང༌། ཅུང་ཟད་ཙམ་སྟོན་པར་བྱེད་པ་དེ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། ཆོ་ག་ཉམས་པའམ་ཡང་ན་ཕྱེད་བཟླས་སམ། ཡི་གེ་ཆད་དམ་ཡི་གེ་ལྷག་པའམ། །བཟླས་བརྗོད་མ་བྱས་དད་པ་མེད་པ་དང༌། །མཆོད་པ་མེད་ཅིང་ས་གཞི་མི་གཙང་དང༌། སྤྲིན་གྱི་ཚོགས་ཀྱིས་ཉི་ཟེར་བསྒྲིབས་པ་དང༌། །བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང༌། །དེ་ལྟ་བུ་ལ་མི་ཡི་གསལ་སྟོན་པ། །འབབ་པར་མི་འགྱུར་དགོས་པ་ཡོངས་མི་སྟོན། །ཞེས་བྱ་བ་གསུངས་སོ། །གསལ་བར་སྟོན་པ་ཐམས་ཅད་དབབ་པའི་ཆོ་ག་གང་ཡིན་པ་དེ་བསྟན་པ་ནི་དོན་དགུ་པ་སྟེ། ཇི་སྐད་དུ། གསལ་སྟོན་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན། །བཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང༌། །སྨྱུང་བྱས་དགོངས་ཀར་ས་དང་ལྕི་བ་ཡིས། །བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་བྱུག །བྱུག་སྤོས་དང་ནི་བདུག་སྤོས་མེ་ཏོག་དང༌། །ལྷ་བཤོས་མར་མེ་དག་ཀྱང་ཕུལ་ནས་སུ། །བྱིས་པ་གཞོན་ནུ་སྟ་གོན་གནས་པར་བྱ། །དེ་ནས་ནང་པར་ཆོ་ག་འདི་ཀུན་བྱ། །ཁྲུས་བྱས་ལུས་ལ་གོས་དཀར་གཙང་བགོས་ཏེ། །ཤར་ཕྱོགས་ཁ་བལྟས་ཀུ་ཤའི་སྟན་སྟེང་དུ། །འདུག་ནས་གསང་སྔགས་རྗེས་སུ་དྲན་པར་བྱ། །མེ་ལོང་ཐལ་བ་གཙང་མས་ལན་བདུན་ནམ། །བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་སུ། །རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ། །བྱིས་པ་གཞོན་ནུ་ནུབ་ཏུ་ཁ་ལྟས་པས། །ལྷ་ཡི་མིག་གིས་བལྟས་ན་འདས་པ་དང༌། །ད་ལྟར་དང་ནི་མ་འོངས་མཐོང་བར་འགྱུར། །མེ་ལོང་ཞེས་བྱའི་ཆོ་ག་མཐའ་དག་ནི། །
རལ་གྲི་གསལ་བར་སྟོན་ལ་སྦྱར་བར་བྱ། །མཐེ་བོད་རྒྱ་སྐྱེགས་ཁུ་བས་བསྐུས་ནས་སུ། །འབྲུ་མར་དྲི་ཞིམ་དག་གིས་གདབ་པར་བྱ། །བུམ་པ་གཙང་མ་ཆུས་བཀང་མི་ཡོར་བཞག །ས་ལྟར་ལྷུང་བཟེད་ནོར་བུ་ཆུ་ཡིས་དགང༌། །སྐུ་གཟུགས་ལ་ནི་མེ་ཏོག་བྱུག་སྤོས་དབུལ། །དེ་ནས་བྱིས་པ་གཞོན་ནུས་བལྟ་བར་བྱ། །ཞེས་གསུངས་སོ། །གསལ་བར་སྟོན་པ་དབབ་པའི་དགོས་པ་བསྟན་པ་ནི་དོན་བཅུ་པ་སྟེ། ཇི་སྐད་དུ། གསལ་བར་སྟོན་དང་རྨི་ལམ་ལ་སོགས་ལས། །དངོས་གྲུབ་བརྟགས་ཏེ་དེ་ནས་བཟླས་བརྗོད་བྱ། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གལ་ཏེ་རྒྱུ་ཞིག་ལ་གསལ་པར་སྟོན་པ་ཕེབས་ཀྱང༌། མཆོད་པ་ཉམས་པ་ལ་སོགས་པའི་ཉེས་པས་སྒྲུབ་པ་ལ་སོགས་པ་གཏན་ལ་ཕེབས་པར་མ་གྱུར་ན། །དེའི་ཚེ་སྔར་རིག་སྔགས་མི་གདུག་པ་ཆོ་ག་བཞིན་དུ་བཟླས་བརྗོད་བྱས་ནས། ཁྱེའུ་དང་བུ་མོ་ལ་ཕབ་སྟེ། དངོས་གྲུབ་ལ་སོགས་པ་གཏན་ལ་དབབ་པར་དྲི་བ་དེ་ནི་དོན་བཅུ་གཅིག་པ་སྟེ། ཇི་སྐད་དུ། གལ་ཏེ་ཡིད་ནི་ཆེས་པར་མ་གྱུར་ན། །དེས་ན་རིག་སྔགས་མི་གདུག་བཟླས་བརྗོད་བྱ། །ཞེས་བྱ་བ་ལ་སོགས་པ་ནས། སྔ་མ་བཞིན་དུ་གསང་སྔགས་ཆོ་ག་དག །དམ་ཚིག་ཇི་བཞིན་མ་ལུས་སྦྱར་ན་ནི། །བདག་གི་ཡིད་དང་མཐུན་པའི་དངོས་གྲུབ་ཐོབ། །སྔགས་པ་ཡུན་རིང་ཉོན་མོངས་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་གསུངས་སོ།། །།དེ་བཞིན་དུ་ལེའུ་བརྒྱད་པ་འདིར་ནི། །ཐར་པ་འདོད་པ་རྣམས་ཁོ་ནས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སོགས་པའི་བསླབ་པའི་མཚན་ཉིད་འཇུག་པ་དང་ལྡོག་པའི་བསླབ་པ་ལ་བདག་ཉིད་མངོན་པར་བརྩོན་པར་བྱ་བར་མ་ཟད་ཀྱི་གསང་སྔགས་སྒྲུབ་པས་ཀྱང་འཇུག་ཅིང་གོམས་པར་བྱ་དགོས་སོ་ཞེས་གསུངས་པར་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་ལམ་ནི། ཡང་དག་འཚོ་དང་ལས་མཐའ་ཞེས་བྱ་བ་ལ་སོགས་པ་ནས། ཡུལ་སའི་གཏམ་དང་མི་དབང་བརྟེན་པ་དང༌། །དམག་དང་གྱད་དང་ན་ཆུང་གཏམ་དག་དང༌། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་དང་ནི་སྨད་འཚོང་གཏམ་མི་བྱ། །ཞེས་བྱ་བའི་
བར་དུ་གསུངས་པའོ། །དེ་བཞིན་དུ་སྒྲུབ་པ་པོ་ནི་རྣམ་པ་གཉིས་ཏེ། ལ་ལ་ནི་གནས་གཅིག་ཁོ་ནར་སྔར་བསྙེན་པ་ཡོངས་སུ་རྫོགས་པར་བྱ་བའི་བསམ་པས་མཆོད་ཡོན་ཕུལ་ཏེ། སྔོན་དུ་བསྙེན་པའི་བཟླས་བརྗོད་རྩོམ་པར་བྱེད་དོ། །གཞན་དག་ནི་དགུན་དང་དཔྱིད་ཟླ་བརྒྱད་ལ་གནས་མ་ངེས་པ་ཉིད་དུ་སྔར་བསྙེན་པའི་བཟླས་བརྗོད་བྱེད་ཅིང༌། དབྱར་ཟླ་བ་གསུམ་ནི་གནས་གཅིག་ཏུ་སྔར་བསྙེན་པའི་བཟླས་བརྗོད་རྫོགས་པར་བྱ་སྟེ་སྒྲུབ་པར་བྱེད་དོ། །དེ་དག་ཀྱང་བསོད་སྙོམས་ལ་འགྲོ་བ་ལ་མ་གཏོགས་པར་ཟློས་པའི་གནས་ལས། གཞན་གྲོང་དང་གྲོང་ཁྱེར་ལ་སོགས་པར་འཕྱེན་དུ་འགྲོ་བ་དགག་པར་བསྟན་པ་དེ་ནི་དོན་གཉིས་བ་སྟེ། དེའི་ཕྱིར། སྔགས་པ་གསང་སྔགས་བཟླས་པ་མནོས་པ་ནི། །གྲོང་དང་གྲོང་ཁྱེར་ཁྱིམ་དང་གཙུག་ལག་ཁང༌། །མཆོད་རྟེན་དང་ནི་བསྟི་གནས་དཀའ་ཐུབ་གནས། །ཀུན་དགའ་ལུ་མ་རྫིང་བུར་འགྲོ་མི་བྱ། །སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན། །ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་ངམ། །རི་དང་ཆུ་བོ་ཆུ་ཀླུང་འབབ་ཆུ་དང༌། །ནགས་ཚལ་སྟོང་པ་དང་ནི་ཡུལ་སྟོང་དང༌། །གནས་གང་རུང་བར་སྔགས་པས་གནས་ཤིང་བཟླས། །ཞེས་བྱ་བ་རྒྱས་པར་གསུངས་པ་དང༌། ཡང་ན་གནས་ནི་ངེས་པར་མ་བྱས་ན། །ཟླ་བ་བརྒྱད་པོ་འདི་ཡི་དུས་དག་ཏུ། །གནས་འདི་གང་ཡང་རུང་བ་ཅིག་ཏུ་བསྟན། །ཞེས་བྱ་བ་རྒྱ་ཆེར་གསུངས་སོ། །སྒྲུབ་པ་པོས་བསྙེན་པ་ཡོངས་སུ་རྫོགས་ཀྱང་དབྱར་གྱི་དུས་སུ་སྒྲུབ་པ་དགག་པ་དང༌། མ་གྲུབ་ཀྱི་བར་དུ་བཟླས་བརྗོད་ཡོངས་སུ་མི་བཏང་བ་དང༌། བསྒྲུབ་པའི་དུས་སུ་དབང་བསྐུར་བའི་དཀྱིལ་འཁོར་དུ་དབང་བསྐུར་པ་དང༌། བདག་ཉིད་བསྲུང་བར་བྱ་བ་དེ་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། སྔགས་པ་དབྱར་ནི་སྒྲུབ་ལ་མི་འཇུག་པར། བཟླས་བརྗོད་ཀྱིས་ནི་དུས་ཀྱང་འདས་པར་བྱ། །དབྱར་འདས་ནས་ནི་གསང་སྔགས་གཟི་བསྐྱེད་པས། །བདག་ཉིད་བསྲུང་བྱས་སྒྲུབ་ལ་འཇུག་པར་བྱ། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཞི་བ་ལ་སོགས་པའི་ཆོ་གའི་ལས་ཀྱི་ཁྱད་པར་གྱིས་སྦྱིན་སྲེག་གི་ཐབ་ལ་སོགས་པའི་མཚན་ཉིད་བསྟན་པ་ནི་
དོན་བཞི་པ་སྟེ། དེའི་ཕྱིར། མེ་ཐབ་ཟླུམ་པོ་གྲུ་གསུམ་གྲུ་བཞི་དང༌། །པདྨ་ལྟ་བུར་བྱས་ཏེ་དབྱིབས་ལེགས་ཤིང༌། །ཞེས་བྱ་བ་ལ་སོགས་པ་ནས། །ཟླུམ་པོར་དབང་ཐང་བསྐྱེད་དང་ནོར་དགུག་དང༌། སྤྱན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས། །གྲུ་གསུམ་དུ་ནི་དགར་བསྐྲད་བསད་པ་དང། །གཤེད་བྱེད་ལ་སོགས་དྲག་པོ་རྣམས་ཀྱང་བྱ། །གྲུ་བཞི་པོར་ནི་ཀླུ་དང་གསང་བ་པོའི། །ལུས་གཞིག་པ་དང་བསྲེག་པར་བྱ་བ་ཡིན། །པདྨའི་དབྱིངས་སུ་བུད་མེད་བུ་མོ་གྲོང༌། །ཡུལ་འཐོབ་པའམ་དོན་ཀུན་སྒྲུབ་པར་ཤིས། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་ལྟར་སྔར་བསྙེན་པའི་སྦྱིན་སྲེག་གི་ཆོ་ག་གསུངས་པ་དེའི་ཕྱིར། མེ་ཐབ་བསྟར་བར་བསྟན་པ་ནི་དོན་ལྔ་པ་སྟེ། ཇི་སྐད་དུ། མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང༌། །ཞེས་བྱ་བ་ལ་སོགས་པ་ནས། རླུང་ཡབ་ཀྱིས་ནི་མེ་ཡང་སྦར་བྱས་ནས། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་ལ་སྔར་བསྙེན་པའི་དུས་ཀྱི་སྦྱིན་སྲེག་ཀྱང་རྣམ་པ་གཉིས་སུ་འདོད་དེ། དེ་ལ་གཅིག་ནི་བགེགས་རྣམས་ཞི་བར་བྱ་བའི་ཕྱིར་བདུད་རྩི་ཐབ་སྦྱོར་གྱིས་བྱ་བ་དང༌། དེ་ལས་གཞན་པའི་ནི་རང་གི་ལྷ་གཟི་བརྗིད་བསྐྱེད་པའི་ཆེད་ཡིན་པར་བསྟན་པ་ནི་དོན་དྲུག་པ་སྟེ། ཇི་སྐད་དུ། སངས་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི། །བདུད་རྩི་འཁྱིལ་པས་མ་ཉམས་པདྨའམ། །མ་གྲུགས་ཏིལ་ནག་ལས་ནི་བདུན་ནམ་བརྒྱད། །བཅུའམ་ཉི་ཤུར་མེལ་སྦྱིན་སྲེག་བྱ། །ཞེས་བྱ་བ་ལ་སོགས་པ་ན་ས། མར་དང་སྦྲང་རྩི་འོ་མ་ལ་བཏགས་ནས། །རང་གི་གསང་སྔགས་འགྲུབ་ཕྱིར་སྦྱིན་སྲེག་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་བཞིན་དུ་སྦྱིན་སྲེག་ཐམས་ཅད་ཀྱི་མེ་འབར་བའི་ག་དོག་དང༌། དབྱིབས་དང༌། སྒྲ་ལ་སོགས་པས་ལྟས་བཟང་ངན་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། མེ་ཡི་མཚན་ཉིད་ཉེ་བར་བརྟག་པ་ནི། །མེ་སྟག་དུ་བ་མེ་ལྕེ་སྒྲ་རྣམས་ཀྱིས། །འགྲུབ་པ་དང་ནི་མི་འགྲུབ་ཐམས་ཅད་ཀྱང༌། །སྔགས་ཀྱིས་བྱིན་རླབས་མེ་ནི་སྟོན་པར་བྱེད། །དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དངས། །མེ་ལྕེ་རབ་ཏུ་ཆེ་ལ་གཡས་སུ་འཁྱིལ། །ཞེས་བྱ་བ་ལ་སོགས་པ་ནས། །མེ་ལྕེ་འཕྲོ་བས་སྦྱིན་སྲེག་བྱེད་
པ་ཚིག །མི་རོའི་དྲི་ང་དངོས་གྲུབ་མེད་པར་སྟོན། །ཞེས་བྱ་བའི་བར་དུ་གསུངས་སོ། །སྒྲུབ་པ་པོ་གསང་སྔགས་མཉེས་པར་བྱ་བའི་སྤྱོད་པ་མ་བསླབས་པས། སྔར་གསང་སྔགས་བསྙེན་པའི་བཟླས་བརྗོད་ལ་སོགས་པ་རྫོགས་པར་བྱས་ཀྱང༌། རང་གི་ལྷ་ཉིད་ཀྱིས་སྐབས་དེར་ལུས་ལ་གནོད་པ་ལ་སོགས་པར་འབྱུང་བར་མཛད་པ་བསྟན་པ་ནི་དོན་བརྒྱད་པ་སྟེ། ཇི་སྐད་དུ། ཇི་ལྟར་རལ་གྲིའི་སོ་ལ་འཛིན་པའི་མི། །ལེགས་པར་མ་བཟུང་ལག་པ་གཅོད་པ་ལྟར། དེ་བཞིན་སྔགས་ཀྱང་ལེགས་པར་མ་བཟླས་ན། །འབྲས་བུ་མེད་པའམ་ཡང་ན་ཕུང་བར་འགྱུར། །མི་ནི་ཚུལ་ཁྲིམས་གཙང་སྦྲ་མི་ལྡན་ཡང༌། །གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་མཛད། །ལྷ་ཡི་འཁོར་དུ་གྱུར་པ་གང་ཡིན་རྣམས། །མི་ལ་གླགས་སྐབས་མཐོང་ནས་ཕུང་བར་བྱེད། །ཅེས་བྱ་བས་བསྟན་ཏོ། །གཏོར་མའི་ལས་ནི་དང་པོ་སྔོན་དུ་བསྙེན་པ་རྩོམ་པའི་ཚེ། །ས་དང་རིལ་སོགས་པ་ལ་གནས་པའི་གདོན་སྲིན་པོ་དང༌། ཤ་ཟ་དང༌། ཀླུ་ལ་སོགས་པ་རྣམས་དང༌། དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བཅུ་རྣམས་ལ་གཏོར་མ་མང་ཞིང་རྒྱ་ཆེ་བ་བསྒྲིམས་ཏེ་དབུལ་བར་བྱ་བ་དང༌། སྔོན་དུ་བསྙེན་པ་བྱེད་པའི་ཉི་མ་ཉིད་ལ། གཞན་རྣམས་ལ་ཡང་ཅི་འབྱོར་པ་དབུལ་བ་དང༌། དེ་བཞིན་དུ་སྒྲུབ་པ་ལ་བརྩོན་པའི་ཚེ། རྒྱ་ཆེ་ཞིང་མང་བའི་གཏོར་མའི་བྱ་བ་དང༌། གྲུབ་ནས་ཀྱང་ཅི་འབྱོར་པའི་གཏོར་མ་ཉིན་གཅིག་བཞིན་དུ་དབུལ་བའི་ལས་བྱ་བ་དེ་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ནམ་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ། །དྲི་ཟ་སྲིན་པོ་གདོན་གྱི་རིགས་རྣམས་དང༌། །གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན། །བུ་སྨད་གཡོག་འཁོར་ཚོགས་དང་བཅས་རྣམས་ལ། བདག་གི་པུས་མོ་ས་ལ་བཙུགས་ནས་སུ། །ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱིས། །གནས་ནས་ཕན་གདགས་ཕྱིར་ནི་འདིར་སྤྱོན་ཅིག །ཅེས་བྱ་བ་ལ་སོགས་ནས། དེ་ལྟར་གང་ཞིག་མཚན་མོ་རྒྱུ་བ་ལ། །གཏོར་མ་གཏོང་བའི་ལས་རྣམས་བྱེད་པ་དེའི། །དངོས་གྲུབ་མྱུར་ཞིང་ཤིན་ཏུ་བགེགས་ཀྱང་མེད། །ཡིད་དུ་འོང་བའི་འདོད་པ་
འང་ཐོབ་པར་འགྱུར། །ཞེས་བྱ་བའི་བར་དུ་གསུངས་པའོ།། །།དེ་བཞིན་དུ་ལེའུ་དགུ་པ་ལ་མཚམས་མེད་པ་དང༌། མཚམས་མེད་པ་ལ་ཉེ་བ་དང༌། དམ་པའི་ཆོས་ཀྱི་གླེགས་བམ་ཆུད་གསོན་ཅིང་སྤོང་བ་དང༌། སོ་སོའི་སྐྱེ་བོ་རྣམས་ཀྱི་དགེ་བའི་གཞིར་གྱུར་པ་དགེ་སློང་ལ་སོགས་པ་གསད་ན། དེས་ནི་ཕུང་པོ་འདི་ལ་དངོས་གྲུབ་མི་ཐོབ་པར་བསྟན་པ་ནི་དོན་དང་པོ་སྟེ། དེའི་ཕྱིར། གང་གིས་དགྲ་བཅོམ་ཕ་མ་གསོད་པ་དང༌། །མཐུན་པའི་དགེ་འདུན་དབྱེན་ནི་བྱེད་པ་དང༌། དེ་བཞིན་གཤེགས་ལ་གནོད་པའི་སེམས་ཀྱིས་སུ། །ནམ་ཞིག་མི་དག་སྐུ་མཚལ་འབྱིན་བྱེད་པ། །ཤིན་ཏུ་མི་བཟད་པ་ཡི་ལས་འདི་རྣམས། །ཞེས་བྱ་བ་ནས། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་དོ། །ཞེས་བྱ་བའི་བར་དུ་གསུངས་སོ། །བྱང་ཆུབ་ཏུ་སེམས་བསྐྱེད་པས་འཇིག་རྟེན་པའི་ལྷ་རྣམས་ལ་ཕྱག་བྱས་པའི་ཉེས་པ་བསྟན་པ་དང༌། དེ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་སེམས་ཅན་མཐའ་དག་གི་རྒྱུ་ཉིད་དུ་གྱུར་པ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་རྒྱུ་ཉིད་དུ་གྱུར་པ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས། །ཞེས་པ་ནས། དཀོན་མཆོག་གསུམ་གྱི་རྒྱུད་དུ་སྙིང་ནས་སྐྱེས། །ཞེས་བྱ་བའི་བར་དུ་གསུངས་སོ། །སྒྲུབ་པ་པོ་རང་གི་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་ཡོངས་སུ་མ་སྤངས་ན་དམ་ཚིག་ལས་འདས་པའི་ཕྱིར། དངོས་གྲུབ་འབྱུང་བར་མི་འགྱུར་བ་དེ་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། གང་ཞིག་མི་བཟད་ལས་བྱེད་ཐུབ་པ་གསོད། །ཅེས་བྱ་བ་ནས། དེ་ཡི་སྔགས་ཀྱང་མི་ཟློས་མདོ་མི་བཀླག །ཅེས་བྱ་བའི་བར་དུ་གསུངས་སོ། །སྒྲུབ་པ་པོ་རྣམས་ཀྱིས་སྐྱབས་ཅི་ཡོད་པར་ཕྱག་བྱ་བའི་གནས་རྣམས་ལ་ལྷར་ཕྱག་བྱ་བ་དང༌། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ལ་ཕྱག་བྱ་བར་བསྟན་པ་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བའི་གཟུགས་ཅན་རྣམས་ལ་ཡང་ཕྱག་བྱ་བའི་རིགས་པར་བསྒྲུབ་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། བདེ་བར་གཤེགས་པ་ཀུན་གྱིས་བསྟན་པ་ཡི། །ཞེས་བྱ་བ་ནས། གང་གི་རང་བཞིན་
ཆགས་དང་རྣམ་བྲལ་ཡང༌། །གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང༌། འདོད་ཆགས་ཅན་ལ་ཆགས་ཅན་ལྟར་སྟོན་པ། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ལས་དང་རྣམ་སྨིན་མཁྱེན་པ་ཡིས། །འགྲོ་བ་ཀུན་དང་ཇི་ལྟར་མཐུན་པ་ཡི།། གསང་སྔགས་གཟུགས་ཀྱི་རྗེས་སུ་འཛིན་མཛད་པ། །སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་བར་དུ་གསུངས་པའོ།། །།ལེའུ་བཅུ་པ་ལ་སྒྲུབ་པའི་གསང་སྔགས་དང་ཕྱག་རྒྱ་གང་ཡིན་པ་དེ་དག་འཕགས་པ་དཔུང་བཟངས་ཀྱི་གསང་སྔགས་ཀྱི་མདོའི་ཚུལ་འདིར། རིག་སྔགས་དང་གསང་སྔགས་ཀྱི་དབྱེ་བས་བསྡུ་བར་བསྟན་པའི་དོན་ནི་དང་པོ་སྟེ། དེ་ལ་རེ་ཞིག་དེ་བཞིན་གཤེགས་པའི་རིགས་བསྡུ་བའི་དབང་དུ་བྱས་ནས། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་ནི།། འབུམ་ཕྲག་ལྔ་དང་བྱེ་བ་ཕྲག་གསུམ་དང༌། །རིག་འཛིན་སྡེ་སྣོད་བཤད་པར་རྒྱལ་བས་གསུངས། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་རྡོ་རྗེ་རིགས་ཀྱི་གསང་སྔགས་བསྡུ་བའི་དབང་དུ་བྱས་ནས། ངས་ནི་གསང་བ་པ་རྣམས་གཞོམ་པ་དང༌། །དབུལ་བའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར་ལྡན་པ་ཡིས། །གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད། །ཅེས་བྱ་བ་ལ་སོགས་པ་གསུངས་པའོ། །པདྨའི་རིགས་ཀྱི་དབང་དུ་བྱས་ནས། སྤྱན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག །གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད། །ཅེས་རྒྱས་པར་གསུངས་སོ། །ལྔས་རྩེན་གྱི་རིགས་ཀྱི་དབང་དུ་བྱས་ནས། ལྔས་རྩེན་གྱིས་ནི་སྟོང་ཕྲག་ཉི་ཤུ་སྟེ། །དེ་ཡི་ཆུང་མས་དེ་ཡི་ཕྱེད་བཤད་དོ། །ཞེས་གསུངས་སོ། །ནོར་གྱི་རིགས་ཀྱི་དབང་དུ་བྱས་ནས། །ནོར་གྱི་བདག་པོས་སྟོང་ཕྲག་སུམ་ཅུ་སྟེ། །གང་པོ་ཕ་ཡིས་ཀྱང་ནི་འབུམ་བཤད་དོ། །ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་ལ། །དད་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད། །ཁ་ཅིག་ང་ཡི་རིགས་སུ་གཏོགས་པ་སྟེ། །ཁ་ཅིག་ཀྱང་ནི་པདྨོའི་རིགས་སུ་གཏོགས། །ཁ་ཅིག་ནོར་གྱི་རིགས་སུ་
གཏོགས་པ་ཡིན། གཞན་ཡང་ཁ་ཅིག་གནས་མེད་རྣམ་པར་འཁྱམ། །ནོར་སྤྱོད་ཅེས་བྱ་ནོར་གྱི་རིགས་སུ་གསུངས། །ང་ནི་རྡོ་རྗེ་རིགས་ཞེས་རབ་ཏུ་བསྟན། །སྤྱན་རས་གཟིགས་དབང་པདྨའི་རིགས་ཡིན་ཏེ། །རིགས་བཞི་པ་ནི་འདིར་ཡང་ལྔས་རྩེན་ནོ། །གསང་སྔགས་མདོ་སྡེ་ངས་བཤད་གང་ཡིན་པ། །བཞི་པོ་འདིར་ནི་རྣམ་པར་སྦྱར་བར་བྱ། །གང་གཞན་ལ་ལ་འདི་ན་གནས་མེད་པར། །བདེ་བར་གཤེགས་ལ་བརྟེན་ཞིང་ཡོངས་འཁྱམ་པ། །མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང༌། །འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦྱར། །ལམ་འདི་ཉིད་དུ་ཞུགས་པའི་སྔགས་པ་ནི། །ཡིད་དང་མཐུན་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ཀྱི་གསང་སྔགས་ལ་དང་པོར། གསང་སྔགས་ཀྱི་མགོ་ལ་དཀོན་མཆོག་གསུམ་སྔར་བརྗོད་ནས། གསང་སྔགས་འདོན་པ་དང། པདྨ་དང༌། རྡོ་རྗེ་དང༌། ནོར་བུ་བཟང་པོའི་རིགས་ལ། སོ་སོའི་རིགས་ཀྱི་བདག་པོ་ལ་ཕྱག་འཚལ་བ་ཐོག་མར་བརྗོད་དེ། བཟླས་བརྗོད་བྱ་བ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། སྲིད་པ་གསུམ་ན་རྒྱལ་བ་དཀོན་མཆོག་སྟེ། །ཞེས་བྱ་བ་ལ་སོགས་པ་ནས། ནོར་གྱི་རིགས་དང་པདྨའི་རིགས་ལ་ཡང༌། །རང་གི་གསང་སྔགས་བདག་པོར་ལྡན་པར་བྱ། །ཞེས་བྱ་བའི་བར་དུ་གསུངས་པའོ། །དེ་བཞིན་དུ་བཟླས་བརྗོད་དང༌། སྦྱིན་སྲེག་དང༌། མཆོད་པའི་ཚེ། གསང་སྔགས་ཟློས་པ་ཁ་ཅིག་རྡོ་རྗེ་ཐོགས་སུ་མི་གནང་བ་ཡིན་པས། དེ་ལྟ་བུའི་རྡོ་རྗེ་ཐོགས་པའི་ཉེས་པ་གང་ཡིན་པ་དེ་བསྟན་པ་ནི། དོན་གསུམ་པ་སྟེ། དེའི་ཕྱིར། བདེ་བར་གཤེགས་མིན་ཉན་ཐོས་ལམ་ཞུགས་དང༌། །རང་རྒྱལ་རྣམས་ཀྱི་ལམ་ལ་ཞུགས་པ་དང༌། །དད་པ་མེད་ཅིང་ཚུལ་འཆོས་འཇུངས་པ་ཡིས། །ང་ཡི་རྡོ་རྗེ་ཡང་ནི་བཅང་མི་བྱ། །གང་ཞིག་ཐེག་པ་མཆོག་ལ་སྡང་བ་དང༌། །བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང༌། །རྨོངས་པ་ང་ལ་གནོད་སྦྱིན་ཞེས་སྨྲ་དང༌། བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི། །དགེ་སློང་དགེ་སློང་མ་དང་དགེ་བསྙེན་མ་དང༌། །དགེ་བསྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས། །ང་ཡི་རིགས་
ཀྱི་གསང་སྔགས་བཟླས་བརྗོད་ན། །མྱུར་དུ་དེ་ཡི་ལུས་ནི་ཞིག་པར་འགྱུར། །གང་ཞིག་ང་རིགས་རྗེས་སུ་འབྲང་བའི་གདོན། །འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས། །ང་ཡི་སྔགས་བཟླས་རྡོ་རྗེ་ཐོགས་པ་དག །མཐོང་ན་ཁྲོས་ནས་ཕུང་པར་བྱེད་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གསང་སྔགས་གྲུབ་པ་པོ་རྣམས་ཀྱི་དམ་ཚིག་དང༌། །འདུལ་བ་དང་སྤྱོད་པ་གསུངས་པ་བཤད་པ་སྟེ། དེ་ལ་ཡན་ལག་ཁ་ཅིག་ཉམས་སུ་ལེན་མ་ནུས་ཀྱང༌། ཁ་ཅིག་ཉམས་སུ་མི་བླང་དུ་མི་རུང་པ་གང་ཡིན་པ་དེ་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། གང་ཞིག་ཐེག་མཆོག་རྒྱ་ཆེན་ཀློག་པ་དང༌། །དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ། །བརྩོན་འགྲུས་ཆེ་ཞིང་བྱང་ཆུབ་སེམས་བརྟན་པ། །དེ་ལ་ང་ཡི་གསང་སྔགས་མཆོག་སྦྱིན་མཛད། །ཅེས་བྱ་བ་གསུངས་སོ། །དེ་ལྟར་འདིས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཀྱི་བདག་པོ་རྣམས་ཀྱིས་གསང་སྔགས་དང༌། རིག་སྔགས་རྣམས་གསུངས་པའི་བར་རྣམས་འབུམ་དང༌། བྱེ་བ་ལ་སོགས་པར་དེ་དག་བསྡུས་ཏེ། རྒྱས་པར་བསྟན་པ་དང༌། དེ་ལྟར་མཉེས་པར་བྱ་བའི་ཆོ་ག་ཡང༌། སྤྲོས་པ་དང་བཅས་པར་བསྟན་པར་ཁོང་དུ་ཆུད་པར་བྱའོ། །དེ་ནི་འཇིག་རྟེན་ལས་འདས་པའི་གསང་སྔགས་ཀྱི་ཆོ་གའི་ཞར་ལ། དྲག་པོ་ལ་སོགས་པའི་འཇིག་རྟེན་གྱི་ལྷ་ཁྱད་པར་ཅན་རྣམས་ཀྱིས། རིག་སྔགས་དང་གསང་སྔགས་དང༌། རང་རང་གི་གསང་སྔགས་ཀྱི་རྒྱུད་དང༌། ཆོ་ག་ཞི་བ་མོ་བཤད་པ་དང་དེ་དག་གི་གྲངས་ཞར་ལ་བསྟན་པར་བྱ་བ་དང༌། སངས་རྒྱས་ཀྱི་དཀྱིལ་འཁོར་གྱི་སློབ་དབོན་རྣམས་མང་དུ་ཐོས་པར་བསྟན་པའི་དོན་ནི་ལྔ་པ་སྟེ། དེའི་ཕྱིར། དྲག་པོ་ཡིས་ནི་བྱེ་བ་ཕྲག་བཅུ་བཤད། །ནོར་ལྷའི་བུས་ནི་སྟོང་ཕྲག་སུམ་ཅུ་སྟེ། ཚངས་པ་ཡིས་ནི་སྟོང་ཕྲག་དྲུག་ཅུ་ཉིད། །ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ། །ནམ་མཁའ་ལྡིང་གིས་སྟོང་ཕྲག་བཅོ་བརྒྱད་དེ། ཞེས་བྱ་བ་ལ་སོགས་པ་ནས། རང་སྔགས་མདོ་སྡེའི་རྗེས་འབྲངས་དད་བསྐྱེད་ནས། མ་བསྒྲིམས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ། དེ་ལས་བཟློག་ན་དངོས་གྲུབ་མི་ཐོབ་ལ། །སྡུག་བསྔལ་མང་
པོ་ཡང་ནི་ཐོབ་པར་འགྱུར། ཞེས་བྱ་བའི་བར་དུག་སུངས་པའོ།། །།ལེའུ་བཅུ་གཅིག་པར་འདིར་ནི་གསང་སྔགས་སྨྲ་བ་དང༌། བཅུད་ཀྱིས་ལེན་ལ་སོགས་པ་བརྟག་པ་བརྒྱད་ཀྱི་མིང་བཤད་པ་དང༌། བསྟན་པ་དེ་རྣམས་ཀྱི་དངོས་གྲུབ་རབ་དང༌། འབྲིང་དང༌། ཐ་མའི་བྱེ་བྲག་བསྟན་པའི་དོན་དང༌། གསང་སྔགས་སྨྲ་བའི་ཡོན་ཏན་གོང་མའི་ཡང་གོང་མར་བརྗོད་པར་བསྟན་པ་ནི་དོན་དང་པོ་སྟེ། དེ་ལ་བཅུད་ཀྱིས་ལེན་དང་གཏེར་དང་ཕུག་འགྲོ་དང༌། །ནོར་སྒྱུར་འབྱུང་ཁུང་སྔགས་དང་གསེར་སྒྱུར་རྩི། །རིན་ཐང་མེད་པའི་རིན་ཆེན་ནོར་སྦྱིན་ཏེ། བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན། །ཞེས་བྱ་བ་གསུངས་སོ། །བསྟན་པ་དེ་དག་རབ་ལ་སོགས་པར་དབྱེ་བའི་དབང་དུ་བྱས་ནས། །སྔགས་དང་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན། །སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན། །རིན་ཆེན་དང་ནི་གཏེར་དང་འབྱུང་ཁུངས་འབྲིང། གསེར་སྒྱུར་རྩི་དང་ནོར་སྒྱུར་ཐ་མའོ། །ཞེས་བྱ་བ་གསུངས་སོ། །དེ་དག་སྒྲུབ་པ་ལ་འཇུག་པ་རྣམས་མཆོག་ལ་སོགས་པར་དབྱེ་བ་ནི་འདི་ཡིན་ཏེ། མི་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན། །དཀའ་ཐུབ་ཀྱིས་ཕྱུག་དང་པོར་བསྟན་པའི་སྣོད། །རྡུལ་ཤས་ཆེ་པ་ལ་ནི་འབྲིང་པོར་གསུངས། །ཐམ་ལ་ན་མུན་པ་ཅན་གྱིས་བསྟན། །གང་ཞིག་མཆོག་ཏུ་བསྟན་པ་དེ་སྟོན་པ། །དེས་ནི་ཐ་མར་བསྟན་པ་རྣམ་པར་སྤང་ས། །གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས། །གདུངས་ན་འབྲིང་པོ་ལ་ནི་བསྟན་པར་བྱ། །ཞེས་བྱ་བ་གསུངས་སོ། །ད་ནི་བསྟན་པ་འདི་རྣམས་ཀྱི་དངོས་གྲུབ་དང་མཐུན་པའི་དཀའ་ཐུབ་དང༌། གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་པའི་ཐབས་བསྟན་པ་ནི། །ལྷ་ཡི་བདེ་བ་དང་ནི་འབྱོར་པ་དང༌། །ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང༌། །ཐོས་མང་མདངས་བཟངས་གཅིག་པུ་ཡིད་གཞུངས་དང༌། དབང་ཐང་ཚེ་ཀུན་དཀའ་ཐུབ་སྟོབས་ཀྱིས་ཐོབ། །ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང༌། རྟག་ཏུ་དཀོན་མཆོག་གསུམ་ལ་གཞོལ་བ་དང༌། །སྡིག་པ་སྤངས་ཞིང་བཟླས་བརྗོད་ལྡན་པ་ཡིས། །མི་ལ་ལྷ་རྫས་དངོས་གྲུབ་རིང་བ་མེད། །ཅེས་བྱ་བ་གསུངས་སོ། །ད་ནི་བསྟན་པ་དེ་
རྣམས་ཀྱི་ནང་ན། གསང་སྔགས་བསྟན་པ་མཆོག་ཡིན་པ་དང༌། སྡུག་བསྔལ་སེལ་བར་བསྟན་པ་ནི། །རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་ཡི། །གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྦྱིན་མཛད། །འཇིག་རྟེན་འདི་དང་ཕ་རོལ་ཉིད་ན་ཡང༌། སྡུག་བསྔལ་སེལ་ཞིང་སྡིག་འཇོམས་གཞན་མེད་དོ། །གང་ཞིག་དཔག་བསམ་ལྗོན་པའི་ཤིང་ལྟ་བུར། །ལ་ལར་དངོས་གྲུབ་ལ་ལར་བསོད་ནམས་དང༌། །གཞན་ལ་གཟུགས་སྟོབས་ཚེ་དང་བདེ་བ་གང༌། །ཡིད་མཐུན་འབྲས་བུ་འདོད་པའི་མི་ལ་སྩོལ། །གསང་སྔགས་སྣ་ཚོགས་གཟུགས་སུ་རྣམ་སྤྲུལ་ནས། གང་ཞིག་སྡུག་བསྔལ་གང་ཞིག་འཇིགས་སྐྲག་པའམ། །རྒྱལ་པོ་ཆོམ་རྐུན་ཐོག་གིས་འཇིགས་སྐྲག་པའི། །འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་མཛད་པ། །ཞེས་བྱ་བ་གསུངས་སོ། །གཞན་ཡང་གསང་སྔགས་སྒྲུབ་པ་རྣམ་པ་གཉིས་ཏེ། ཇི་སྐད་དུ་གསུངས་པའི་གསང་སྔགས་སྒྲུབ་པ་པོའི་འཇུག་པའི་སྤྱོད་པ་དང༌། སྦྱོར་བའི་སྤྱོད་པ་དང༌། དངོས་གྲུབ་སྒྲུབ་པ་པོའི་སྤྱོད་པ་དང༌། སྒྲུབ་པའི་སྤྱོད་པ་བསླབས་ནས་ཁྱིམ་ནས་བྱུང་སྟེ། ཇི་སྐད་དུ་གསུངས་པའི་གནས་རྣམས་སུ་འཇུག་ནས། གསང་སྔགས་མཉེས་པར་བྱེད་པ་གང་ཡིན་པ་དེའི་དོན་དུ་མཉེས་པར་བྱ་བའི་རིམ་པ་བསྟན་པ་ནི་འདི་དག་ཐམས་ཅད་ཡིན་ནོ། །གང་ཡང་ཇི་སྐད་གསུངས་པའི་འཇུག་པ་ལ་སོགས་པའི་སྤྱོད་པ་བསླབས་ནས་ཁྱིམ་ན་གནས་ཤིང་ཡུལ་ལ་སོགས་པ་འདོད་པ་ལ་ལོངས་སྤྱོད་ཅིང་ཇི་སྐད་གསུངས་པའི་གསང་སྔགས་མཉེས་པར་བྱ་བའི་རྗེས་སུ་འཇུག་ཅིང་ཉིན་གཅིག་བཞིན་དུ་བཟླས་བརྗོད་ལ་སོགས་པ་ཅི་ནུས་སུ་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་ཡུན་རིང་ཞིག་ལོན་ནས། ཚེ་འདིའམ་ཚེ་རབ་ས་གཞན་དུ་དེ་མཉེས་པར་བྱས་པ་ལས་བྱུང་བའི་བསོད་ནམས་ཀྱི་བག་ཆགས་བརྟས་ན། ཚེ་རབས་གཞན་ལ་གྲུབ་པར་འགྱུར་བ་དེ་བསྟན་པ་ནི་དོན་གཉིས་པ་སྟེ། དེའི་ཕྱིར། གང་ཞིག་ཡུལ་དང་ཁྱིམ་ལ་བརྟེན་ཀྱང་རུང༌། །དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི། །ཉིན་གཅིག་བཞིན་དུ་ཅུང་ཟད་སྔགས་ཟློས་པ། །དེ་ཡི་གསང་དུས་ཤིག་ན་ནི་འགྲུབ། །ཅེས་བྱ་བ་གསུངས་སོ། །
ད་ནི་སྒྲུབ་པ་པོ་རྣམ་གཉིས་ཀྱིས་བཟླས་བརྗོད་གོམས་པར་བྱ་བའི་ཕྱིར། སྔར་བསྙེན་པའི་བཟླས་བརྗོད་ཇི་སྐད་བསྟན་པའི་གྲངས་ལས་ལྷག་པར་འབུམ་ཕྲག་གཅིག་བསྒྲིམས་ནས། བཟླས་བརྗོད་བྱས་ནས་སྔར་བསྙེན་པ་ཇི་སྐད་གསུངས་པ་བཞིན་དུ་ལྷུར་བླང་བར་བསྟན་པ་ནི་དོན་གསུམ་པ་སྟེ། དེའི་ཕྱིར། ཆོ་ག་བཞིན་དུ་དང་པོར་འབུམ་བཟླས་ནས། །དེ་ནས་གསང་སྔགས་སྒྲུབ་ལ་འཇུག་པར་བྱ། །དེས་ན་དངོས་གྲུབ་མྱུར་དུ་འཐོབ་འགྱུར་ལ། །གསང་སྔགས་ཆོ་གས་ཡུན་རིང་ཉོན་མི་མོངས། །ཞེས་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོའི་ཁྲུས་ཀྱི་ཆོག་གཏན་ལ་དབབ་པ་དང༌། ཉེ་རིག་གི་ཆོ་ག་བསྟན་པ་ནི་དོན་བཞི་པ་སྟེ། དེའི་ཕྱིར། ལུས་ལ་ས་ཡིས་དྲིལ་ཕྱིས་བྱས་ནས་སུ། །ཆུ་ཆེན་རྙོག་མ་མེད་པར་ཞུགས་ནས་ཀྱང༌། །ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ། །བྱུང་ནས་ཤར་རམ་བྱང་དུ་ཁ་བལྟས་ལ། །ཆུ་ཡིས་ལག་པ་རྐང་པ་བཀྲུས་ནས་ནི། །པུས་མོའི་ཕྱི་རོལ་དུ་ནི་བསྟན་བྱས་ཏེ། །བར་དུ་ལག་གཞག་ཙོག་ཙོག་པོར་འདུག་ནས། །སྒྲ་མེད་དབུ་བ་མེད་པས་ཉེ་རེག་བྱ། །ལན་གསུམ་བར་དུ་ཆུ་ནི་འཐུངས་ནས་ཀྱང༌། །མཆུ་ལ་ལན་གཉིས་ཡོངས་སུ་ཕྱི་བར་བྱ། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སོ་ལ་ཆགས་པའི་ལྷག་མ་ཡོད་པར་ཚོར་བ་དང༌། རང་སྦྲིད་པ་བྱུང་ན་ཁ་འཁྲུ་བའི་ཆོ་ག་བྱ་བ་དང༌། དེ་བཞིན་དུ་སྐྱེས་པ་དང་བུད་མེད་ཀྱི་ལུས་ལ་རེག་པ་དགག་པ་བསྟན་པ་དང༌། བག་མེད་པས་དེ་དག་རྣམས་ཀྱིས་རེག་པར་གྱུར་ན་ཁྲུས་བྱ་དགོས་པ་བསྟན་པ་ནི་དོན་ལྔ་པ་སྟེ། དེའི་ཕྱིར། སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང༌། །སྦྲིད་པ་བྱུང་ན་ཁ་ཡང་བཀྲུ་བར་བྱ། །རབ་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང༌། །གཞོན་ནུ་མ་དང་རྒན་པོ་བྲམ་ཟེ་རྣམས། །དེ་ལ་སྔགས་པས་ནམ་ཡང་རེག་མི་བྱ། །སྔགས་པས་དེ་དག་རྣམས་ལ་མི་བསམ་མོ། །བརྒྱ་ལ་དེ་དག་རྣམས་ལ་རེག་གྱུར་ཏམ། །སྒྲུབ་པས་དེ་དག་རྣམས་ལ་རེག་གྱུར་ན། །སླར་ཡང་ཁྲུས་དང་འཐོར་འཐུང་བྱས་ནས་སུ། །དེ་ནས་ཕྱིར་ཡང་ཟློས་ལ་འཇུག་པར་བྱ། །ཞེས་བྱ་བ་གསུངས་སོ། །གཙང་སྦྲ་དང་བཟླས་བརྗོད་དང༌། མཆོད་པ་ལ་སོགས་པ་ཇི་སྐད་
གསུངས་པ་བཞིན་བྱས་ན། མྱུར་དུ་གསང་སྔགས་ཀྱི་བྱིན་གྱིས་རློབ་པར་མཛད་དོ་ཞེས་བསྟན་པ་ནི་དོན་དྲུག་པ་སྟེ། དེའི་ཕྱིར། གཙང་སྦྲ་ལ་དང་ཟློས་དགའ་སྙིང་རྗེ་ཅན། །རྟག་ཏུ་ལེན་པ་ལས་ནི་ལོག་པ་དང༌། །སློང་མོའོ་ཟས་ཟ་ལྷ་ཡི་ལས་བརྩོན་པ། །དེ་ཡི་ལུས་ལ་གསང་སྔགས་འཇུག་པར་འགྱུར། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོའི་རྣམ་པ་ཐམས་ཅད་དུ་མི་བསླང་བར་བསྟན་པ་ནི་དོན་བདུན་པ་སྟེ། དེའི་ཕྱིར། འགའ་ཡིས་བུད་མེད་གོས་དང་ནོར་རྣམས་དང༌། །བཞོན་པ་རྒྱན་དང་བྱུག་པ་བཟའ་བཏུད་དང༌། །མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན། །དེ་ལས་སྒྲུབ་ལ་གནས་པས་མི་བསླང་ངོ༌། །ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་སྒྲུབ་པ་པོའི་ཕྱི་རོལ་ཆེ་ཆུང་གི་གཙང་སྦྲ་བསྟན་པ་ནི་དོན་བརྒྱད་པ་སྟེ། དེའི་ཕྱིར། ས་ཕུང་བཤང་སྒོར་ལྔ་སྟེ་མཚན་ལ་གསུམ། །གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན། །ཡང་ན་ས་དང་ཆུ་ཡིས་ཇི་སྲེད་དུ། །དྲི་མ་དྲི་བྲལ་དེ་སྲིད་བར་དུ་བྱ། །ཞེས་གསུངས་སོ། །དེ་བཞིན་དུ་ཚུལ་ཁྲིམས་དང་ལྡན་པའི་སྒྲུབ་པ་པོས་བཟླས་བརྗོད་བྱས་པས་སྡིག་པ་འབྱང་བའི་རྒྱུར་འགྱུར་བ་དང༌། ཐོག་མ་མེད་པའི་དུས་ནས་བསགས་པའི་སྡིག་པ་རྣམས་ཀྱང་བཟླས་བརྗོད་བྱས་པས་འབྱང་བར་འགྱུར་རོ་ཞེས་བསྟན་པ་ནི་དོན་དགུ་པ་སྟེ། དེའི་ཕྱིར། སོས་ཀ་ནགས་མེ་མཆེད་པའི་མེ་ལྕེ་ཡིས། །མ་བསྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེགས་ལྟར། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག །ཇི་ལྟར་གངས་ལ་ཉི་མའི་འོད་ཟེར་གྱིས། །གདུངས་ན་གཟི་བརྗིད་མི་བཟོད་འཇུ་བ་བཞིན། །ཚུལ་ཁྲིམས་ཉི་མའི་འོད་ཟེར་བཟླས་བརྗོད་ཀྱིས། །གདུངས་ན་སྡིག་པའི་གངས་ཀྱང་ཟད་པར་འགྱུར། །མུན་ནག་སྨག་ལ་མར་མེ་ཕྱུང་བ་ཡིས། །མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར། །ཚེ་རབས་སྟོང་ནས་གནས་པའི་སྡིག་པའི་མུན། །བཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཇི་ལྟར་གསུངས་པའི་ཆོ་ག་
བཞིན་དུ། སྔར་བསྙེན་པ་བྱས་ནས་བསྒྲུབས་ཀྱང་གསང་སྔགས་ཀྱི་འབྲས་བུ་མ་ཐོབ་ན། དེའི་ཚེ་སྡིག་པ་མ་ལུས་པ་ཟད་པར་བྱ་བའི་ཕྱིར། མཆོད་རྟེན་འབུམ་གདབ་པར་བསྟན་པ་ནི་དོན་བཅུ་པ་སྟེ། དེའི་ཕྱིར། ཅི་སྟེ་སྦྱིན་སྲེག་དང་ནི་བཟླས་བརྗོད་ཀྱིས། །གསང་སྔགས་བསྒྲུབས་ཀྱང་དངོས་གྲུབ་མ་ཐོབ་ན། །འཇིམ་པ་ལས་ནི་མཆོད་རྟེན་འབུམ་གདབ་པའམ། །ཡང་ན་ཆུ་འགྲམ་བྱེ་མ་དག་ལ་གདབ། །དེས་ནི་དེ་ཡི་སྡིག་པ་སྲིད་གཞན་ལ། །བྱས་པ་དེ་ནི་གང་ཡིན་ཟད་གྱུར་ན། །དེས་ན་གསང་སྔགས་མཐུ་ཡིས་འདི་ཉིད་དུ། །མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ། །ཅེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་སྔར་སྦྱང་གི་ནད་དུ་འདུག་པའི་ས་བོན་གྱི་དཔེ་བསྟན་པས། །གསང་སྔགས་བཟླས་བརྗོད་ལ་སོགས་པའི་ཚོགས་པ་ལ་བརྟེན་ནས་གསང་སྔགས་ཀྱི་འབྲས་བུ་འབྱུང་གི །གསང་སྔགས་ཀྱི་ལྷ་ལ་སོགས་པ་འབའ་ཞིག་ལས་ནི་མ་ཡིན་པས་དེའི་ཕྱིར་དེའི་ཚོགས་བསྟན་པ་ནི་དོན་བཅུ་གཅིག་པ་སྟེ། དེའི་ཕྱིར། གསང་སྔགས་རྩ་བ་དང་པོར་ཚུལ་ཁྲིམས་ཏེ། །དེ་ནས་བརྩོན་འགྲུས་དང་ནི་བཟོད་པ་དང༌། །རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས། །གསང་སྔགས་དང་ནི་ལེ་ལོ་མེད་པའོ། །ཞེས་བྱ་བར་རྒྱ་ཆེར་སྦྱར་རོ། །སྔར་བསྙེན་པ་རྫོགས་ནས། སྔགས་པས་རང་གི་ལྷ་མཉེས་པར་བྱ་བའི་དོན་དུ་སྦྱིན་སྲེག་བྱ་བ་དེ་བསྟན་པ་ནི་དོན་བཅུ་གཉིས་པ་སྟེ། དེའི་ཕྱིར། དང་པོར་བཟླས་བརྗོད་ཕལ་ཆེར་བྱས་ནས་སུ། །དེ་ཡི་འོག་ཏུ་འདིར་ནི་སྦྱིན་སྲེག་བྱ། །སྦྱིན་སྲེག་གིས་ནི་གསང་སྔགས་མཆོག་མྱུར་སྩོལ། །ཡིད་དུ་འོང་བའི་འདོད་པའང་སྦྱིན་པར་མཛད། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་གང་གིས་མིའི་ཆུང་མ་བཀུག་པ་དང༌། གནོད་སྦྱིན་གྱི་བུ་མོ་གསང་སྔགས་ཀྱི་དབང་གིས་བཀུག་སྟེ། འདོད་པར་ལོངས་སྤྱོད་པ་དེ་ལ། །ཕ་རོལ་གྱི་བུད་མེད་ལོངས་སྤྱད་པའི་ཕྱིར་འདོད་པས་ལོག་པར་གཡེམ་པ་ལ་སོགས་པ་བྱས་པའི་ཉེས་པ་གང་ཡིན་པ་དེ་ཡོངས་སུ་སྤང་བ་ནི་དོན་བཅུ་གསུམ་པ་སྟེ། དེའི་ཕྱིར། གང་གིས་དཔག་ཚད་བརྒྱ་ཡི་ཕ་རོལ་ནས། །གསང་སྔགས་མཐུ་ཡིས་བུད་མེད་བཀུག་
ཀྱང་དེ། བུད་མེད་མ་ཡིན་གནོད་སྦྱིན་བུ་མོ་སྟེ། །དེ་གཟུགས་ཆ་བྱད་ཀྱིས་ནི་སྔགས་པ་བསྟེན། །འདོད་པའི་དོན་ཕྱིར་བསྒྲུབ་པ་གང་ཡིན་དེ། །གྲུབ་ནའང་གནོད་སྦྱིན་བུ་མོ་སྦྱིན་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ནས། གཞན་གྱི་ཆུང་མར་ཡིད་ལ་བསམས་ནས་སུ། །འདོད་པ་སྟེན་པར་བྱེད་པ་གང་ཡིན་དེ། །མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང་མ་ལ། །འདོད་པ་སྤྱད་པས་སྡིག་པ་མང་དུ་ཐོབ། །ཅེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་པའི་གསང་སྔགས་ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པས་ཇི་ལྟར་ཁོང་དུ་ཆུད་པ་བཞིན་དུ་སྨྲས་པ་དེ་ཡང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པའི་ཕྱིར། དེ་རྣམས་ཀྱི་དངོས་གྲུབ་རབ་དང་འབྲིང་དང༌། ཐ་མའི་མཚན་ཉིད་ཇི་ལྟ་བ་བཞིན་བསྟན་པ་དེ་ནི་དོན་བཅུ་བཞི་པ་སྟེ། དེའི་ཕྱིར། རྒྱལ་བ་ལ་དད་གཞན་ལ་ཕན་བརྩོན་པའི། །ལྷ་དང་ལྷ་མིན་གནོད་སྦྱིན་དྲི་ཟ་དང༌། །གྲུབ་པར་བཅས་པས་སྔགས་བཤད་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་ནས། དེ་དག་འབྲས་བུའང་རབ་དང་འབྲིང་དང་ནི། །ཐ་མར་དབྱེ་བས་རྣམ་པ་གསུམ་དུ་བསྟན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྦྱར་རོ། །དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིག་སྔགས་དང༌། གསང་སྔགས་ཀྱི་རྒྱུད་དང་ཆོ་ག་ཞི་བ་མོར་དུག་གི་ལས་ཀྱི་དབྱེ་བ་བཤད་པའི་མིང་བསྡུས་ནས་བསྟན་པ་ནི་དོན་བཅོ་ལྔ་པ་སྟེ། དེའི་ཕྱིར། བྱ་བ་དང་ཁུ་ཚུར་ཐལ་ལྕག་སྐྲ་དྲང་དང༌། །རྣ་བར་བཟླས་དད་དབབ་དང་བསྐྲད་པ་དང༌། །ཞེས་བྱ་བ་ལ་སོགས་པ་ནས། དུང་གི་སྒྲས་ནི་བསླང་བར་བྱ་བ་སྟེ། །རྣམ་པ་འདི་དག་དུག་གི་ལས་སུ་བཤད། །ཅེས་བྱ་བའི་བར་དུ་རྒྱས་པར་གསུངས་སོ། །དེ་བཞིན་དུ་སྦྲུལ་གྱི་རིགས་ཀྱི་བྱེ་བྲག་བསྟན་པ་ནི་དོན་བཅུ་དྲུག་པ་སྟེ། དེའི་ཕྱིར། ས་ཡི་སྟེང་ན་སྦྲུལ་ནི་བརྒྱད་ཅུ་དག །གཞན་ལ་གནོད་པར་བྱེད་ཅིང་རྣམ་པར་འཁྱམ། །དེ་དག་རྣམས་ལས་ཉི་ཤུ་གདེངས་ཀ་ཅན། །འཁྱིལ་པ་དྲུག་དང་དུག་མེད་བཅུ་གཉིས་དང༌། །དེ་བཞིན་སྦྲུལ་ནི་ཁྲོ་བོ་བཅུ་གསུམ་
སྟེ། སུམ་ཅུ་གང་ཡིན་དེ་ནི་རིགས་སུ་གཏོགས། །སྦལ་པ་གོ་དྷ་སྡིག་པ་ཁ་བརྒྱད་དང༌། །རྣམ་པར་དབྱེ་ན་རབ་ཏུ་མང་པོ་ཡོད། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་མི་ལ་སོགས་པའི་ལུས་ལ་སྦྲུལ་དེ་དག་དུག་གཏོང་བའི་སྦྱོར་བ་བསྟན་པ་ནི་དོན་བཅུ་བདུན་པ་སྟེ། དེའི་ཕྱིར། གཅིན་རྟུག་ཁ་ཆུ་རེག་དང་མཐོང་བ་དང༌། །མཆེ་བ་བཙུགས་པ་ལས་ནི་དུག་ཀྱང་གཏོང༌། །དེ་ལས་དུག་གི་རྒྱུ་ལ་མཁས་པ་ཡིས། །རབ་འབྲིང་ཐ་མ་གསུམ་དུ་རྣམ་པར་དབྱེ། །ཞེས་བྱ་བ་གསུངས་སོ། །དེ་དག་ལས་མི་ལ་སོགས་པ་ལ་ཟ་བར་བྱེད་པའི་རྒྱུ་བསྟན་པ་ནི་དོན་བཅོ་བརྒྱད་པ་སྟེ། དེའི་ཕྱིར། དུག་མོད་ཁྲོ་བོའི་དབང་གྱུར་སྐྲག་པ་དང༌། །དེ་བཞིན་དང་ངས་པའམ་བཀྲེས་པའི་ཁ་ཟས་ཕྱིར། །ཤ་ཁོན་ཡོད་པའམ་གཤིན་རྗེས་བ་སྒོ་བའམ། །ལུས་ལ་བརྫིས་ནས་དེ་དག་ཟ་བར་བྱེད། །ཅེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་མི་ལ་སོགས་པ་ལ་སྦྲུལ་དེ་དག་གིས་ཇི་ལྟར་མཆེ་བས་བཏབ་ནས་དུག་གཏོང་བར་བྱེད་པ་དང་དེ་དག་གིས་མཆེ་བས་བཏབ་པའི་མཚན་ཉིད་བསྟན་པ་ནི་དོན་བཅུ་དགུ་པ་སྟེ། དེའི་ཕྱིར། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། །མཆེ་བས་ཟིན་དང་སོས་བཅད་བཏབ་པའོ། །གང་དུ་མཆེ་བ་གཅིག་གིས་ཁྲག་ཕྱུང་རྗེས། །དེ་ནི་དུག་ཆུང་བས་ནི་ཟིན་པར་བཤད། །གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ། །ཁྲག་དག་ཕྱུང་བར་གྱུར་པ་ཟོས་པའོ། །གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་པ། དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན། །གང་དུ་མཆེ་བ་བཞི་ཡིས་བཏབ་ནས་སུ། །སྦྲུལ་གྱི་ལུས་ནི་བཟློག་པར་གྱུར་པ་དེ། །བཏབ་ནས་ཟོས་པ་ཡིན་ཞེས་བཤད་པ་སྟེ། །དེ་ནི་སྨན་རྣམས་ཀྱིས་ཀྱང་བཟློག་པར་དཀའ། །ཞེས་བྱ་བ་གསུངས་སོ། །དེ་ལ་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ལས་རྣམ་པ་གཉིས་ཀྱིས་དུག་གསོ་བར་བསྟན་པ་ལས། དེ་གཉིས་ལས་ཀྱང་སྔགས་ཀྱིས་གསོ་བ་གཙོར་བསྟན་པ་ནི་དོན་ཉི་ཤུ་པ་སྟེ། དེའི་ཕྱིར། མེ་ཡི་རང་བཞིན་གནད་དུ་འཕན་པའི་དུག །མཚོན་དང་མེ་དང་འདྲ་ཞིང་མཚུངས་པ་དག །ཇི་ལྟར་སྔགས་ཀྱིས་རབ་ཏུ་ཞི་འགྱུར་བ། །དེ་བཞིན་སྨན་གྱིས་ཞི་བར་མི་ནུས་སོ། །ཞེས་
བྱ་བ་ལ་སོགས་པ་ནས། དུག་གི་མཐུ་སྟོབས་ཤེས་ནས་རབ་བསྒྲིམས་ཏེ། །གསང་སྔགས་ཆོ་ག་བཞིན་དུ་བཟླས་སྒྲུབ་ན། །སྦྱོར་བ་འདིས་ནི་དུག་ཀྱང་འཕྲོག་པར་བྱེད། །བ་ལང་ཁྱུ་ན་སེང་གེ་ཇི་ལྟ་བར། །དུག་ཅན་སྦྲུལ་དང་དོན་མེད་ལྷན་ཅིག་རྩེ། །ཞེས་བྱ་བའི་བར་དུ་གསུངས་སོ། །དེ་བཞིན་དུ་གདོན་གྱིས་ཟིན་པས་གསོ་བའི་དབང་དུ་བྱས་ནས། །གདོན་རྣམས་ཀྱི་དབྱེ་བ་བསྟན་པ་ནི་དོན་ཉི་ཤུ་གཅིག་པ་སྟེ་དེའི་ཕྱིར། ལྷ་དང་ལྷ་མིན་གནོད་སྦྱིན་གྲུབ་པ་དང༌། །དྲི་ཟ་འབྱུང་པོ་མཚུན་དང་གསང་བ་དང༌། །ཡི་དགས་ཤ་ཟ་དག་དང་ལུས་སྲུལ་པོ། །སྨྱོ་བྱེད་མདངས་འཕྲོག་པ་དང་གྲིབ་གནོན་དག །ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ། །མི་ཤ་ཚིལ་ཡང་ཟ་ཞིང་ཁྲག་ཀྱང་འཐུང༌། །ཞེས་བྱ་བ་གསུངས་སོ། །མི་ལ་སོགས་པ་དེ་དག་གི་གླགས་སྐབས་བསྟན་པ་ནི་དོན་ཉི་ཤུ་གཉིས་པ་སྟེ། དེའི་ཕྱིར། མྱ་ངན་འདོད་གདུངས་ཁྲོ་བས་ཉམ་ཐག་པའི། །གླགས་སྐབས་རྙེད་ནས་ལུས་ལ་འཇུག་པར་བྱེད། །ཅེས་བྱ་བ་གསུངས་སོ། །གདོན་གྱིས་ཟིན་པ་རྣམས་ཀྱི་སྤྱོད་པ་བསྟན་པ་ནི་དོན་ཉི་ཤུ་གསུམ་པ་སྟེ། དེའི་ཕྱིར། དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཅིང༌། །གླུ་ལེན་གར་བྱེད་དགོད་དང་ཁྲོ་བ་དང༌། །དགའ་ཞིང་རྔམ་པ་ཆེ་ལ་སྨྲ་འདོད་དང༌། །སྤྱོད་པ་སྣ་ཚོགས་བྱེད་པའི་ལྷ་རྣམས་དང༌། །ལྷ་མིན་ལྟར་འཆོས་སྐྱེ་བོ་བཞད་གད་བྱེད། །ཅེས་བྱ་བ་གསུངས་སོ། །མི་ལ་སོགས་པ་རྣམ་པ་གསུམ་གྱི་ཕྱིར་འཛིན་པར་བསྟན་པ་ནི་དོན་ཉི་ཤུ་བཞི་པ་སྟེ། དེའི་ཕྱིར། གཏོར་མ་འདོད་པའམ་རྩེད་མོ་བྱེད་འདོད་པས། །གསད་པའི་དོན་དུ་ལུས་ལ་འབེབས་ཤིང་འཇུག །ཅེས་བྱ་བ་གསུངས་སོ། །གདོན་གྱིས་ཟིན་པ་རྣམས་ཐར་བར་བྱ་བའི་ཐབས་སུ་གྱུར་པ་གསང་སྔགས་རྣམས་དང༌། དེའི་ལས་བྱེད་པ་རྣམས་ཀྱི་མིང་བསྟན་པ་ནི་དོན་ཉི་ཤུ་ལྔ་པ་སྟེ། དེའི་ཕྱིར། གསང་བ་པ་རྣམས་གཞིག་ཕྱིར་རིགས་ཀྱི་མཆོག །མཐུ་ཆེན་མཆོག་སྦྱིན་རྡོ་རྗེ་ལྕགས་ཀྱུའམ། །གཞན་ཡང་ང་ཡི་རིགས་ལས་བྱུང་རིག་པའམ། །ཁྲོ་བོ་བདུད་རྩི་ཐབ་སྦྱོར་ལ་སོགས་པས་སོ། །ཞེས་བྱ་བ་ལ་སོགས་པ་ནས། འབྱུང་པོའི་རིག་
སྔགས་འདིར་ནི་ཀུན་མཐོང་དང༌། །གདོན་གྱི་སྤྱོད་པ་མ་ལུས་ཤེས་ནས་སུ། །ཕྱི་ནས་གདོན་རྣམས་དོགས་མེད་འདུལ་ན་ནི། །གདོན་གྱིས་མི་འཇིགས་སླར་ཡང་ཚུགས་པ་མེད། །ཅེས་བྱ་བ་གསུངས་སོ། །དེ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། རང་སངས་རྒྱས་དང༌། ཉན་ཐོས་ལ་མངོན་པར་དད་པ་རྣམས་ཀྱིས་གསང་སྔགས་བཤད་པ་གང་ཡིན་པ་དེ་དག་ལ། འཇིག་རྟེན་པའི་ལྷས་སྨྲས་པའི་གསང་སྔགས་རྣམས་ཀྱི་མཐུས་མི་ཐུབ་པར་བསྟན་པ་ནི་དོན་ཉི་ཤུ་དྲུག་པ་སྟེ། དེའི་ཕྱིར། རིག་གསུམ་འཕེལ་དང་སྲིད་གསུམ་མཐར་ཕྱིན་པའི། །ཞེས་བྱ་བ་ལ་སོགས་པ་ནས། འཇིག་རྟེན་ལྷ་ཚོགས་རྣམས་ཀྱིས་བསྔགས་པ་ཡི། །གསང་སྔགས་མཐུ་ཡིས་དེ་ལ་བསྐྱོད་དུ་མེད། །ཅེས་བྱ་བའི་བར་དུ་གསུངས་སོ། །གསང་སྔགས་ཀྱི་མདོ་སྡེ་འདི་བཤད་པ་རྫོགས་པར་བསྟན་པ་ནི་དོན་ཉི་ཤུ་བདུན་པ་སྟེ། དེའི་ཕྱིར། རྡོ་རྗེ་འཆང་གི་གསུངས་ཐོས་ལྷ་རྣམས་དང༌། །ཚངས་པ་ལྷ་མིན་གནོད་སྦྱིན་གྲུབ་པ་དང༌། རིག་འཛིན་ཀླུ་དང་གནོད་སྦྱིན་དྲི་ཟ་དང༌། །གསང་བ་པ་དང་མཚུན་དང་འབྱུང་པོ་རྣམས། །དད་པས་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། །གུས་པས་ཐལ་མོ་སྦྱོར་ནས་ཚིག་གསོལ་པ། །ཞེས་བྱ་བ་ལ་སོགས་པ་ནས། གཞལ་མེད་ཁང་དུ་མངོན་དུ་ཞུགས་ནས་ཀྱང༌། །ཇི་ལྟར་འོངས་པ་ནམ་མཁའི་ལམ་ནས་དོང༌། །ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །དེ་བཞིན་དུ་ལྷ་རྣམས་དང་ནས། ཕྱག་ན་རྡོ་རྗེས་ཡང༌། དཔུང་བཟངས་ལ་བསྟན་པ་ནི་དོན་ཉི་ཤུ་བརྒྱད་པ་སྟེ། དེའི་ཕྱིར། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས། །ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་སློབ་དཔོན་སངས་རྒྱས་གསང་བས་མཛད་པ་རྫོགས་སོ།།