Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་དོན་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ།  རྡོ་རྗེ་གོ་ཆ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ། རྡོ་རྗེ་གོ་ཆ།next

རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ།
རྡོ་རྗེ་གོ་ཆ།


DTG073_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་སྣཱ་ཏ་བི་དྷི་བྲྀ་ཏྟི། བོད་སྐད་དུ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ། །དཔལ་རྡོ་རྗེ་འཛིན་པ་ལ་ཕྱག ། འཚལ་ལོ། །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དག་དང་རྒྱལ་པོའི་བློན་པོ་དང༌། རྗེའུ་རིགས་དག་དང་དམངས་རིགས་དག་དང༌། དགེ་སྦྱོང་དང་བྲམ་ཟེ་གང་དག་སྲིད་པའི་རྒྱ་མཚོ་ལས་མ་བརྒལ་བ་དག་ལ། ནད་དང་གནོད་པ་དང༌། བྱད་ལ་སོགས་པ་གཞན་གྱི། གནོད་པས་སྡུག་བསྔལ་བར་གྱུར་པ་དེ་དག་ལ། དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གས་གྲོལ་བར་འགྱུར་ཏེ། དེའི་ཕྱིར་དེ་དག་རྣམ་པར་དབྱེ་བའི་རིམ་པ་བརྩམ་པར་བྱའོ། །མདོ་སྡེ་འདིའི་དོན་གྱི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་མིང་གི་སྒོ་ནས་ངེས་པར་བསྟན་ཏེ། ཇི་ལྟར་ཞེ་ན། རྡོ་རྗེ་ཞེས་པ་ནི་འཕགས་པ་རྣམས་ཀྱི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དགས་ཏེ། ཡེ་ཤེས་དེ་ནི་བསོད་ནམས་དང་ཡེ་ཤེས་ཚད་མེད་པ་རྣམས་ཀྱི་ཚོགས་ཅན། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང་ལྡན་པས། དེའི་ཕྱིར་ལག་ན་རྡོ་རྗེ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་རླབས་ནས་ཞེས་བྱ་བས། འབྱུང་བ་ཆེན་པོ་བཞི་ལས་གྲུབ་པ་ལྟ་བུ་ནི་མ་ཡིན་གྱི་ཡེ་ཤེས་ཀྱི་ལུས་ཅན་དུ་བསྟན་པའོ། །དེའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཞེས་པ་ཡང་ཡེ་ཤེས་དེས་ཆོས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པས་རྩེ་གཅིག་ཏུ་མཉམ་པར་གཞག་པའི་གནས་སྐབས་ལ་བྱ་བར་མངོན་ནོ། །ཅིའི་ཕྱིར་ཡེ་ཤེས་འདི་ལས་རྡོ་རྗེ་བྱ་ཞེ་ན། ཕྱི་རོལ་གྱི་རྡོ་རྗེ་རིན་པོ་ཆེ་དང་ཆོས་མཐུན་པ་རྣམ་པ་བདུན་ཡོད་པའི་ཕྱིར་དཔེའི་སྒོ་ནས་ཉེ་བར་མཚོན་པ་ཡིན་ཏེ། །དེ་དག་ཀྱང་འདི་ལྟ་སྟེ། མི་ཆོད་པ། མི་ཤིགས་


DTG073_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

པ། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བ་རྣམས་ཏེ། དེ་ནི་ཡེ་ཤེས་དེ་ཉིད་ཀྱིས་རང་གི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་བསྟན་ཏོ། །དེ་གཞན་གྱི་དོན་བསྟན་པ་ནི། །ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའི་སྣ་ཚོགས་ནས་སེམས་ཅན་གྱི་དོན་མཛད་པ་སྟེ། ཁམས་གསུམ་པ་འཇིགས་ཚོགས་ལ་ལྟ་བ། ཕྱིན་ཅི་ལོག་གི་ལྟ་བ་ཅན། ཕྱི་དང་ནང་ནས་བགེགས་དང་ལོག་འདྲེན་རྣམ་པར་ལྡང་བའི་རྒྱུ། །ལས་ཀྱི་བག་ལ་ཉལ་བ་དང༌། ཀུན་ནས་ལྡང་བ་དང་བཅས་པ་དེ་དག་འདུལ་བར་བྱ་བའི་ཕྱིར་སེམས་ཅན་ཐམས་ཅད་དུ་སྐྲག། པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ཞེས་བྱ་བ་ནས། སེམས་ཅན་ཐམས་ཅད་བསྲུང་བ་ཞེས་བྱ་བ་དང༌། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པ་ཞེས་བྱ་བའི་བར་དུ་ཆོ་གའི་དོན་རྣམ་པ་བཅོ་ལྔས་བསྟན་ཏེ། དེ་དག་རྣམ་པ་བཞིའི་སྒོ་ནས་གཞན་གྱི་དོན་མཛད་པ་བསྟན་ཏེ། ཞི་དང་རྒྱས་དང་དྲག་སྤྱོད་དང༌། །དབང་སོགས་ལས་རྣམ་བཞི་བོ་དག །ཐབས་ཀྱིས་འདུལ་བའི་དོན་མཛད་པ། །ཅི་རིགས་པར་ནི་སྦྱར་བར་བྱའོ། །དེ་ལྟར་དེ་དག་གི་ཡེ་ཤེས་ཀྱི་རྡོ་རྗེ་དེས་འདུལ་བར་མཛད། །སེལ་བར་མཛད་འཇོམས་པར་མཛད་བའི་ཕྱིར། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱའོ། །དེ་ནས་གསང་སྔགས་ཀྱི་ཚིག་གང་དག་གསུངས་པ་དེ་དག་ཀྱང་ཡེ་ཤེས་ཀྱི་རྒྱུ་ལས་བྱུང་བའི་ཕྱིར། །ཐོགས་པ་མེད་པའི་རྡོ་རྗེའི་ཚིག་ཏུ་རིག་པར་བྱའོ། །དེ་ནས་དེ་དག་གི་ཆོ་ག་བཤད་པར་བྱ་སྟེ། ཆོ་གར་བྱ་བ་ཐམས་ཅད་ལ། །གཙོར་སློབ་དཔོན་ལ་རྟེན་པར་བྱ་བ་ཡིན་པས་དེའི་ཕྱིར་སློན་དཔོན་སློབ་མ་གཉིས་སྟ་གོན་ལ་གནས་པའི་ཆོ་ག་བཤད་ཅིང་བསྟན་པར་བྱ་བ་ནི། །དེས་ནི་རབ་ཁྲུས་གཙང་མ་ཡིན། །མདོ་སྡེ་དམ་པར་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང༌། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ལ། ཤིན་ཏུ་ཁྲུས་བྱ་བ་དང༌། གོས་གཙང་མ་བགོ་བ་ནི་ཕྱིའི་གཙང་སྦྲའོ། །སྒོ་གསུམ་ནས་སྡིག་པ་མི་བྱེད་པ་ནི་ཡིད་དགེ་བའོ། །བྱང་ཆུབ་ཏུ་སྨོན་པ་ནི་སེམས་དང་བ་སྟེ། དེ་དག་ནི་ཕྱི་ནང་གི་གཙང་སྦྲའོ། །མདོ་སྡེ་དམ་པ་མཉམ་པར་བྱ། །ཞེས་པའི་དོན་ནོ།


DTG073_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་དེ་རྣམས་ཡེ་ཤེས་ལས་བྱུང་བར་རིག་པར་བྱའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པ་ཡང་ཡེ་ཤེས་ཀྱི་རང་བཞིན་དུ་རྟོགས་པ་ཉིད་དོ། །དེ་ནས་སློབ་དཔོན་གྱི་ཆོ་གར་བྱ་བ་ནི་མདོ་སྡེ་འདི་ཉིད་ལས་དབང་བསྐུར་བའི་བུམ་པ་ཡན་ལག་བསྟན་པ་ཙམ་དུ་ཟད་དེ། དཀྱིལ་འཁོར་ལ་སོགས་པའི་ཆོ་ག་གསུངས་པ་དེ་ཉིད་གསུངས་པ་ལས་མི་མངོན་པར་འགྱུར་བའམ་ཡང་ན་སྤྱི་རྒྱུད་དག་ལས་གསལ་བའི་ཕྱིར་རོ། །དེ་དག་དུ་མ་བསྟན་པ་དེ་གཉིས་ཀ་ལྟར་ན་ཡང་དེ་དག་དང་སྦྱར་བ་ཉིད་དོ། །དེ་ལས་ནི། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པ་དང༌། །ལམ་གྱི་བཞི་མདོ་ཁང་སྟོང་ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ཚད། །ཚོན་རྩི་རྣམས་སྣ་ཚོགས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་བསྲུང༌། །སྒྲོ་བཞིའི་ས་ལ་ཀུ་ཤའི་རྩྭ་རྣམས་དགྲམ། །ཞེས་གསུངས་པ་ལ་རིག་པར་བྱའོ། །དེ་ལྟར་དཀྱིལ་འཁོར་བྱ་བ་ཡང་སློབ་དཔོན་གྱིས་ས་དང་པོ་བརྟག་པ་དང་སྦྱོར་བ་ལ་སོགས་པའི་ཆོ་ག་ཚུལ་བཞིན་དུ་བྱ་སྟེ། འཐས་པར་བཅག་སྟེ་བའི་རྣམ་པར་ལྔ་དང་སྤོས་ཆུ་གཙང་མས་བྱུགས་ཏེ་སྟེང་ཡང་བླ་རེ་བྲེ་ཞིང༌། དར་གྱི་ལྔ་ལྡི་དང༌། མེ་ཏོག་གི་ཕྲེང་བ་དང༌། མེ་ལོང་དག་གིས་ཀྱང་བརྒྱན་པར་བྱའོ། །གཞན་ཡང་དབང་བསྐུར་བའི་ཆོ་ག་ལ་བཀྲ་ཤིས་ཀྱི་བུམ་པ་ཚུལ་དང་མཐུན་པའི་ཡོན་ཏན་འགྲུབ་པའི་ཕྱིར་འདི་ཉིད་ལས་དེའི་རྒྱུ་བསྟན་པ་ནི། གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང༌། །ཞེས་བྱ་བས་སྟོན་ཏོ། །དེའི་ནང་དུ་དགང་པ་ནི་ཆུ་ཡིས་ཞེས་པ་སྨོས་ཏེ། ཙནྡན་དང་གུར་གསུམ་ལ་སོགས་པའི་སྤོས་ཆུས་བཀང་སྟེ། དེའི་ལྷན་ཅིག་ལྡན་པའི་རིན་པོ་ཆེ་ནི་ཤེས་དང་རྡོ་རྗེ་ཞེས་པ་ནི་དངོས་སུ་ཟད་ནོར་བུ་ཞེས་བྱ་བ་སྤྱིའི་ཚིག་ཏུ་སྨོས་ཏེ། རྣམ་པར་མ་ཕྱེ་བའི་པདྨ་རཱ་ག་དང༌། ཨིནྡྲ་ནཱི་ལ་ལ་སོགས་པ་ནི་རིན་པོ་ཆེའི་རིགས་སུ་གཏོགས་པ་དང་མུ་ཏིག་དང་སེལ་སྦྲམ་ལ་སོགས་པ་སྟེ། དེ་དག་གས་ཆག་མེད་པ་རྒྱན་གྱི་བྱ་བ་བྱེད་ནུས་པ་སྟེ་རིན་ཆེན་རྨ་མེད་ཅེས་བྱའོ། །གཞན་ཡང་དེའི་ཟླ་ལ་ཡུངས་ཀར་དང༌། རྩྭ་དཱུར་བ་དང༌། མེ་ཏོག་རྣམས་གཞུག་པར་བྱའོ། །ཚུལ་དེ་བཞིན་དུ་སྤྱི་རྒྱུད་ལས་ཀྱང༌། བུམ་པ་པདྨ་དམར་པོའི་མདོག་འདྲ་ཞིང༌། །ནག་པོར་རི་མེད་ཅིང་རིན་ཆེན་བཅས། །


DTG073_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་དག །ཁ་རྒྱན་རས་ཀྱིས་མགུལ་པ་དཀྲི་པར་བྱ། །ཞེས་བསྟན་ཏོ། །དེ་དག་གི་ལྟོ་བར་ཆུ་བྲེ་གང་ཤོང་པ་ལ་སོགས་པ་བསྟན་ཏོ། །མཚན་ཉིད་གཞན་རྒྱུད་དག་ལས་རིག་པར་བྱའོ། །ཡང་གོང་མའི་འབྲུ་དང་སྨན་ཞེས་བྱ་བ་ལ། བྱ་ཀྲི་སེང་ཀྲི་ལ་སོགས་པའི་སྨན་རྣམ་པ་ལྔ་དང༌། ཏིལ་དང་སྲན་མ་ཤ་ཀ་ལ་སོགས་པའི་འབྲུ་སྣ་ཚོགས་རྣམས་རྒྱུད་ལས་གྲངས་པ་བཞིན་ནོ། །མགུལ་ཆིངས་གཙང་མའི་གོས་ཞེས་བྱ་བ་མ་སྤྱད་པ་མ་ཉམས་པའི་རས་དཀར་པོ་ཁ་ཚར་དང་བཅས་པའོ། །དཀྲི་ཞིང་དང་བ་ནི་གོང་དུ་བསྟན་པའི་རྫས་རྣམས་ཀྱི་མདོར་བསྡུས་ཏེ་བསྟན་པའོ། །བུམ་པ་དེ་ལྟར་བྱས་པ་ཡང་རྟོག་པ་གཞན་ཆོ་ག་ལས་འབྱུང་བ་ཇི་བཞིན་དུ་གྲངས་བཞི་འམ་ལྔའམ་མ་གུ་གུལ་གྱི་དུང་པ་ལ་སོགས་པས་བདུག་ལ་དབུས་དང་གྲྭ་བཞིར་གཞག་པའོ། །དེ་ནས་སློབ་དཔོན་བདག་ཉིད་ཀྱི་ཁྲོ་བོར་བསྒྱུར་ནས། ལག་པས་རྡོ་རྗེ་དང་ཡུངས་ཀར་བླངས་ཏེ། བསྐྲད་ཅིང་བསྲུང་བ་དང༌། མཚམས་བཅད་པ་དག་བྱས་ནས། ཐིག་སྐུད་ལག་ཏུ་བླངས་ཏེ། ཕྱོགས་མ་འཁྲུལ་བར་ས་བཅད་དེ། རིམ་པ་གསུམ་པར་ཐིག་གདབ་པར་བྱའོ། །དེ་ནས་རི་མོ་བྲི་སྟེ། དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ལས་ཕྱོགས་གཅིག་མེད་པ་པདྨ་འམ་སེང་གེའི་ཁྲིའི་སྟེང་དུ་གཞག་གོ །དེའི་གྲྭ་བཞིར་འཁོར་རྣམས་ཀྱི་ཕྱག་མཚན་བྱང་ཤར་མཚམས་ནས་བརྩམས་ཏེ། ཁྲོ་བོ་རྡོ་རྗེ་གདེངས་པ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། བེ་ཅོན་རྡོ་རྗེས་མཚན་པ་དང༌། རྡོ་རྗེ་ཐོ་བ་རྣམས་བྲིའོ། །དེ་ནས་རིམ་པ་གཉིས་པར་དབང་ལྡན་ལ་སོགས་པ་ཕྱོགས་སྐྱོང་བཅུ་དང༌། དེའི་བཀྲ་ཤིས་ཀྱི་ལྷ་མོ་བརྒྱད་ཀྱི་ཕྱག་མཚན་ཡང་བྲིའོ། །རིམ་པ་གསུམ་པར་ནི་རིན་པོ་ཆེའི་ཆུན་འཕྱང་དང་མུ་ཏིག་གི་ཕྲེང་བ་དག་དགོད་ཅིང་ཕྱོགས་བཞིར་སྒོ་ཁྱུད་དང་རྟ་བབས་ཀྱིས་མཛེས་པར་བྱའོ། །དེའི་ཕྱིར་རོལ་སྟེགས་བུའི་མཐའ་སྐོར་དུ་རྩྭ་ཀུ་ཤས་བསྐོར་ཅིང༌། མེ་ཏོག་གི་སིལ་མ་དག་ཀྱང་དགྲམ་མོ། །དེ་ནས་ཕྱི་རོལ་དུ་བྱུང་སྟེ། འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར། །བཟའ་བ་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་བྱ་བ་དག་ཁྱེར་ནས། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། །ཞེས་པ་


DTG073_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་བསྟོད་པ་དང་བཅས་པའོ། །བདེན་པ་བདར་བར་བྱས་ནས་ལག་པ་གཉིས་ཀྱིས་ཐལ་མོ་ཁོང་སྟོང་དུ་སྦྱར་བ་ལས་ཁ་ཕྱེ་སྟེ། བཀན་ནས་བསྟན་པའི་ཚུལ་དུ་བྱ་བ་ནི་གཏོར་མ་སྦྱིན་པའི་ཕྱག་རྒྱ་སྟེ། འབྱུང་བོ་དེ་དག་ལ་སོ་སོའི་རིག་སྔགས་དག་བརྗོད་ཅིང་ནམ་མཁའ་མཛོད་ཀྱི་རིག་པས་བྱིན་གྱིས་བརླབས་ཏེ་བསྔོའོ། །དེ་ནས་སླར་ཡང་ལོག་སྟེ་ལྷའི་གནས་སུ་སོང་ལ་ཚོན་གྱི་དཀྱིལ་འཁོར་དེ་དག་མདུན་གྱི་བར་སྣང་ལ་གྱེན་དུ་སྤག་ཅིང་རིན་པོ་ཆེའི་གཞལ་ཡས་ཁང་གདན་སེང་གེ་དང་པདྨར་བཅས་པའི་གདན་ཁྲི་བསམས་ནས་དེར་རིག་སྔགས་ཀྱི་ལྷ་འཁོར་དང་བཅས་པ་སྤྱན་དྲང་བ་ནི་ཕོ་བྲང་ལྕང་ལོ་ཅན་གྱི་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྣང་བའི་ཁྱད་པར་ལས་བྱུང་བའི། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་ལྗང་སྔོན་ཞལ་གྱི་སྨིན་མ་ཁྲོ་གཉེར་ཅན་ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། ཕྱག་གཡོན་པ་དཀུར་བརྟེན་ཅིང་འགྱིང་བག་ཅན། སྟོད་གཡོགས་དང་སྨད་གཡོགས་དར་ལྗང་གུའི་ཚིག་གུ་གསོལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འཁོར་ལོ་རིག་སྔགས་ཀྱི་ལྷ་དང༌། ཁྲོ་བོ་ཕྱག་བརྙན་གྲངས་མེད་པའི་ཚོགས་ཅན་བདག་ཉིད་ཀྱི་ཕྱག་རྒྱས་སྤྱན་དྲང་སྟེ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྲིན་ལག་གཉིས་ནང་དུ་བཅུག་ལ་ཕན་ཚུན་བསྣོལ་བའི་རྩེ་མོ་མཛུབ་མོའི་དྲུང་དུ་ཅུང་ཟད་བཀུག་པར་བྱས་ལ། གུང་མོ་གཉིས་གཞིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་ལ། བར་ནས་གང་ཙམ་གྱིས་མ་རེག་པར་བྱས་ནས་མཐེ་བོང་གཉིས་མཐེའུ་ཆུང་གཉིས་གཞིབས་ལ་དེའི་སྔགས་ནི། ཨོཾ་བཛྲ་ཛྭ་ལ་ནཱ་ཡ་སྭཱ་ཧཱམ། ཞེས་བྱའོ། །ཡང་ན་རྡོ་རྗེ་ལྕགས་ཀྱུ་མའི་སྔགས་དང་ཕྱག་རྒྱས་སྤྱན་དྲང་ངོ༌། །དེ་ནས་ཐོག་མར་དམ་ཚིག་གི་སྔགས་དང་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡས་པའི་མཐེའུ་ཆུང་གི་སེན་མོ་མཐེ་བོས་མནན་ལ། ལྷག་མ་རྣམས་རྡོ་རྗེ་རྩེ་གསུམ་པའི་ཚུལ་དུ་བྱས་ཏེ། དེའི་སྔགས་ནི་ཨོཾ་ཤཾ་ཀ་རེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ཡང་དཀྱིལ་འཁོར་ནང་གི་གྲྭ་བཞིར་ཁྲོ་བོ་བཞི་གཞག་སྟེ། བྱང་ཤར་མཚམས་ནས་བཟུང་སྟེ་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་སྐུ་མདོག་སྨུག་ནས། བཞིན་ཁྲོ་གཉེར་ཅན་ཕྱག་གཡས་ན་རྡོ་རྗེ་རྩེ་ལྔ་གདེངས་


DTG073_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་ཐོགས་པར་བསམས་ཏེ། དེའི་ཕྱག་རྒྱ་ནི་ལག་པ་གཡོན་པའི་མཛུབ་མོ་སྙིང་གའི་ཕྱོགས་སུ་གཞག །གཡས་པའི་སོར་མོ་གསུམ་རྡོ་རྗེ་ལྟར་བྱ་སྟེ། དེ་ཉིད་ཀྱི་སྔགས་ཀྱང་འདི་ཉིད་ལས། ཙྪིནྡ་ཙྪིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་སྦྱར་བར་བྱའོ། །དེ་ནས་ཤར་ལྷོ་མཚམས་སུ་རྡོ་རྗེ་ཀཱི་ལཱ་ཡ་ཞེས་བྱ་བ། མདོག་ལྗང་ནག་དཔྲལ་བ་ཁྲོ་གཉེར་ཅན་ཕྱག་གཡས་པ་རྡོ་རྗེ་རྩེ་གཅིག་པ་ཀ་ན་ཡའི་དབྱིབས་འདྲ་བ་ཐོགས་པར་བསམས་ཏེ་དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་ནང་དུ་བཅངས་ཏེ། ཅུང་ཟད་བསྣོལ་བའི་ཚུལ་དུ་བཅུག་སྟེ་མཐེ་བོང་གཉིས་གྱེན་དུ་གཞིབས་ཏེ་བསྒྲེང་ལ། དེའི་སྔགས་ནི། བནྡྷ་བནྡྷ་ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཡང་ལྷོ་ནུབ་མཚམས་སུ་རྡོ་རྗེ་བེ་ཅོན་ཞེས་བྱ་བ་སྐུ་མདོག་མཐིང་ནག་སྨ་ར་སེར་པོ་གྱེན་དུ་འཁྱིལ་བ། གཡས་ན་བེ་ཅོན་གྱི་རྩེ་མོ་རྡོ་རྗེས་མཚན་པ་བསམས་ཏེ་དེའི་ཕྱག་རྒྱ་ནི་ཕྱག་འཚལ་བ་ཐལ་མོ་སྦྱར་བ་ལས་མཐེ་བོང་གཉིས་བསྒྲེང་ཏེ། ཚིགས་བཀུག་ནས་སྲིན་ལག་གི་དྲུང་དུ་གཟུགས་པར་བྱའོ། །དེའི་སྔགས་ནི་ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་སྦྱར་རོ། །དེ་ནས་ནུབ་བྱང་མཚམས་སུ་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་མདོག་ནག་པོ་ཞིན་ཏུ་ཁྲོས་པ་མཆེ་བ་གཙིགས་པ་བསམས་ཏེ། དེའི་ཕྱག་རྒྱ་ནི་ལག་པ་གཉིས་ཁུ་ཚུར་བཅངས་ཏེ་མཐེ་བོང་གཉིས་བསྒྲེང་སྟེ་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ །དེའི་སྔགས་ནི་ཧྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བར་སྦྱར་བར་བྱའོ། །དེ་ནས་དེའི་ཕྱིར་རོལ་གྱི་དཀྱིལ་འཁོར་རིམ་པ་གསུམ་པར་དབང་ལྡན་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཅུ་དང༌། རྣམ་རྒྱལ་ལ་སོགས་པ་བཀྲ་ཤིས་ཀྱི་ལྷ་བརྒྱད་ཀྱི་ཕྱག་མཚན་རྣམས་དགོད་པར་བྱ་བའི་ཕྱིར། དེ་དག་སོ་སོའི་སྔགས་དང་ཕྱག་རྒྱ་བཅིངས་ལ་སྤྱན་དྲངས་ཤིང་རང་རང་གནས་སུ་བཀོད་ནས་གཙོ་བོ་འཁོར་དང་བཅས་པ་རྣམས་ལ་གུས་པ་ཁྱད་པར་ཅན་བྱས་ཏེ། མཆོད་ཡོན་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པ་དང་ཞལ་ཟས་དང་མར་མེའི་མཆོག་རྣམས་རིམ་བཞིན་དུ་དབུལ་ལོ། །དེ་ནས་ཕྱགས་བཅུ་དག་ན་ཇི་ལྟར་སྲིད་པའི་ལྷ་རྫས་དང༌། ཀུན་དུ་བཟང་པོའི་མཆོད་དག་གིས་ཀྱང་མཆོད་ལ། ནམ་མཁའ་མཛོད་ཀྱི་རིག་པས་ཀྱང་བྱིན་གྱིས་བརླབ་སྟེ། འདི་ལྟར་ནམཿ་སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ་སརྦྦ་ཏད་ཁཾ་


DTG073_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཨུངྒ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། དེ་ནས་བསྟོད་པ་གང་ཡང་རུང་བས་བསྟོད། །དེ་ནས་རིག་སྔགས་གདོན་པ་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །ཅེས་བྱ་བས་གྲངས་ངེས་པར་གསུངས་པ་ལ། རྩ་བའི་རིག་སྔགས་དང་མཇུག་ནས་ཡང་སྙིང་གི་སྔགས་རྣམས་དང་གཉིས་བསྐུལ་བ་དང་བཅས་པར་ཟློ་ན་ནི་ལན་གྲངས་ཉི་ཤུ་རྩ་གཅིག་ཟློས་པར་འགྱུར་རོ། །ཡང་ན་དེ་རྣམ་པ་གཉིས་ཀ་ཟློས་པར་མི་ནུས་ན་ནམཿ་ཙཎྜ་བཛྲ་ཞེས་པ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པའི་བར་ནི་རིག་སྔགས་འདིའི་ཡང་སྙིང་སྟེ་བསྐུལ་ཚིག་དང་བཅས་པ་ལན་གྲངས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ལྟར་བཟླས་བརྗོད་ཟིན་ནས་ཡོན་བདག་དང་སློབ་མ་གཉིས་ཀ་ཡང་དཀོན་མཆོག་ལ་སྐྱབས་སུ་འགྲོ་བར་བྱའོ། །དཀྱིལ་འཁོར་དབུས་སུ་ཁྲི་ལྟ་བུ་གཞག་པའི་སར་ཡང་ན་རི་མོ་ཡིད་ཀྱིས་གདེག་པ་དང༌། ཡང་ན་ཕྱག་རྒྱ་ཉི་ཚེ་བྱའོ། །དེ་ནས་དེར་བུམ་པ་རྣམས་ཀྱི་ཆུས་བླུགས་ཤིང་དབང་བསྐུར་ཏེ། ཤུ་ཏི་དང་ཉེ་ཤིང་ལ་སོགས་པས་ཀྱང་བཀྲུ། རོལ་མོ་དང་བཀྲ་ཤིས་ལ་སོགས་པ་ཡང་གདོན་ནོ། །ཁྲུས་ཟིན་ནས་སྒོར་འབྱུང་བའི་དུས་སུ་ཞོ་དང་མར་དང་སྨན་དང་འབྲས་བུ་ལ་སོགས་པ་བཀྲ་ཤིས་ཀྱི་རྫས་རྣམས་ལ་ཆོ་གར་བསྟན་པ་རྣམས་མཐོང་བ་དང་རེག་པ་དག་ནི་བཀག་པ་མེད་དོ། །དེ་ནས་རིག་སྔགས་ཀྱི་རྒྱལ་པོ་འདིའི་ཆོ་གའི་ཕན་ཡོན་འབྱུང་བ་མདོར་བསྡུས་ན་གཉིས་སུ་འདུས་ཏེ། སྡུག་བསྔལ་སེལ་བར་བྱེད་པ་དང་བདེ་བ་སྐྱེད་པར་བྱེད་པའོ། །དེ་ལ་སྡུག་བསྔལ་སེལ་བ་ནི། སེམས་ཅན་དབང་པོ་ཉམས་པ་དང༌། །ཚེ་ཟད་པ་དང་ཚེ་ཉམས་དང༌། །ཞེས་བྱ་བ་ནས། དེ་དག་ཐམས་ཅད་ཞི་བར་བལྟ། །ཞེས་བྱ་བ་དང༌། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །བདེ་བ་སྐྱེད་པར་བྱེད་པ་ནི། རྒྱུད་དོ་ཅོག་གི་རྩ་བ་།དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་བྱ་བ་ནས། ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་བྱ་བ་རྣམས་ཀྱིས་བསྟན་ཏེ། དེ་དག་གིས་ཕན་ཡོན་མདོར་བསྡུས་པ་ཙམ་དུ་ཟད་ཀྱི། གཞན་ཡང་རྒྱལ་པོའི་ཆད་པས་འཇིགས་པ་དང༌། ཆོམ་རྐུན་དང༌། མེ་


DTG073_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཆུ་དང༌། དུག་དང་མཚོན་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་སྒྲོལ་བར་རིག་པར་བྱའོ།། །།རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ་སློབ་དཔོན་རྡོ་རྗེ་གོ་ཆས་མཛད་པ་རྫོགས་སོ།། །།ལས་ཀྱི་མཐའ་བཅོ་བརྒྱད་པའི་མན་ངག་བཞུགས།


previousརྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་ཁྲུས་ཀྱི་ཆོ་གའི་འགྲེལ་པ། རྡོ་རྗེ་གོ་ཆ།next