བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ།
རྒྱ་གར་སྐད་དུ། བྷ་ག་བཱན་བཛྲ་པཱ་ཎི་སྟོ་ཏྲ། བོད་སྐད་དུ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཧཱུཾ་བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མཆོག་འབར་བའི་འོད་ཟེར་ཅན། །གདུག་པ་མ་ལུས་འདུལ་མཛད་ཅིང༌། །སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །གསུང་མཆོག་འབར་བའི་འོད་ཟེར་ཅན། །ངག་གི་ཉེས་པ་འཇོམས་མཛད་པ། །སྔགས་རྣམས་གསུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །ཐུགས་མཆོག་འབར་བའི་འོད་ཟེར་ཅན། །རྣམ་རྟོག་མ་ལུས་འཇོམས་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ནི། །སྐུ་མདོག་སྔོན་པོ་འོད་ཟེར་
འབར། །རྡོ་རྗེའི་སྟོབས་ཀྱིས་འབྱུང་པོ་འདུལ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལས་ཀྱི་གནོད་སྦྱིན་ཆེན་པོ་རྣམས། །འཇིགས་སུ་རུང་བའི་ཆ་བྱད་ཅན། །མ་ལུས་ཐམས་ཅད་འཇིགས་པར་བྱེད། །འཇིགས་བྱེད་ཁྱོད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་བསྟོད་པ་རྫོགས་སོ།།