Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་དང་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ། 
   
   
   
   
   
   
   
   
   
   
   


 
previousབསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ། next

བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ།


DTG110_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དྷྲམྨ་ཥྚ་དྷྱཱ་ནོད་བྱ་བ་སྠཱ་ན་བྲྀཏྟི། བོད་སྐད་དུ། །བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བསམ་གཏན་དག་ལ་གུས་བཏུད་དེ། །ཆོས་དྲུག་པ་ཡི་འགྲེལ་པ་བྱ། །དེ་ལ་བསམ་གཏན་ཆོས་དྲུག་ནི། །སྡོམ་དང་རྒྱས་པར་བཤད་པའོ། །དེ་ལ་སྡོམ་ནི། སེར་སྐྱ་མོ་དང་ཆུ་སྐྱར་སྦྲུལ། །ཞེས་པ་ནས། འདི་དྲུག་ང་ཡི་སློབ་དཔོན་ཡིན། །ཞེས་པའི་བར་དུའོ། །ད་ནི་རྒྱས་པར་བཤད་པ་ནི། དེ་ཡང་དཔེ་དྲུག་གིས་སྟོན་པ་ལས། དང་པོར་རེ་བ་སྤང་བར་སྟོན་པ་ནི། རེ་བ་སྟོབས་ལྡན་ཉོན་མོངས་ཏེ། །ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སེར་སྐྱ་མོ་ཞེས་བྱ་བ་ནི་བུད་མེད་སྨད་འཚོང་མ་ཞིག་སྐྱེས་པ་དང་དུས་བཏབ་


DTG110_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། མཚན་གྱི་སྟོད་ནི་སྐྱེས་པ་འོང་དུ་རེ་བ་ལས་ཡིད་སྡུག་བསྔལ་བར་གྱུར་ལ། མཚན་གྱི་སྨད་ནི་སྐྱེས་པ་མི་འོང་བར་རེ་ཐག་ཆོད་པས་སེམས་བདེ་བར་གཉིད་ཀྱིས་ལོག་པ་དེ་བཞིན་དུ། འདོད་པའི་ལོངས་སྤྱོད་སྔར་མ་ཐོབ་པའི་ཡུལ་རྣམས་ཐོབ་པར་རེ་བའི་སྐྱེས་བུ་སྟོབས་དང་ལྡན་པ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་ན། སྟོབས་ཆུང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་འདོད་པའི་ཡོན་ཏན་མ་ཐོབ་པ་ལ་རེ་བ་མི་བྱེད་པ་ནི་བདེ་བའི་མཆོག་ཡིན་ཏེ། དེ་ལ་སྡུག་བསྔལ་གྱིས་གདུང་བར་མི་བྱེད་དོ། །ད་ནི་ཟང་ཟིང་སྤང་བར་བྱ་བ་སྟོན་པ་ནི། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཆུ་སྐྱར་ཞིག་གིས་ཉ་ཅིག་བཟུང་བ་དང༌། ཇི་སྲིད་ཉ་དེ་མ་བོར་གྱི་བར་དུ་ཆུ་སྐྱར་གཞན་གྱིས་བསྙགས་ཏེ་རྩོད་པར་གྱུར་ནས། ཉ་དེ་བོར་མ་ཐག་རྩོད་པ་མེད་དེ་བདེ་བར་གནས་པར་འགྱུར་བ་དེ་བཞིན་དུ། ཟང་ཟིང་གི་ལོངས་སྤྱོད་ཅི་ཙམ་ཡོད་པ་དེ་ཙམ་དུ་འཐབ་ཅིང་རྩོད་པའི་སྡུག་བསྔལ་བར་འགྱུར་ལ། ཟང་ཟིང་གི་ལོངས་སྤྱོད་ཀུན་སྤངས་ཏེ་མེད་པ་ལ་ནི་སྡུག་བསྔལ་གྱི་གདུང་བ་མེད་ཅིང་བདེ་བ་ཐོབ་པ་ཡིན་ནོ། །ད་ནི་ཁྱིམ་སྤང་བར་བྱ་བ་སྟོན་ཏེ། ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་སྦྲུལ་ཞིག་རང་གི་ཚང་ན་གནས་པ་ལས། སྦྲུལ་གྱི་ཕྲུ་གུ་མང་པོས་གཙེས་པས་མ་བཟོད་དེ། ཚང་དེ་ནས་བྱུང་ནས་ཕུག་གཞན་ཞིག་ཏུ་ཞུགས་པས་བདེ་བ་ཐོབ་པར་གྱུར་པ་དེ་བཞིན་དུ། ཁྱིམ་གྱི་གནས་ན་སོ་ནམ་ལ་སོགས་པའི་ཁང་ལས་ནི་ཤིན་ཏུ་ཡང་དཀའ་ཞིང་སྡུག་བསྔལ་ཏེ། སྐད་ཅིག་ཙམ་གྱི་བདེ་བ་ཡང་མེད་ལ། ནམ་ཞིག་ཁྱིམ་སྤངས་པར་གྱུར་པ་ན་སྡུག་བསྔལ་བ་མེད་དེ་བདེ་བར་གྱུར་པ་ཡིན་ནོ། །སྤང་བར་བྱ་བ་གསུམ་བཤད་ཟིན་ཏོ། །ད་ནི་དང་དུ་བླང་བ་གསུམ་ལས་དགོན་པར་གནས་པ་དང་དུ་བླང་བ་སྟོན་ཏེ། རྔོན་པ་ནགས་སུ་སོང་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྔོན་པ་ཞིག་དུས་རྟག་ཏུ་ནགས་སུ་རྒྱུ་ཞིང་རི་དགས་ཚོལ་དུ་སོང་བ་ན། ཁྱིམ་གྱི་ལས་སྡུག་བསྔལ་བར་རིག་ཅིང་དགོན་པའི་གནས་བདེ་བའི་ཡོན་ཏན་མཐོང་ནས་གསོད་པའི་ལས་སྤངས་ཏེ། དགོན་པའི་གནས་དེ་ཉིད་དུ་གནས་ནས་


DTG110_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་གྱུར་པ་དེ་བཞིན་དུ། གང་ཞིག་ཁྱིམ་སྤངས་ཏེ་ལམ་བཙལ་བའི་ཕྱིར་དགོན་པར་གནས་ནས་ལུས་དང་སེམས་མཆོག་ཏུ་ལས་སུ་རུང་བར་གྱུར་པ་ཡིན་ནོ། །ད་ནི་དམིགས་པ་ཡུན་རིང་དུ་གནས་པར་བྱ་བ་དང་དུ་བླང་བ་སྟོན་ཏེ། འདིར་རྒྱལ་པོའི་ཡན་ལག་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་མདའ་མཁན་ཞིག་མདའ་བྱ་བའི་ཕྱིར་སྨྱུག་མ་བསྲང་བ་ལ་སེམས་གཏད་པ་ན། རྒྱལ་པོ་ཆེན་པོ་ཞིག་གིས་འཁོར་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་ཆུང་གི་ཚོགས་བཞིས་བསྐོར་ཏེ་མང་པོ་འགྲོ་བའི་བུན་ལོང་དེས་མ་མཐོང་མ་ཐོས་པ་དེ་བཞིན་དུ་དགོན་པའི་གནས་དབེན་པར་ཞི་གནས་ཀྱི་སེམས་རྩེ་གཅིག་པ་ལ་རྒྱུན་དུ་བློ་གཏད་པ་རྣམས་ལ་ཡུལ་རྣམས་ཀྱིས་སེམས་མི་འཕྲོགས་པར་གྱུར་པ་ཡིན་ནོ། །ད་ནི་གཅིག་པུ་འདུག་པ་དང་དུ་བླང་བ་སྟོན་ཏེ། མང་པོ་རྟག་ཏུ་འཐབ་གྱུར་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་བུད་མེད་གཞོན་ནུ་མ་གཅིག་ཙནྡན་བརྡར་བ་ན་ལག་པའི་གདུ་བུ་མང་པོ་འཁྲུལ་བ་མ་བདེ་ནས་རིམ་གྱིས་ཕྱུང་སྟེ་གདུ་བུ་གཉིས་ཤིག་གཞག་པ་ལས་དེ་ཡང་འཐབ་ནས་མ་བདེ་སྟེ། གཅིག་གཞག་པ་ལ་བདེ་བར་འགྱུར་བ་བཞིན་དུ་དགོན་པའི་གནས་དེར་ཡང་གྲོགས་པོ་མང་པོ་དང་རྩོད་པར་འགྱུར་ཞིང་གཉིས་ཀྱང་ཉོན་མོངས་པའི་ཡུལ་དུ་གྱུར་པས། གཅིག་པུ་འདུག་པ་བསྔགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ །དེ་ལྟར་དང་དུ་བླང་བ་གསུམ་ཡང་བཤད་ཟིན་ཏོ། །དེ་ལྟར་སྡོམ་དང་རྒྱས་པར་བསྟན་ནས། ད་ནི་བསྡུ་བའི་སྒོ་ནས་བསྟན་ཏེ། ཚིག་རྐང་གཅིག་གིས་ནི་སྤང་བར་བྱ་བ་སྟོན་ཏེ། དེ་ཡང་གང་ཞེ་ན། རེ་བ་ཟང་ཟིང་ཁྱིམ་སྤངས་དང༌། །ཞེས་བྱ་བ་སྨོས་ཏེ། ཡིད་ལ་རེ་བ་སྤང་བ་དང༌། ཟང་ཟིང་གི་དངོས་པོ་སྤང་བ་དང༌། ཁྱིམ་ལ་ཆགས་པ་སྤང་བའོ། །ཚིག་རྐང་གཉིས་ཀྱིས་ནི་དང་དུ་བླང་བ་བསྡུས་ཏེ་སྟོན་ཏེ། གང་ཞེ་ན། དེ་བཞིན་གཞན་ཡང་ནགས་གནས་དང༌། དམིགས་པ་བརྟན་དང་གཅིག་པ་ཉིད། །ཅེས་སྨོས་ཏེ། གནས་དང་དུ་བླང་བ་དང༌། དམིགས་པ་ལ་སེམས་རྩེ་གཅིག་ཏུ་བྱ་བ་དང་དུ་བླང་བ་དང༌། བདག་ཉིད་གཅིག་པུར་འདུག་པ་དང་དུ་བླང་བའོ། །ད་ནི་སློབ་དཔོན་ཨ་བདྷཱུ་ཏཱི་པ་ཉིད་ཀྱིས་རང་བཟོར་བྱས་པ་མ་


DTG110_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པ་ནི་ཚིག་རྐང་གཅིག་གིས་སྟོན་ཏེ། གང་ཞེ་ན། བདག་གི་བླ་མ་ལས་འདི་རྙེད། །ཅེས་སྨོས་སོ། །བདག་གི་ཞེས་བྱ་བས་ནི་ཨ་བ་དྷཱུ་ཏཱི་པས་སོ། །བླ་མ་ལས་ཞེས་བྱ་བ་ནི་སངས་རྒྱས་ཞི་བ་ལས་སོ། །འདི་རྙེད་ཅེས་བྱ་བ་ནི་བསམ་གཏན་གྱི་ཆོས་དྲུག་པོ་འདིའོ། །དངོས་སུ་ན་བདག་ཉིད་ཀྱིས་སློབ་དཔོན་སངས་རྒྱས་ཞི་བ་ལས་བསམ་གཏན་གྱི་ཆོས་དྲུག་པོ་འདི་རྙེད་ཅེས་བྱ་བའི་ཐ་ཚིག་གོ །ཆོས་དྲུག་འགྲེལ་པ་གསལ་བྱས་པས། །སེམས་ཅན་དུག་གསུམ་གྱིས་གདུངས་པ། །ཏིང་འཛིན་བདུད་རྩི་འཐུངས་གྱུར་ནས། །ཐམས་ཅད་མཁྱེན་པ་མྱུར་ཐོབ་ཤོག །བསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ་སློབ་དཔོན་དཱ་ན་ཤཱི་ལས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨྨ་ཤྲཱི་བྷ་དྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


previousབསམ་གཏན་གྱི་ཆོས་དྲུག་རྣམ་པར་གཞག་པའི་འགྲེལ་པ། next