འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ། ཉིན་མཛད་རྡོ་རྗེ།
― DTG073_Page_0492 ―
[མ་དཔེ་གཟིགས་ན་འདིར་གནོན།]
རྒྱ་གར་སྐད་དུ། ཨཱཪྻ་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་སཱ་དྷ་ན་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོ་རྣལ་འབྱོར་པས་ཤིང་གཅིག་ལ་སོགས་པའི་ས་ཕྱོགས་སུ་སྟན་འཇམ་པ་ལ་འདུག་སྟེ། རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ནག་པོ་བསམས་ནས་དེའི་འོད་ཟེར་གྱིས་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཞེས་བྱ་བ་ཚད་མེད་པ་ཚངས་པའི་གནས་བཞི་བསམས་ལ། གཅིག་
― DTG073_Page_0493 ―
[མ་དཔེ་གཟིགས་ན་འདིར་གནོན།]
དང་དུ་མ་དང་བྲལ་བས་སེམས་ཅན་གྱི་ཁམས་མ་ལུས་པ་དང༌། བདག་ཉིད་ཀྱང་སྟོང་པར་བསམས་ལ་ཐོ་རངས་ཀྱི་སྐར་མ་དང་འདྲ་བར་བདག་ཉིད་མི་དམིགས་ཤིང༌། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ྄ཧཾ་ཞེས་བྱ་བས་ནི་བརྟན་པར་བྱའོ། །དེ་ནས་ཡི་གེ་བཾ་ལས་བྱུང་བའི་པདྨ་ནག་པོའི་ལྟེ་བར་ཡི་གེ་ཧཱུཾ་ལས་བྱུང་བའི་པདྨ་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཁ་དོག་ནག་པོ་དང་རིང་བའི་སྤྲིན་སྒྲའི་ཡི་གེ་ཧཱུཾ་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་བསམ་ཞིང་དེའི་འོད་ཟེར་གྱིས་ནམ་མཁའ་ལ་ཁྲོ་བོའི་རིགས་ཀུན་བཀུག་ལ་དེ་ཉིད་གཞུག་སྟེ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྐུ་མདོག་ནག་པོ་སྤྲིན་ལྟ་བུ། ཞལ་གཅིག་པ། ཕྱག་གཉིས་པ། སྤྱན་གསུམ་དམར་བ། མཆེ་བ་གཙིགས་པ། ཞལ་ཁྲོ་གཉེར་ཅན། དབུ་སྐྲ་གྱེན་དུ་བརྫེས་པ། རལ་བའི་ཅོད་པན་གྱི་དབུས་ན་མི་བསྐྱོད་པ་སྐུ་མདོག་སྔོན་པོས་བརྒྱན་པ། གཡོན་བརྐྱང་བས་གནས་པ། ཕྱག་གཡས་པས་རྡོ་རྗེ་ཕྱར་ཏེ་གནས་པ། ཕྱག་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་གདུག་པ་གནོན་པའི་སྡིགས་མཛུབ་འཆང་བ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་དང་ལྡན་པ། གོས་སྔོན་པོའི་ག་ཤ་དང༌། ཤམ་ཐབས་བསྣམས་པ། རིགས་ཀྱི་ཀླུ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཉིས་ལ་འཇོག་པོ་དང་རིགས་ལྡན་དམར་པོ། ཞབས་གཉིས་ལ་མཐའ་ཡས་དང་ནོར་རྒྱས་ཀྱི་བུ་ནག་པོ། སྙན་གཉིས་ལ་པདྨ་དང་པདྨ་ཆེན་པོ་སེར་པོ། སྐ་རགས་སུ་བཅིངས་པ་ནི་དུང་སྐྱོང་དཀར་པོ། རལ་པ་གཅིག་པའི་སྲད་བུ་ནི་ཧུ་ལུནྟ་ལྗང་གུ་འཛིན་པ། བདུད་ཐམས་ཅད་དང༌། དབང་ཕྱུག་ཆེན་པོ་དང༌། ཁྱབ་འཇུག་ལ་སོགས་པ་མུ་སྟེགས་པའི་ལྷའི་གཞུང་དང་གཟུགས་འཇོམས་པར་མཛད་པར་བསམས་ལ། དེ་དང་འདྲ་བའི་གོས་སྔོན་པོ་ཅན་མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བཞུགས་པར་བསམས་ལ་རང་གི་སྙིང་གནས་སྤྲོས་པའི་མཆོད་པའི་ལྷ་མོའི་ཚོགས་ཀྱིས་མཆོད་ལ། ཛཿཧཱུཾ་བཾ་ཧོཿ་ཞེས་པའི་སྔགས་ཀྱིས་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱ་བ་དང༌། ཐ་མི་དད་པར་བྱ་བའོ། །དེ་ནས་ལྕེ་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དེ་ཉིད་ཀྱིས་མཚན་པར་བསམས་ལ་ཡེ་ཤེས་སེམས་དཔའི་ཐུགས་
― DTG073_Page_0494 ―
[མ་དཔེ་གཟིགས་ན་འདིར་གནོན།]
ཀ་ན་ཡང་རྡོ་རྗེ་རྩེ་ལྔ་པ་ཧཱུཾ་གིས་མཚན་པ་བསམས་ཏེ། མིག་ལ་སོགས་པའི་དབང་པོ་དྲུག་ལ་ཡང་ཡི་གེ་ཧཱུཾ་དྲུག་ཡོངས་སུ་གྱུར་པ་ལས་དེ་དང་འདྲ་བའི་གོས་སྔོན་པོ་ཅན་དྲུག་བཀོད་དེ། ཡི་གེ་གསུམ་གྱིས་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། རུ་དྲཱ་ཀྵའི་ཕྲེང་བ་ལ་བཟླ་བར་བྱའོ། །ཨོཾ་ནཱི་ལཱཾ་བར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། སྙིང་པོའི་སྔགས་འདི་ཡི་གེ་བཅུ་གསུམ་པའོ། །ཨོཾ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་ཡི་གེ་བདུན་པའོ། །དེ་དག་ལ་ཡང་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླས་ན་དྲག་པོའི་ལས་འགྲུབ་པར་འགྱུར་རོ། །དེ་ནས་གསད་པའི་ལས་ནི་དུར་ཁྲོད་དུ་ཕྱིན་ལ། མེ་ཐབ་གྲུ་གསུམ་བཅས་ལ་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང༌། དུར་ཁྲོད་ཀྱི་ཐལ་བ་དང༌། སྐེ་ཚེ་དང༌། དྷ་དུ་ར་དང༌། ཁྲག་དང༌། དུག་ལ་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། བཅད་ཅིང་བསྲེགས་ན་ཞག་བདུན་ན་འཆི་བར་འགྱུར་རོ། །ཧཱུཾ་དང་ཕཊ་སྤངས་པའི་སྦྱོར་བ་དེ་ཉིད་ཀྱིས་མངར་གསུམ་སྭཱ་ཧཱའི་མཐའ་ཅན་གྱིས་བསྲེགས་ན་ཞི་བར་འགྱུར་རོ། །རྒྱས་པ་ལ་ནི་ཨོཾ་གྱི་མཐའ་ཅན་གྱིས་སོ། །དབང་ལ་ཧོཿའི་མཐའ་ཅན་གྱིས་སོ། །དགུག་པ་ལ་ནི་ཛཿའི་མཐའ་ཅན་གྱིས་སོ། །བདུད་རྩི་ལྔས་ནི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཅེས་པའམ། སྙིང་པོའམ་ཉེ་བའི་སྙིང་པོས་གཏོར་མ་གཏང་བར་བྱའོ། །གཏོར་མ་གཏང་བའི་རྫས་ནི་བཟའ་བ་དང༌། བཅའ་བ་དང༌། བཏུང་བ་དང༌། བཞིབ་པ་དང༌། བལྡག་པ་དང༌། མྱོས་པ་དང་ལྡན་པ་སྦྱིན་པར་བྱའོ། །ལྡང་བའི་དུས་སུ་ཡེ་ཤེས་སེམས་དཔའ་ཀྲྀ་ཏོ་ཨཱཿམུཿ་ཞེས་བྱ་བས་གཤགས་སུ་གསོལ་བ་དང༌། སྤྱོད་ལམ་བཞི་དེའི་དང་གིས་གནས་པར་བྱའོ། །ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེ། །སྒྲུབ་ཐབས་གསལ་བ་འདི་བྱས་པས། །བསོད་ནམས་གང་ཞིག་བསགས་པ་དེས། །སྒྲུབ་པའི་ལས་ཀུན་བྱེད་པར་ཤོག །འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས། ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པའི་མཁས་པ་ཆེན་པོ་ཉིན་མཛད་རྡོ་རྗེའི་ཞལ་སྔ་ནས་མཛད་པའི་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་ཀུ་མ་ར་ཀླ་ཤུའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་པའོ།། །།
|